ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་གཙོ་གཉེར་བྱས་ཤིང་། གནའ་རྫས་དུས་དེབ་ཁང་གིས་རོགས་སྒྲུབ་བྱས་པའི“ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་རིག་པའི་གླེང་སྟེགས། 2018ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་གསར་རྙེད”ཅེས་པའི་བྱེད་སྒོའི་དཔྱད་འདེམས་ཀྱི་མཇུག་འབྲས་ཉེ་ཆར་ཡོངས་བསྒྲགས་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྲོག་ཆགས་སྒལ་རུས་ཅན་དང་གནའ་བོའི་འགྲོ་བ་མིའི་རིགས་ཞིབ་འཇུག་ཁང་དང་། བོད་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་བཅས་ཀྱིས་ཐུན་མོང་ངང་སྤེལ་བའི“བོད་ལྗོངས་ཤན་རྩྭ་ཉ་དེའུ་ཡི་རྡོ་ཆས་རྙིང་བའི་དུས་རབས་ཀྱི་གནའ་ཤུལ” སྔོག་འདོན་རྣམ་གྲངས་ནི་བྱ་དགའི་ནང་ཚུད་འདུག
2018ལོའི་ཟླ11ཚེས30ཉིན། ཨ་རིའི《ཚན་རིག》དུས་དེབ་དྲ་ལམ་ནས་ཀྲུང་གོ་གནའ་བོའི་འགྲོ་བ་མིའི་རིགས་རིག་པས་གསར་རྙེད་དེ། གནའ་བོའི་འགྲོ་བ་མིའི་རིགས་ལོ་ཁྲི་བཞི་གོང་ནས་ས་བབ་མཐོ་བའི་མཚོ་བོད་ས་མཐོར་འཚོ་གནས་བྱེད་ཀྱི་ཡོད་པ་རེད།
ཉ་དེའུ་གནའ་ཤུལ་ནི་བོད་ལྗོངས་ནས་ཐོག་མར་རྙེད་པའི་སའི་ཆགས་རིམ་ཁ་གསལ་བ་དང་ལོ་རབས་རིག་པ་དཔྱད་གཞི་ཡོད་པའི་རྡོ་ཆས་རྙིང་བའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་རེད། དེ་གསར་རྙེད་བྱུང་བ་ལས་འགྲོ་བ་མིའི་རིགས་མཚོ་བོད་ས་མཐོར་ལོ་ངོ་ཁྲི་བཞིའི་གོང་འཚོ་གནས་བྱས་པའི་ལོ་རྒྱུས་ཐོག་མར་རྙེད་པ་དང་། འགྲོ་བ་མིའི་རིགས་ཀྱིས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ཁོར་ཡུག་ངན་པ་ལ་འགྲན་རྩོད་དང་དབང་དུ་བསྡུ་བའི་ལོ་རྒྱུས་ཐོག་མར་བཀོད་པ་དང་། དུས་མཉམ་དུ། གསར་རྙེད་ཀྱི་རྣམ་གྲངས་འདི་ཡིས་འཛམ་གླིང་ཁྱབ་ཁོངས་སུ་ཡི་གེ་མ་བྱུང་སྔོན་དུ་འགྲོ་བ་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་ངན་པ་དབང་དུ་བསྡུ་བའི་ལོ་རྒྱུས་ཆེས་སྔ་བ་དང་། ས་བབ་ཆེས་མཐོ་བའི་ཟིན་ཐོ་གསར་བསྒྱུར་བྱས་པ་རེད།
འདིའི་གོང་དུ་འགྲོ་བ་མིའི་རིགས་འཚོ་གནས་བྱེད་སའི་རྗེས་ཤུལ་མང་ཤོས་ཨན་ཏི་སི་ས་མཐོའིCuncaichaཡན་ཞ་གནའ་ཤུལ་ཡིན་པ་དང་། དེའི་ས་བབ་ལ་སྨི4480ཡོད་ལ་ལོ་རབས་ལོ་ཁྲི1.2ཙམ་གྱི་གོང་རེད། །