ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19


འདི་ནི་ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཁྱེད་ཀྱིས་ཧྥི་ལི་ཕིན་གྱི་ཙུང་ཐུང་གི་འགན་བཞེས་རིང་མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀྲུང་གོའི་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བའི་འཐབ་ཇུས་གདམ་ག་གནང་བས། ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་དུ་སླར་ཡང་སླེབས་པ་དང་འབྲེལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འགྲོ་འོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀ་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་འགྲོ་བའི་རྩ་བ་ཁྱིམ་མཚེས་མཛའ་མཐུན་གྱི་མཐའ་སྐོར་ཁོར་ཡུག་དང་མཉམ་ལས་གཉིས་ཕན་གྱི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེན་པོར་ཐུག་ཡོད། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་མཐའ་སྐོར་གྱི་ཕྱི་འབྲེལ་འདུ་ཤེས་ལག་ལེན་བསྟར་ནས་སྔར་ནས་བཟུང་ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་མཚེས་རོགས་ཟླར་མཐའ་འཁྱོངས་བརྩི་ཡི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ནས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་ཡུན་རིང་འཁྱོལ་བར་སྐུལ་འདེད་གཏོང་འདོད་ཡོད། ཁྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་མཉམ་ལས་ལ་མུ་མཐུད་ནུས་པ་གལ་ཆེན་འདོན་གནང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཏུའུ་ཐེར་ཐེས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་ལྷག་པར་དུ་གཏོང་ཕོད་ཆེན་པོས་ཧྥི་ལི་ཕིན་ལ་ཏོག་གསར་རིམས་ནད་འགོག་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཧྥི་ལི་ཕིན་དང་ཀྲུང་གོའི་མཛའ་གྲོགས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ་ཧྥི་ལི་ཕིན་མི་དམངས་མང་ཆེ་བའི་བསམ་འདུན་ཡང་རེད། ངས་མུ་མཐུད་ཧྥི་ལི་ཕིན་དང་ཀྲུང་གོའི་མཛའ་གྲོགས་ལ་སྐུལ་མ་གཏོང་ཆེད་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

    ཝང་དབྱི་མཇལ་འཛོམས་ནང་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1