ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་ནན་བཤད་གནང་དོན།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཞུགས་པ། ཏིང་ཤུའེ་ཞང་གིས་གསུང་བཤད་གནང་བ།
ཟླ་7ཚེས་17དང་18ཉིན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་17དང་18ཉིན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སླད་ཕྱིན་གྱི་ལོ་ལྔ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དུས་སྐབས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཞུགས་པ། ཏིང་ཤུའེ་ཞང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ལས་དོན་སྤེལ་བའི་ཆོད་སེམས་ཆེ་བ་དང་། སྤེལ་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་ཕྱོགས་ཚང་མར་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཕྱིན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བཙུགས་ཏེ། གནད་དང་ཁྱོན་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ལ་སྣང་ཆེན་བྱས་པས། གཙོ་གནད་བཅོས་སྒྲིག་བྱེད་པ་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པའི་བར་གྱི་འགྱུར་ལྡོག་གལ་ཆེན་བྱུང་བ་དང་། འདུ་ཤེས་སྒྱུར་བ་དང་འགན་འཁྲི་ནན་དུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། གཞན་འགུལ་དུ་ཁ་གཏད་གཅོག་པ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་ལ་འགྱུར་ལྡོག་གལ་ཆེན་བྱུང་བ། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེགས་པ་དང་མིག་རྒྱང་འཛམ་གླིང་ལ་ཕྱོགས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་པར་བྱས་པས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་ནས་སྣེ་ཁྲིད་མཁན་བར་ལ་འགྱུར་ལྡོག་གལ་ཆེན་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བྱུང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ཆགས་པས་ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱེད་པའི་བར་ལ་འགྱུར་ལྡོག་གལ་ཆེན་བྱུང་བ་བཅས་རེད། ཞུམ་མེད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་བཅས་བྱུང་ནས་ལེ་དབར་ཁྲི་ཡི་རི་ཀླུང་དེ་བས་བཀྲག་མདངས་འཚེར་བར་གྱུར་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མངོན་གསལ་དོད་པའི་མཚོན་རྟགས་སུ་གྱུར་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་ཆའི་རང་བཞིན་དང་། འབྱུང་རྩའི་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་ཕྱིན་མེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་གང་མགྱོགས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་ཕྱོགས་སུ་སྐྱོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་སྔར་བཞིན་གནོན་ཤུགས་ཉིས་བརྩེགས་དང་ཁུར་ཐེག་མདུན་སྐྱོད་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དེས་ན་ངེས་པར་དུ་ཚུགས་གནས་དེ་བས་མཐོ་བ་དང་། མིག་རྒྱང་དེ་བས་རིང་བ། སྤེལ་ཤུགས་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་རྒྱང་ལམ་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལེའུ་གསར་པ་རྩོམ་དགོས།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། དུས་རབས་གསར་པའི་ལོ་བཅུའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་། མིག་སྔར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་མཛུབ་ཁྲིད་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཞིག་ཐག་གཅོད་ཡང་དག་བྱེད་དགོས་པ་སྟེ། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དབར་གྱི་འབྲེལ་བ་ཡིན་ཞིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་ཧུར་ཐག་བསྐྲུན་པ། འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོན་ཁུངས་དང་ཁོར་ཡུག་གི་རིན་དོད་དམའ་རུ་ནུས་ལྡན་གཏོང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་དང་རྒྱབ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནི་གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་དབར་གྱི་འབྲེལ་བ་ཡིན་ཞིང་། མ་ལག་གི་ལྟ་བ་མཐའ་འཁྱོངས་བྱས་ཏེ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ལ་བྱེད་ཐབས་ནུས་ལྡན་སྤྱོད་དགོས་པ་དང་དུས་མཚུངས་དམིགས་ཚད་མཐུན་སྦྱོར་དང་། སྦགས་བཙོག་མང་བའི་དངོས་པོ་ཚོད་འཛིན་བྱེད་པར་མཐུན་སྦྱོར། སྡེ་ཚན་དབར་མཐུན་སྦྱོར། ས་ཁོངས་དབར་མཐུན་སྦྱོར། སྲིད་ཇུས་ཐད་ནས་མཐུན་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་དོན་ཁག་གི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནི་རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་དབར་གྱི་འབྲེལ་བ་ཡིན་ཞིང་། རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོང་བཅོས་སྐྱོང་གི་རྣམ་པ་ཆེན་པོ་བསྐྲུན་པ་དང་། རང་བྱུང་སླར་གསོ་དང་མི་ཐབས་ཀྱི་ཉམས་གསོའི་བྱེད་ཐབས་གཉིས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། ཡུལ་བབ་དང་བསྟུན་པ་དང་ཁུལ་དབྱེ་རིགས་དབྱེའི་སྲིད་ཇུས་ལག་ལེན་བསྟར་བ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཐག་གཅོད་ཇུས་གཞི་ལེགས་ཤོས་འཚོལ་གང་ཐུབ་བྱེད་དགོས། བཞི་ནི་ཕྱི་རོལ་གྱི་གཅུན་འདོམས་དང་ནང་ངོས་ཀྱི་སྒུལ་ཤུགས་དབར་གྱི་འབྲེལ་བ་ཡིན་ཞིང་། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་དང་ཕྱི་རོལ་གྱི་གནོན་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་དུས་མཚུངས་སུ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ལྔ་ནི“ཐཱན་གཉིས”ཁས་ལེན་དང་རང་བརྟེན་བྱ་སྤྱོད་དབར་གྱི་འབྲེལ་བ་ཡིན་ཞིང་། ང་ཚོས་ཁས་ལེན་བྱས་པའི“ཐཱན་གཉིས”དམིགས་ཚད་ནི་འགྱུར་མེད་གཏན་འཁེལ་ཞིག་ཡིན་མོད། འོན་ཀྱང་དམིགས་ཚད་འདི་སྒྲུབ་པའི་ཐབས་ལམ་དང་། སྒྲུབ་སྟངས། འཕེལ་རིམ། སྤེལ་ཤུགས་བཅས་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་མི་གཞན་གྱིས་གང་བཤད་ལ་ཉན་མི་རུང་།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས་ཤིང་། སྦགས་བཙོག་གནད་སྨིན་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། ཁྲིམས་ལྟར་འགོག་བཅོས་བཅས་མཐའ་འཁྱོངས་བྱེད་པ་དང་། སྤེལ་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེ་རུ་གཏོང་བ། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་དགོས་པ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས་ཤིང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཀྱི་ཐབས་ཇུས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རང་མདངས་ཆེ་རུ་གཏོང་དགོས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་ཧུར་ཐག་བཏང་ནས་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཕ་ཚ་བུ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་བའི་སྐྱེ་ཁམས་ཁོར་ཡུག་ཅིག་འཇོག་དགོས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། རྒྱལ་ཡོངས་སུ་སྤྱི་འདོམས་དང་། སྔོན་ལ་གྲོན་ཆུང་། ཕྱོགས་གཉིས་ལ་འདེད་སྐུལ། ཕྱི་ནང་ཤར་བགྲོད། ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང། ཐཱན་ཚད་མཐོ་ཤོས་དང་། ཐཱན་ཚད་སྙོམས་སྦྱོར། “1+N”ཡི་སྲིད་ཇུས་ཀྱི་མ་ལག་དོན་འཁྱོལ་ཡག་པོ་བྱེད་པ། དྭངས་གཙང་དང་། ཐཱན་ཉུང་། བདེ་འཇགས། ཕན་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་སྐྲུན་པ། གློག་ཤུགས་མ་ལག་གསར་པ་གང་མགྱོགས་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་ལ་འགན་ལེན་བྱེད་ནུས་ཆེ་རུ་གཏོང་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ། སྐྱེ་ཁམས་བདེ་འཇགས་དང་། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་སོགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ང་ཚོ་འཚོ་གནས་བྱེད་ས་དང་འཕེལ་རྒྱས་འབྱུང་སའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ལ་འཇིགས་སྐུལ་དང་གཏོར་བཤིག་མི་ཕོག་པའི་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁྱབ་ཁོངས་ཁག་གི་ཐོན་ཁུངས་ལ་སྤྱི་འདོམས་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་སྐྱོང་དང་། ཁྲོམ་ར། ཚན་རྩལ། སྲིད་ཇུས་བཅས་ཀྱི་སྣ་མང་ཐབས་ཇུས་ཡག་པོ་སྤྱོད་དགོས། ཁྲིམས་སྐྱོང་གི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་ལུགས་བཟོ་བཅོས་གཏན་འབེབས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་སྟེང་ས་འོག་དང་། སྐམ་མཚོར་སྤྱི་འདོམས། ས་ཁོངས་མཉམ་འགུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱོད་སྒོའི་རྩིས་སྤྲོད་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། ཁྲལ་བསྡུའི་སྲིད་ཇུས་ཀྱི་རྒྱབ་སྐྱོར། དངུལ་རྩའི་རྒྱབ་སྐྱོར། རིན་གོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། ནུས་ལྡན་གྱི་ཁྲོམ་ར་དང་ནུས་ཕྱོད་ཀྱི་སྲིད་གཞུང་དེ་བས་ལེགས་པའི་ངང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཐཱན་འབུད་དབང་དང་། ནུས་རྒྱུ་སྤྱོད་དབང་། ཆུ་སྤྱོད་དབང་། བཙོག་སྙིགས་འབུད་དབང་སོགས་ཐོན་ཁུངས་ཁོར་ཡུག་གི་གཞི་རྒྱུ་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཀྱི་སྤྱིའི་འཆར་གཞིར་སྡེབ་གཅིག་ཏུ་བཅུག་ནས་ནང་བཤུག་དང་། བརྒྱུད་བཤུག གཏའ་མ་འཇོག་པ། མ་རྐང་འཇོག་པ་སོགས་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་ལྟ་འདོམས་མ་ལག་གང་མགྱོགས་འཛུགས་པ། ཁོར་ཡུག་བཅོས་སྐྱོང་ཁྲོམ་ར་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་ཁོར་ཡུག་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྦགས་བཙོག་དངོས་པོ་གསར་པ་འགོག་བཅོས་བྱེད་པ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས་སུ་བརྩི་བ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་གལ་ཆེན་ལག་ལེན་བསྟར་བ། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་པ། མི་ཐབས་རིག་ནུས་སོགས་གྲངས་འཛིན་ལག་རྩལ་བེད་སྤྱོད་བྱེད་ཟབ་ཏུ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོའི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་མ་ལག་སྐྲུན་པ་བཅས་བྱས་ནས་ལྗང་མདོག་རིག་ལྡན་གྱི་གྲངས་འཛིན་གྱི་སྐྱེ་ཁམས་ཤེས་དཔལ་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱེད་རྒྱུ་རེད། དེས་ན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཞིབ་འཇུག་དང་བཟོ་བར་དམ་འཛིན་ནན་པོ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་མཐུན། བྱ་དགའ་ཆད་གཅོད་ཁ་གསལ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་འཛུགས་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་བགོས་འགན་འཁུར་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྐྱེ་ཁམས་ཤེས་དཔལ་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་དང་བཅའ་ཁྲིམས་ལག་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་རིམ་ཁག་སྲིད་གྲོས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆེད་དོན་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་ཀྱི་རལ་གྲི་རྣོན་པོ་ལྟ་བུའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། ནང་སོག་རང་སྐྱོང་ལྗོངས། ཀྲེ་ཅང་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་པ་རེད།