དབལ་ཤུལ་གསེར་རྟ་ཡུལ་གྱི་གླིང་དང་འབྲེལ་བའི་ཤུལ་བཞག་རིག་གནས།
གསེར་ལྷ་རྩེ་དགོན་གྱི་གེ་སར་ལྡེབས་རིས།
གེ་སར་རྒྱལ་པོ།
གསེར་རྟ་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་ལེ་བར་95མཚམས་ཀྱི་གསེར་སྨད་རྒྱ་ཤོད་གྲོང་སྡེའི་ས་གནས་ཀྱི་ལྷ་རྩེ་དགོན་ནི། དཀན་གཟར་གྱི་རི་བོའི་རྩེ་རུ་ཆགས་ཤིང་། སྤྱིར་བཏང་མིན་པའི་ས་བབ་བཙན་པོ་དང་། དགོན་པའི་ཆགས་སྟངས་སོགས་ཀྱིས་མིའི་སེམས་སུ་ལྐོག་གྱུར་གྱི་མཚར་སྣང་ཞིག་སྟེར་སྲིད། བལྟོས་བཅས་ཀྱིས་བཤད་ན་དགོན་པ་འདི་ལ་ཡུན་རིང་བའི་ལོ་རྒྱུས་ཀྱི་ཕུགས་ཡོད་པར་མ་ཟད། གེ་སར་རིག་དངོས་ཤུལ་བཞག་ཀྱང་ཕུན་སུམ་ཚོགས་པ་ཡོད་པས། གསེར་རྟ་ཡུལ་གྱི་གེ་སར་རིག་གནས་སྲུང་སྐྱོབ་ལྟེ་གནས་ཆེས་གལ་ཆེན་ཞིག་ཏུ་འདྲེན་ཆོག
གསེར་ལྷ་རྩེ་དགོན།
ད་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་དང་འབྲེལ་ཡོད་ཡིག་ཆ་དག་ལ་གཞི་བཅོལ་ན། གསེར་ཁོག་འདི་དང་ལྷག་པར་དུ་གསེར་སྨད་ཡུལ་འདི་རྒྱལ་རོང་མདོ་བཞེར་ནག་པོ་དང་འབྲེལ་བ་ཆེ། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། གསེར་རྟའི་གསེར་ཁོག་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རྒྱལ་པོ་མདོ་བཞེར་ནག་པོའི་ཁོངས་སུ་གཏོགས་ཤིང་། སྐབས་དེར། གསེར་སྟོད་ལ་རྒྱལ་མོ་རོང་སྟོད་ཅེས་འབོད་དེ། བཻ་རོ་ཙ་ནས་མཛད་པའི་གསེར་མགོན་པོ་འབྲོང་རིའི་གསོལ་མཆོད་དུ། “བོད་ཁམས་གནས་ཆེན་གནས་ཕྲན་གྲངས་མང་ཡང༔ དེ་ཡི་ནང་ནས་རྒྱལ་མོ་རོང་སྟོད་ཀྱི༔ གཏེར་གནས་འབྲོང་རི་སྨུག་པོའི་བཀོད་བྱང་ནི༔”ཞེས་པ་ལྟར། གསེར་སྟོད་ལ་རྒྱལ་མོ་རོང་སྟོད་ཅེས་ངོས་བཟུང་འདུག །རྗེས་སུ་དབལ་ཤུལ་དཔོན་རབས་ཀྱིས་གསེར་ཁོག་དང་། ཉི་ཁོག །ཟླ་ཁོག །བྱ་ཁོག །རྡོ་ཁོག་སོགས་གསེར་རྟའི་ཉེ་འཁོར་ཡོངས་ལ་དབང་བསྒྱུར་བའི་དབལ་ཤུལ་གསེར་རྟ་ཞེས་པའི་ཚོ་པ་ཤོག་པ་གྲུབ་པའི་སྐབས་སུའང་། གསེར་སྨད་ཀྱི་ཡུལ་འདི་ད་དུང་རྒྱལ་རོང་དང་འབྲེལ་བ་ཡོད་དེ། མན་ཆིང་གོང་མ་ཁྲི་རབས་བཅུ་པ་ཞོན་ཐོང་ཁྲི་ལོ་གསུམ་པ་རབ་བྱུང་བཅོ་ལྔའི་ལྕགས་ཕག(སྤྱི་ལོ1911)ལོར། མཐའ་འཚམས་དོན་གཅོད་བློན་ཆེན་ཀྲའོ་ཨུར་ཧྥུང(赵尔丰)གིས་མདོ་ཁམས་ཁུལ་དུ་ས་སྤྲོད་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བའི་སྲིད་ཇུས་(改土归流)སྤེལ་སྐབས། གསེར་སྨད་ཀྱི་གསེར་པའི་ས་ཁུལ་ནི་རྒྱལ་རོང་ཁོངས་སུ་གཏོགས་ཞེས་འཁོད་འདུག
སྐུ་བླ་ལྗངས་རི།
གསེར་སྨད་ལྷ་རྩེ་དགོན་ནི། གསེར་རྟ་ཡུལ་གྱི་དགོན་པ་ཆེ་ཆུང་ཡོད་ཚད་ལས་ལོ་རྒྱུས་རིང་ཤོས་ཀྱི་གྲས་ཡིན་ཞིང་། རྒྱལ་རོང་མདོ་བཞེར་གྱི་གདུང་རྒྱུད་དང་འབྲེལ་བ་ཆེས་ཟབ་ཤོས་ཤིག་ཀྱང་ཡིན། དགོན་པ་འདིའི་སྤྲུལ་སྐུ་རིག་ཆོས་ལགས་ཀྱིས་གསུངས་དོན། “ལྷ་རྩེ་དགོན་ལ་ལོ་བཞི་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད། ཐོག་མར་ཕྱག་འདེབས་མཁན་ནི་གསེར་པ་ཡེ་ཤེས་སེང་གེ་ཡིན། ཁོང་ཉིད་རབ་བྱུང་བཅུ་གཅིག་པའི་ནང་དུ་འཁྲུངས་པར་སྙམ། རྒྱུ་མཚན་ནི《གཏེར་སྟོན་བརྒྱ་རྩའི》ནང་རབ་བྱུང་བཅུ་གཅིག་པའི་ལོར་འཁྲུངས་པའི་རོང་སྟོན་པདྨ་བདེ་ཆེན་གླིང་པའི་རྣམ་ཐར་དུ། གསེར་པ་ཡེ་ཤེས་སེང་གེ་ཁོང་གི་བླ་མ་ཡིན་ཞེས་འཁོད་ཡོད། དེས་ན་དགོན་པ་འདི་བཞེངས་ནས་ལོ་ངོ་བཞི་བརྒྱ་ཙམ་འགོར་ཟིན”ཟེར། གསེར་པ་ཡེ་ཤེས་སེང་གེ་ནི་རྒྱལ་རོང་མདོ་བཞེར་ནག་པོའི་གདུང་རྒྱུད་དངོས་ཏེ། རྒྱལ་ནག་གདུང་རིགས(རྒྱལ་རོང་མདོ་བཞེར་ནག་པོའི་རྒྱལ་རྒྱུད)ཀྱི་རྒྱལ་རབས་བརྒྱད་པ་ཚངས་དབང་ཡང་བཞེར་ནོར་བུའི་འོད་འཕྲེང་དང་ཟུར་ཡུམ་རྒྱ་ཟ་ཤོང་ཧན་གཉིས་ཀྱི་སྲས་ནམ་མཁའི་ནོར་བུ་གསེར་གོ་ལི་ཐང་དུ་བྱོན་ནས། ལྷ་མཁར་སེང་མགོ་མའམ་སེང་མཁར་ལྷ་རྩེ་ཞེས་པ་བཞེངས་ནས་གཞིས་ཆགས་པས། ལྷ་རྩེ་ཞེས་པའི་མིང་ཡང་དེ་ནས་ཐོགས། དེའི་གདུང་རབས་ཉེར་དགུ་པ་གསེར་པ་ཡེ་ཤེས་སེང་གེ་སྟེ། 《ལྷ་རྩེ་སྐྱབས་མགོན་གྱི་གསུངས་འབུམ》ལས། 1627ལོར་རབ་བྱུང་བཅུ་གཅིག་པའི་ཚེས་གཅིག་ཉི་ཤར་དུ། གདུང་རབས་ཉེར་དགུ་པ་ལྷ་བཅས་འཇིག་རྟེན་གསུམ་གྱི་འདྲེན་པ་རྗེ་ཡེ་ཤེས་སེང་གེ་མཚན་དཔེའི་པདྨོར་བཞད་ཅེས་འཁོད་འདུག །
གསེར་པ་ཡེ་ཤེས་སེང་གེ་ནི་སྙན་པའི་གྲགས་པ་རྒྱས་པའི་མཁས་པ་ཆེན་པོ་ཡིན་ཞིང་། ཆོས་རྗེ་དཔལ་ཡུལ་བ་ཆེན་མོའི་རང་སློབ་གུར་དཀར་མོ་ཆོན་བཞིའི་ཡ་གྱལ་དུ་གྲགས། སྔོན་ཆད་ལྷ་རྩེ་དགོན་གྱི་གྲུབ་མཐའ་བོན་དུ་གཏོགས་ཏེ། ལྷ་རྩེ་ཁོག་གམ་ས་གནས་འདི་རུ་བོན་ཆོས་ལ་དད་པ་བྱེད་མཁན་ཡོད་མོད། རྗེས་སུ་གསེར་པ་ཡེ་ཤེས་སེང་གེས་ལྷ་རྩེ་དགོན་དངོས་སུ་ཕྱག་བཏབ་པ་ནས་བཟུང་དགོན་པ་འདི་སྔ་འགྱུར་རྙིང་མའི་གྲུབ་མཐའ་རུ་བསྒྱུར་བར་གྲགས།
གཉན་ཆེན་སྐུ་ལྷ།
གེ་སར་ལྷ་ཁང་།
དགོན་པ་འདིའི་ནང་ན་གེ་སར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་གེ་སར་གྱི་ལྡེབས་རིས་རིན་ཐང་ཅན་ཞིག་ཡོད་པ་གོ་ཐོས་བྱུང་བར་བརྟེན། ཁོ་བོ་ཆེད་དུ་ཐེངས་གཉིས་ལ་མཇལ་དུ་སོང་ནས་རྒྱུས་ལོན་བྱས་པ་ཡིན། གེ་སར་ལྷ་ཁང་དེའི་མཐོ་ཚད་ལ་སྨི་གསུམ་ལས་མེད་པའི་ལྷ་ཁང་ཆུང་ངུ་ཞིག་ཡིན་ཞིང་། ནང་ན་ལྡེབས་རིས་ལས་གཞན་པའི་སྐུ་བརྙན་དང་ཐང་གའི་རིགས་མེད། ལྷ་ཁང་ནང་དུ་བདག་དམ་བྱས་པའང་ཤིན་ཏུ་ཞན། འོན་ཀྱང་ཁང་པའི་ནང་ངོས་ཀྱི་ལྡེབས་རིས་དེ་དག་གཟི་འོད་ལམ་ལམ་དུ་འབར་ཞིང་། སྒྱུ་རྩལ་དང་ཚོན་ཁ་སྡེབ་སྟངས་སོགས་ཕུལ་དུ་བྱུང་། ལྷ་ཁང་འདི་དུས་ནམ་ཞིག་ལ་བཞེངས་པའི་བྱེ་བྲག་གི་དུས་ཚོད་སུ་ལ་གསལ་ཆ་མི་འདུག་པ་མ་ཟད། འབྲེལ་ཡོད་ཀྱི་ཡིག་ཆ་སོགས་ཀྱི་ནང་དུའང་མི་གསལ་མོད། ས་གནས་རང་གི་རྒན་པ་དག་གི་ངག་ཏུ་བརྒྱུད་པའི་བཤད་སྒྲོས་གཞིར་བཟུང་ན། “རྫོང་གཏེར་ཀུན་བཟང་ཉི་མས་(གསེར་ཐར་གེ་སར་ཟློས་གར་གྱི་ཤིང་རྟ་བ་སྤྲུལ་སྐུ་ཐེག་ལོའི་ཕ་ཡབ)ལྕགས་ཀོང་ཚང་ལ་ལུང་བསྟན་ཏེ། ལྷ་རྩེ་དགོན་པར་བཅའ་བ་རིམ་འགྲོའི་ཚུལ་དུ། ལྷ་རྩེ་དགོན་གྱི་ལྷོ་ཕྱོགས་སུ་གེ་སར་གྱི་ལྷ་ཁང་གཅིག་དང་། ཉག་ཁོག་སྟོད་དུ་གེ་སར་ལྷ་ཁང་གཅིག་བཞེངས་ན། བསྟན་པ་དང་སེམས་ཅན་ལ་ཕན་ཐོག་ཅེས་བསྐུལ་བར་བརྟེན། དགོན་པའི་ནང་གི་ལྷོ་ཕྱོགས་ཀྱི་གེ་སར་ལྷ་ཁང་འདི་དང་། ཉག་ཁོག་གི་གེ་སར་ལྷ་ཁང་གཉིས་བཞེངས་པར་གྲགས། དགོན་པའི་ནང་གི་གེ་སར་ལྷ་ཁང་འདི“རིག་གསར”གྱི་དུས་འགྱུར་ནས་དེང་གི་བར་བརྡབ་གསིག་ཅིའང་མ་ཕོག་པར་རང་སོར་གནས་ཐུབ་པར་བྱུང་བས། ཐུན་མིན་གྱི་ལོ་རྒྱུས་རིན་ཐང་ཆེན་པོ་ལྡན་པ་བཤད་མ་དགོས། ལྷ་ཁང་ནང་གི་ལྡེབས་རིས་དག་ནི་གེ་སར་རྒྱལ་པོ་དང་ཤཱཀྱ་མུ་ནེ། པདྨ་འབྱུང་གནས། ཕྱག་ན་རྡོ་རྗེ་སོགས་གཙོ་ལྷ་སྐོར་ཞིག་དང་། གཞན་གསར་རྙིང་གཏེར་རྒྱུད་ཀྱི་ལྷ་དང་ཆོས་སྐྱོང་མང་པོ་གཙོ་འཁོར་དུ་བྲིས་འདུག
གསེར་ལྷ་རྩེ་དགོན་གྱི་གེ་སར་ལྷ་ཁང་།
གཅིག །ལྷ་བཟོ་དང་བྲིས་རྒྱུན།
རྒྱུས་ལོན་བྱས་པ་ལྟར་ན། ལྡེབས་རིས་འདི་འབྲི་མཁན་གྱི་ལྷ་བཟོའི་མིང་ལ་ཀུན་ལོའམ་རྡོ་ཀུན་ཀྱང་ཟེར། ད་སྐབས་སྐུ་བཞུགས་པའི་སྤྲུལ་སྐུ་ཉམས་མེད་ཀྱི་ཕ་ཡབ་ཡིན། བྲིས་རྒྱུན་ནི་གཙང་རོང་ཕྱོགས་ཀྱི་སྤུ་ལྷ་བཟོའི་བྲིས་རྒྱུན(ལྷ་ཚུགས)ཨེ་ཡིན་བསམ། དེའི་རྒྱུ་མཚན་ནི་ལྷ་རྩེ་དགོན་དང་གཙང་རོང་བར་འབྲེལ་འདྲིས་ཆེ། བྲིས་ནས་ལོ་ངོ་བརྒྱ་ཡས་མས་འགོར་ཟིན་པ་འདྲ་ཟེར། དེས་ན་ལྡེབས་རིས་འདི་དག་བོད་ཀྱི་རི་མོའམ་ཐང་གའི་ལུགས་གང་དུ་གཏོགས་སམ་ཞེ་ན། ཉེ་ལམ་གྲོགས་པོ་ཞིག་བརྒྱུད་ནས་བོད་ཀྱི་རི་མོ་བ་དང་ཐང་ག་ཞིབ་འཇུག་པ་དཀོན་མཆོག་བསྟན་འཛིན་ལ་བཀའ་འདྲི་ཞུས་པར། སྨན་ལུགས་ལས་སྨན་གསར་གྱི་ལུགས་རེད་ཅེས་གསུངས།
གཉིས། གེ་སར་ལྡེབས་རིས།
གེ་སར་རྒྱལ་པོའི་ལྡེབས་རིས་ནི་ལྷ་ཁང་གི་སྒོ་ནང་དུ་འཛུལ་ན་ལག་པ་གཡོན་ཕྱོགས་ཀྱི་གྱང་ངོས་ན་ཡོད། སྐུ་ལུས་ལ་ཁྲབ་རྨོག་གྱོན་ཞིང་། ཁྲབ་ནི་རྒྱུན་ཁྲབ་བམ་བྱང་ཁྲབ(扎甲)དང་། དབུ་ལ་འདབ་རྨོག(铆接盔)གསོལ་འདུག །རྨོག་གི་སྟེང་ན་དར་འཕྲུ་ཆུང་ཆུང་གཉིས་ལས་མི་འདུག །རྒན་ཞི་ཆུང་ལགས་ལ་བཀའ་འདྲི་ཞུས་པས། ཁྲབ་ཀྱི་བྱང་བུ་དང་། ཁྲབ་ཀྱི་ཁ་དོག །རྨོག་གི་འདབ་རར་ཁྲབ་བྱང་ལྡན་པ་སོགས་ལ་བལྟས་ན། བསེ་ཁྲབ(皮质铠甲)དང་བསེ་རྨོག་ཅེས་པ་དེ་ཡིན་ངེས་གསུངས། དེ་མིན་མདུང་དང་། དགྲ་སྟ། རལ་གྲི། མདའ་གཞུ་སག་ཐག །ཞགས་པ། འུར་རྡོ། ཕུབ་སོགས་དགྲ་བླའི་གོ་མཚོན་སྣ་དགུ་ཆ་ཚང་འཛོམས། ཕྱག་གཡོན་ན་མདུང་དར་དང་ཕྱག་གཡས་ཀྱིས་ལྕགས་ཚན་ནམ་མཁར་འཕྱར་འདུག ཁོང་གི་ཆ་ལུགས་ནི་ད་སྐབས་ཀྱི་གེ་སར་སྒྲུང་ཐང་དང་མི་འདྲ་བར། བོད་ཀྱི་ཁྲབ་རྨོག་འཁོར་གསུམ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ཅིང་། ཁྲབ་ཀྱི་འོག་ཏུ་སྟག་ཤམ་མནབ་ཅིང་། རྒྱབ་ལ་ཕུབ་ཁུར། བྲང་ངོས་ཀྱི་མེ་ལོང་(副胸镜)དཀར་པོ་ཡིན་ཞིང་བྲང་གི་གཡས་གཡོན་ན་དགའ་འཁྱིལ་དོད་པའི་མེ་ལོང་འདྲ་བ་གཉིས་འདུག །རྨོག་དཀར་པོ་དང་དར་འཕྲུ་གཉིས་ཅན། རྨོག་གི་འདབས་ར་ལ་ཁྲབ་བྱང་ལྡན་པ། རྨོག་གི་མདུན་དུ་ནོར་བུ་མེ་འབར་དང་སྦྲུལ་དཀྲིས་དཀར་པོ་བཅས་ལྡན། གེ་སར་གྱིས་འོག་ཏུ་བཅིབས་པའི་རྟ་ནི་གེ་སར་སྒྲུང་ཡིག་ཏུ་འཁོད་པའི་རྐྱང་རྒོད་འཕེར་པོའི་སྤུ་མདོག་སྟེ། རྟ་རྐྱང་དཀར་མ་ཡིན་རྐྱང་དམར་ཡིན། །མདངས་པདྨ་རཱ་གའི་སྤུ་མདོག་ལྡན། །ཞེས་དང་། འདོ་བ་རྟ་འདིའི་ཡོན་ཏན་ལ། །སྔོན་པོ་གཡུ་ཡི་རྔ་རྔོག་ལ། །སེར་པོ་གསེར་གྱི་སྤུ་རིས་ཅན་ཞེས་པ་ལྟར། རྟ་རྐྱང་དམར་རྔ་རྔོག་སྔོན་པོ། གསེར་ཀྱི་སྒ་ཆས་བཅས་པ། མི་རྟ་གཉིས་ཁྲོ་བོའི་ཚུལ་དུ་འཇིགས་ཟིལ་དང་ལྡན་པ་ཞིག་རེད། གེ་སར་ལྡེབས་རིས་འདི་ལ་དེ་འདྲའི་ལོ་རྒྱུས་རིང་བ་ཞིག་མེད་མོད། རྒན་སྨན་ཤུལ་རིན་ཆེན་རྡོ་རྗེས། གེ་སར་ཐང་རྙིང་གི་ཁྱད་ཆོས་འཛོམས་པར་མ་ཟད། སྐད་གྲགས་ཆེ་བའི་འཇོ་མདའ་ཝ་ར་དགོན་གྱི་གེ་སར་ལྡེབས་རིས་དང་འདྲ་ས་འདུག་ཅེས་གསུངས།
འཁོར་ཁང་ངོས་ཀྱི་གེ་སར།
གེ་སར་གྱི་གཙོ་འཁོར་ནི་མ་གཟའ་དམ་གསུམ་གཙོས་རྙིང་མའི་ཆོས་སྐྱོང་དང་སྲུང་མ་གཙོ་བོ་དག་གིས་བསྐོར་ཡོད་པར་མ་ཟད། ད་དུང་གེ་སར་གྱི་སྐུའི་གཡས་ཕྱོགས་ན་མི་སེར་རྟ་སེར་ཅན། སྐུ་ལ་བེར་གྱོན་ཞིང་། ཕྱག་གཡས་ན་རྟ་ལྕག་དང་གཡོན་ན་ཤེལ་དཀར་གྱི་ཕྲེང་ཆུང་ཐོགས་པ་དེར“གཉན་ཆེན་སྐུ་ལྷ”ཞེས་ཁ་བྱང་བཀོད་ཡོད། གཡོན་ཕྱོགས་ན་མི་དཀར་རྟ་དཀར། སྐུ་ལ་ཁྲབ་སྔོན་པོ་དང་། ཕྱག་གཡས་ན་ཁ་ཊཾ་ཀ་རྩེ་གསུམ་དང་། ཕྱག་གཡོན་ན་རྒྱལ་མཚན་ཐོགས་པ་དེར། སྐུ་བླ་ལྗངས་རི་ཞེས་ཁ་བྱང་བཀོད་འདུག །གེ་སར་སྐུ་བརྙན་གྱི་གཤམ་དུ། རིག་འཛིན་ཆེན་པོ་འཛམ་གླིང་རྒྱན(རྒྱལ)མཆོག་རྩལ། ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ(འཕྲུལ)འཁོར་ཀྱིས། སྲིད་པའི་དགྲ་དཔུང་འཇོམས་པའི་མཐུ་བོ་ཆེ། སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང་། མ་ལུས་འཁོར་དང་བཅས་པ་རྟེན་ལ་བཞུགས། ཞེས་བཀོད་འདུག
གསུམ། འཁོར་ཁང་ནང་གི་གེ་སར།
ལྷ་རྩེ་དགོན་པས་བཅོས་བསྒྱུར་སྒོ་འབྱེད་སྐབས་བཞེངས་པའི་འཁོར་ཁང་གི་གྱང་ངོས་ཀྱི་ལྡེབས་རིས་སྟེང་ན། གེ་སར་གྱི་སྐུ་བརྙན་གཞན་པ་ཞིག་བྲིས་འདུག །གེ་སར་སྐུ་བརྙན་གྱི་ཁྲབ་རྨོག་དམར་པོ་ཡིན་ཞིང་། ཁྲབ་ཀྱི་བྱང་མིག་གོང་དང་མི་འདྲ་མོད། རྨོག་གི་འདབ་ར་ལ་ཁྲབ་བྱང་དང་རྨོག་གི་སྦྲུལ་དཀྲིས་དཀར་པོ་སོགས་འདྲ་མཚུངས་སུ་ངེས། རྐྱང་རྒོད་ཀྱི་སྤུ་མདོག་ནི་རྐྱང་དཀར་ཡིན། སྐུའི་མཐའ་འཁོར་དུ་དགྲ་བླ་བཅུ་གསུམ་གྱིས་བསྐོར་འདུག བྲིས་རྒྱུན་ནི་སྨན་ལུགས་སུ་གཏོགས། འབྲི་མཁན་ནི་གཙང་རོང་གི་ལྷ་རིས་པ་སྐོར་ཞིག་ཡིན་ཟེར།
འཁོར་ཁང་ངོས་ཀྱི་གེ་སར།
བཞི། གེ་སར་རྡོ་རྗེ་ཚེ་རྒྱལ།
ལྷ་རྩེ་དགོན་གྱི་ཆོས་ཁང་གི་ལྡེབས་ངོས་ན་གེ་སར་གྱི་ལྡེབས་རིས་ཤིག་འདུག་པ་དེ། དེ་ལ་ཚང་མས“གེ་སར་རྡོ་རྗེ་ཚེ་རྒྱལ”ཟེར། རྒྱུས་ལོན་བྱས་པ་ལྟར་ན། གེ་སར་རྡོ་རྗེ་ཚེ་རྒྱལ་ཟེར་བ་ནི་འཇུ་མི་ཕམ་གྱིས་དག་སྣང་ངོར་གེ་སར་རྒྱལ་པོ་ཆོས་སྐྱོང་ངམ་སྲུང་མར་བཀུར་སྐབས་ཆེད་དུ་གསོལ་བའི་མཚན་ཞིག་རེད། དེའི་དབུ་ལ་སོག་པོའི་ལུགས་ཀྱི་ཕྱིང་ཞྭ་ཞིག་གསོལ་ནས། རྒྱ་ནག་ལུགས་ཀྱི་ཕོ་བྲང་དུ་བཞུགས་འདུག །སྐུ་ཞབས་ཝུན་ཡུས་ཁྲེང་གིས་བཤད་ན། “འདི་ནི་ཆིང་རྒྱལ་རབས་སྐབས་ཀྱི་གེ་སར་ལྡེབས་རིས་ཡིན་ལ། ལྡེབས་རིས་འདིས། གནས་འདིར་འཚོ་སྡོད་བྱས་མྱོང་བའི་སོག་པོའི་མི་དམངས་དང་བོད་རིགས་མི་དམངས་མཉམ་དུ་འདྲེས་སྡོད་བྱས་པའི་ཤུགས་རྐྱེན་འོག །མཉམ་དུ་གླིང་གེ་སར་ལ་དད་པ་དང་གུས་བཀུར་བྱས་པ་མཚོན” ཞེས་བཤད། འོན་ཀྱང་ང་ཚོས་དོ་སྣང་དགོས་པ་ཞིག་ནི། སྐུ་ཞབས་ཝུན་ཡུས་ཁྲེང་གིས་ངོས་འཛིན་བྱས་པའི་རིག་དངོས་འདི་དག་གི་ལོ་རྒྱུས་ཀྱི་ཁུངས་དེ་འདྲའི་རིང་པོར་གཏུག་ཡོད་པར་ད་དུང་ཞིབ་འཇུག་བྱེད་རྒྱུ་གལ་ཆེ་སྟེ། གོང་གི་སྒྲུབ་བྱེད་དང་བདེན་དཔང་དེ་ཁོ་ན་ཙམ་ད་དུང་འཐུས་ཚང་དང་ལྡན་པ་ཞིག་མིན་པར་འདོད། དེའང་འགྲིག་མིན་མཁྱེན་ལྡན་དག་གིས་དཔྱད་པའི་གནས་སོ། །
ལྔ། ཉག་ཁོག་གི་གེ་སར་ལྷ་ཁང་།
རྫོང་གཏེར་ཀུན་བཟང་ཉི་མས་ལྷ་རྩེ་དགོན་པར་རིམ་འགྲོར་བསྐུལ་བའི་གེ་སར་ལྷ་ཁང་གཞན་གཅིག་ནི། ལྷ་རྩེ་དགོན་ནས་མར་ལེ་བར་ལྔ་སོང་རྗེས། ཐད་ཀྱི་ཉག་ཁོག་ཅེས་པའི་ལུང་པའི་སྟོད་ན་ཡོད། ལྷ་ཁང་གི་ཆེ་ཆུང་ལྷ་རྩེ་དགོན་ནང་གི་གེ་སར་ལྷ་ཁང་དང་གཅིག་རེད། འོན་ཀྱང་ལྷ་ཁང་འདི“རིག་གསར”རྗེས་སུ་བསྐྱར་བཞེངས་བྱས་པ་ཡིན་ཞིང་། སྔོན་གྱི་ལྷ་ཁང་དེ་དུས་ཀྱི་ཆག་འཇིག་ཁྲོད་ཉམས་པ་རེད་ཟེར། ལྷ་ཁང་ནང་གི་གྱང་ངོས་ཚང་མ་གེ་སར་གྱི་ལྡེབས་རིས་ཁོ་ན་ཡིན་ཞིང་། དཀྱིལ་ན་གེ་སར། གཡས་སུ་རྒྱ་ཚ་ཞལ་དཀར། གཡོན་དུ་འདན་མ་བྱང་ཁྲ་གསུམ་ནི་གཙོ་ལྷའི་ཚུལ་དང་། འཁོར་དུ་གླིང་གི་དཔའ་ཐུལ་ཤིན་ཏུ་མང་པོ་ཞིག(གླིང་གི་དཔའ་ཐུལ་བརྒྱད་ཅུ་ཡོད་པ་འདྲ།)བྲིས་འདུག །ལྡེབས་རིས་འདི་དག་གི་བྲིས་རྒྱུན་ནི་སྨན་ལུགས་སུ་གཏོགས་མོད། ཁྲབ་ཀྱི་བྱང་བུ་ནི་ཁྲུན་ཆིའོ་ཀྲན་གོའི་དུས་སྐབས་སུ་ཐོན་པའི་ཉ་ཁྲབ(鱼鳞甲)དང་འདྲ་ས་འདུག །རྨོག་ནི་རྒྱ་ནག་ལུགས་ཀྱི་རྒྱལ་ཆེན་རྨོག(天王盔)སོགས་མི་རིགས་གཞན་པའི་ཁྲབ་རྨོག་གི་ཤན་ཆེན་པོ་ཞུགས་འདུག །ལྡེབས་རིས་ཀྱི་ཚོན་ཁ་སྡེབ་སྟངས་སོགས་དེང་རབས་ཀྱི་གེ་སར་སྒྲུང་ཐང་འབྲི་སྟངས་དང་གཅིག་པ་རེད།
ཉག་ཁོག་གི་གེ་སར་ལྷ་ཁང་།
ལྷ་རྩེ་དགོན་གྱི་གེ་སར་ལྡེབས་རིས་དག་ལ་བལྟས་ན། སྲོལ་རྒྱུན་གྱི་གེ་སར་སྒྲུང་ཐང་གི་རྣམ་པ་རྒྱུད་འཛིན་དང་། བོད་ཀྱི་ཐང་གའི་རི་མོའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མངོན་ཐུབ། མ་ཟད་གེ་སར་རྒྱལ་པོའམ་སྒྲུང་ཐང་འབྲི་སྐབས། ཚད་གཞི་རང་བཞིན་གྱི་མིག་དཔེར་འཛིན་ཆོག་པའི་ཁྱད་ཆོས་ལྡན། གཞན་དེང་རབས་ཀྱི་གེ་སར་སྒྲུང་ཐང་གི་འགྱུར་བའང་ཞོར་ནས་མཐོང་ཐུབ་པ་འདུག
རྒྱ་ཚ་ཞལ་དཀར།
མདོར་ན། གེ་སར་རིག་དངོས་སམ་གེ་སར་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་དངོས་ནི་གེ་སར་ཞིབ་འཇུག་ལ་དགེ་མཚན་བླ་མེད་ལྡན་པའི་རྒྱུ་ཆ་རུ་འགྲོ་བར་མ་ཟད། གླིང་གེ་སར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་ཁུངས་སྣེ་གང་མང་ཞིག་འདོན་སྤྲོད་དང་བདེན་དཔང་བྱེད་ཐུབ། ད་དུང་དེས་བོད་མི་རིགས་ཀྱི་ཤེས་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཀྱང་རྒྱུན་འཛིན་བྱས་ཡོད། དེ་བཞིན་གསེར་ལྷ་རྩེ་དགོན་གྱི་གེ་སར་རིག་དངོས་ཤུལ་བཞག་དག་ལ། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཙམ་གྱིས་མི་ཚད་པར། གནས་འདིར་གླིང་གེ་སར་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཁུངས་སྣེ་མང་པོ་ཞིག་རང་ཤུགས་ཀྱིས་བདེན་དཔང་བྱས་པའང་སྨོས་མ་དགོས་སོ། །
༼འབྲོང་པ་དར་རྒྱས་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས།༽
འདན་མ་བྱང་ཁྲ།