༄༅། །བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་བེ་རི་དང་དེའི་རུ་སྡེ་སྟོད་སྨད་ཀྱི་དབྱེ་བ་ལ་དཔྱད་པ།

ཐུབ་བསྟན་དཔལ་འབྱོར། ཐུབ་བསྟན་ཉི་མ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 08-07



[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རྒྱ་བོད་ཡིག་ཚང་དུ་མར་ཁུངས་བཅོལ་ནས་རྒྱའི་ཡིག་ཚང་ཏུ་འཁོད་པའི་པའེ་ལངདང་། པའེ་ལནཔིས་ལིསབཅས་ནི་གནས་ཡུལ་དང་སྒྲ་གདངས་སོགས་ལ་གཞིར་བཟུང་ནས་མདོ་སྨད་ཙོང་ཀའི་ཡུལ་གྱི་ལྡོང་བེ་རི་ཡིན་པར་བསྒྲུབས་ཡོད་ལ། ཕྱིས་སུ་རུས་རྒྱུད་འདི་བོད་ཡུལ་སྟོད་སྨད་བར་གསུམ་ལ་མཆེད་པ་དང་། ལྷག་པར་དུ་དུས་རབས་བཅུ་གཉིས་པའི་སྟོད་ནས་བཟུང་རུས་རྒྱུད་འདིས་མདོ་ཁམས་སྟོད་སྨད་ལ་གྲགས་པའི་བྱས་པ་མང་དུ་བགྱིས་ཤིང་། བླ་མ་ཏི་ཤྲཱི་རས་པ་དང་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱི་སྐུ་དུས་སུ་བོད་ཤར་རྒྱུད་ཀྱི་ལྡོང་བེ་རི་ནི་བོད་ཀྱི་ཚབ་མཚོན་ལྟ་བུར་གྱུར་ཡོད་པ་མ་ཟད། སྐབས་དེར་རུས་རྒྱུད་འདི་དང་མི་ཉག །སོག་པོ་བཅས་ཀྱི་བར་ལ་འབྲེལ་འདྲིས་ཟབ་ཅིང་འབྲེལ་བ་བརྟན། དུས་རབས་བཅུ་བཞི་པའི་སྐབས་སུ་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་རྨ་རྫ་སྒང་ནས་བེ་རིའི་རུ་སྡེ་དག་སྟོད་སྨད་གཉིས་སུ་གྱེས་ནས་བེ་རི་སྟོད་པས་གསེར་ལྡན་ཆུ་བོའི་སྟོད་རྒྱུད་དང་ལྷོ་ཟླ་ངང་མའི་ཆུ་རྒྱུད་ཀྱི་ཡུལ་གྲུ་དག་ལ་མངའ་མཛད་ཅིང་ཕྱིས་སུ་བེ་རི་སྟོད་པ་དགེ་རྒྱལ་ཞེས་སྙན་པའི་གྲགས་པ་བར་ཁམས་ཀུན་ལ་ཁྱབ། བེ་རི་སྨད་པས་གཞི་བདག་སྐུ་ལྷ་ངང་ཡག་འདབས་ཀྱི་ཡུལ་ལུང་དག་ལ་མངའ་མཛད་ཅིང་ཕྱིས་སུ་རིམ་གྱིས་སྟོད་དགེ་རྒྱལ་རྫ་དཀར་ནག་སུམ་མདོ་ནས་སྨད་མི་ཉག་གི་བར་ཏེ། བར་ཁམས་སྤྱི་ལ་དབང་བསྒྱུར་ཡང་དུས་རབས་བཅུ་བདུན་པའི་སྐབས་དེར་དགེ་སོག་དམག་གིས་གཏོར་ཕམ་བཏང་ཚུལ་བཅས་ཀྱི་སྐོར་ལ་དཔྱད་པ་བགྱིས་ཡོད་དོ། །

[བརྡ་ཆད་གཙོ་བོ།ལྡོང་བེ་རི། པའེ་ལངབེ་རི་མདོ་གླིང་། བེ་རི་སྟོད་པ་དགེ་རྒྱལ།


དང་པོ། བི་རིའམ་བེ་རི་ཞེས་པའི་མིང་གི་བྱུང་བ་སྤྱིར་བཤད་པ།

       སྤྱིར་བི་རིའམ་བེ་རི་ཞེས་པའི་མིང་འདི་ནི་རྒྱ་བོད་ཡིག་ཚང་རྙིང་པ་ཁག་ལས་བྱུང་སྔ་ཤོས་ཀྱི་ཐ་སྙད་གཅིག་ཡིན་ཞིང་། ལྷག་པར་དུ་རྒྱའི་ཡིག་ཚང་ཁྲོད་ཀྱི་པའེ་ལང་ངམ་པའེ་ལན་ནི་སྤྱི་ལོ་དུས་རབས་བཞི་པའི་གཡས་གཡོན་ཙམ་ནས་མདོ་སྨད“འ་ཞདང་འདབས་འབྲེལ་བའི་པའེ་ལང(白兰)ཞེས་པའི་སྟོབས་ལྡན་གྱི་རྒྱལ་ཕྲན་ཞིག་ཡིན་པར་གསུངས་ཡོད་པ་དང་། དེའི་གནས་ཡུལ་ཡང་དུས་ཀྱི་འཕོ་འགྱུར་དང་བསྟུན་འགྱུར་ལྡོག་མང་དུ་བྱུང་ཡོད་ཀྱང་། ཝེ་ཅན་ལྷོ་བྱང་གི་སྐབས་སུ་སྤྱིའི་མངའ་ཁོངས་ནི“བྱང་མཛོ་རྒན་རྭ་བར་དང་བྱང་ཤར་བྲག་དཀར་སྤྲེལ་རྫོང་། ཤར་ལྷོ་མགོ་ལོག་ས་ཁུལ། ནུབ་ཡུལ་ཤུལ་གྱི་ཤར་ཕྱོགས་བཅས་ཀྱི་འདུས་མདོ་སྟེ། མདོར་ན་དུས་སྐབས་དེར་སུམ་པ་རྒྱལ་ཕྲན་གྱི་ཤར་ཕྱོགས་དང་འ་ཞའི་མངའ་ཁོངས་སུ་གནས་ཡོད་ཚུལ་བསྟན་ཡོད་པ་མ་ཟད། «ཀྲུང་གོའི་ལོ་རྒྱུས་ས་ཁྲའི་དཔེ་ཚོགས»ལས་སེ་རྒྱལ་རབས་ཀྱི་སྐབས་སུ་པའེ་ལང་ནི་དེང་གི་མགོ་ལོག་དར་ལག་གི་ཕྱོགས་སུ་གནས་ཡོད་པར་བསྟན་པ་དང་། ཐང་གི་དུས་མགོ་སྟེ་སྤྱི་ལོ་དུས་རབས་བདུན་པའི་སྟོད་ལ་པའེ་ལང་ཚོ་བ་དེ་ཉིད་ད་དུང་དར་ལག་གི་ཕྱོགས་སུ་ཡོད་པར་བསྟན་འདུག།”[4] གཞན་ཡང་འབུམ་རམས་པ་དགེ་ལེགས་ཀྱིས་“པའེ་ལང་ཆངའདི་ཆེས་ཐོག་མར་མཚོ་སྔོན་གྱི་བྱང་ཕྱོགས་ལ་གནས་ཡོད་ཅིང་། ཝེ་ཅན་རྒྱལ་རབས་ཀྱི་རྗེས་སུ་རིམ་གྱིས་ལྷོ་ཕྱོགས་སུ་གནས་སྤོས་པ་དང་། སེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་པའེ་ལངའདི་མཚོ་སྔོན་གྱི་ལྷོ་རྒྱུད་དུ་སླེབས་ཡོད་པ་མ་ཟད། སི་ཁྲོན་གྱི་ནུབ་བྱང་ས་ཁུལ་ལའང་མི་སྡེ་རེ་འགའ་སླེབས་ཡོད”[5]ཅེས་གསུངས་ཡོད། འོན་ཀྱང་འབྲེལ་ཡོད་ཡིག་ཚང་དག་ལ་གཞིར་བྱས་ན་ཐང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་བཟུང་མིང་རྒྱལ་རབས་ཀྱི་བར་དུ་རྒྱའི་ལོ་རྒྱུས་ཡིག་ཚང་ནང་དུ་པའེ་ལངཞེས་པའི་རུ་སྡེ་འདིའི་གནས་ཚུལ་འཁོད་ཡོད་པ་ཞིག་ད་སྔ་བདག་གི་མཐོང་ཆོས་སུ་མ་གྱུར། འོ་ན་པའེ་ལན་ནམ་པའེ་ལང་འདི་ཉིད་བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་བེ་རི་ཡིན་ཚུལ་ཅི་ལྟར་ཡིན་ཞེ་ན། གཅིག རྒྱའི་ཡིག་ཚང་ཁྲོད་དུ་པའེ་ལང་ངམ་པའེ་ལན་འདི་ཐོག་མར་རྒྱ་བོད་གཉིས་ཀྱི་འདྲིས་མཚམས་སམ་མདོ་སྨད་ཙོང་ཀའི་ཡུལ་དུ་གནས་ཡོད་པར་བསྟན་པ་དང་། «དབུ་ནག་མིའི་འདྲ་ཆགས»སོགས་བོད་ཀྱི་ཡིག་ཚང་རྙིང་པ་དུ་མར་“ཙོང་ཁ་བཟུང་བའི་བེ་རི་ཞེས་བེ་རི་འདི་ཙོང་ཁའི་ཕྱོགས་སུ་གནས་ཡོད་པར་བསྟན་པ་སོགས་རྒྱ་བོད་ཡིག་ཚང་གཉིས་ཀ་དགོངས་པ་གཅིག་ཏུ་གནས། གཉིས། ས་སྐྱ་པཎ་ཆེན་ཧོར་ཡུལ་ལ་ཆིབས་བསྒྱུར་གནང་སྐབས་བོད་སོག་འདྲིས་མཚམས་སུ་སྟོབས་ཤུགས་ཆེས་ཆེར་ལྡན་པའི་བེ་རི་ཚོ་བ་ཞིག་ཡོད་པ«ས་པཎ་སྤྲིངས་ཡིག»ལས“ངས་བི་རི་ཁྲིད་ནས་ངོ་བལྟས། འདིར་ཤིན་ཏུ་ངོ་བལྟས་ལེགས་པས། སྟོད་མངའ་རིས། དབུས་གཙང་བ་རྣམས་ངོ་བལྟས། བི་རི་ཐ་ཐད་ཚོ་ཡང་ངོ་བལྟ་བར་ཡོད་བྱས་པས། ད་བར་ལ་དམག་མ་སོང་བ་དེས་ཕན་པ་ཡིན་ཏེ། སྟོད་ཀྱི་མི་རྣམས་དེ་ཚོ་ཤེས་ཏེ་མཆིས། ]ཞེས་བོད་སོག་འདྲིས་མཚམས་སུ་དེ་འདྲའི་བེ་རིའི་མི་སྡེ་སྟོབས་ཆེན་ཞིག་ཡོད་ཅེས་གསུངས་པ་དང་། ཕྱིས་སུ་ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཕྱག་ན་ལ་པའེ་ལན་ཝང་བྱ་བའི་ཐོབ་ཐང་སྤྲད་ཡོད་པ་འདི་ཡང་དོན་ལ་བེ་རི་དཔོན་ལྟ་བུའི་གོ་ཐོབ་ཅིག་ཡིན་ངེས་ཀྱང་། མི་རབས་ཕྱི་མ་རྣམས་ཀྱིས་དེ་ལ་དོ་སྣང་མ་བྱས་པ་དང་། བོད་སྤྱིའི་ལོ་རྒྱུས་རྩོམ་སྒྲིག་མཛད་མཁན་དག་ལ་མདོ་ཁམས་ཀྱི་ཡུལ་ལུང་ཕལ་བོ་ཆེའི་ལོ་རྒྱུས་ལ་རྒྱུས་མངའ་མེད་པ་བཅས་ཀྱི་དབང་གིས་དེའི་སྐོར་ཞིབ་པར་བཀོད་ཡོད་པའི་ཡིག་ཆ་མེད་པ་མ་གཏོགས་པའེ་ལན་ཝངགི་གོ་ཐོབ་འདི་བེ་རི་དཔོན་ནམ་བེ་རི་རྒྱལ་པོ་ཞེས་པའི་ཐོབ་ཐང་ཡིན་ཞེས་སྨྲས་ན་ལུང་རིགས་ཀྱི་གནོད་པ་མེད་པ་འདྲ། གསུམ། ར་སྒྲ་འདི་རྒྱ་སྐད་དུ་བསྒྱུར་སྐབས་ལང་དང་ལོ་དང་ལེན་སོགས་ལ་སྒྲ་དང་མཐུན་པར་འགྱུར་བ་མང་སྟེ། དཔེར་ན། ར་མ་ཎ་ལདང་།   ཁྲི་འབྲིང་ལདང་།  ཀུ་མཱ་ར་ཤྲིདང་། མངའ་རིས་ལ་སོགས་གནའ་ནས་ད་ལྟའི་བར་ལ་བོད་སྐད་ཀྱི་ར་སྒྲ་འདི་རྒྱ་ཡིག་ལ་བསྒྱུར་སྐབས་ལ་སྒྲ་དང་མཐུན་པར་འགྱུར་བཞིན་ཡོད་པས་བེ་རི་འདི་ཡང་པའེ་ལང་དང་པའེ་ལེན་སོགས་ལ་འགྱུར་རྒྱུའང་ཆོས་ཉིད་ཀྱིས་གྲུབ་ཡོད་དོ། །

       རྒན་རྒྱལ་མོ་འབྲུག་པས་རྒྱའི་ཡིག་ཚང་ཁྲོད་ཀྱི་བེ་རི་ཞེས་པའི་ཐ་སྙད་འདིའི་འཕེལ་རིམ་ལ“ཐང་གི་སྔོན་ལ་བི་རི་ལ་པའེ་ལངཞེས་བཀོད་ཡོད་པ་དང་། ཡོན་རྒྱལ་རབས་སྐབས་སུ་བེ་རི་ལ་པའེ་ལནཞེས་བཀོད་ཅིང་། མིང་རྒྱལ་རབས་སྐབས་ནས་པིས་ལིསཞེས་བཀོད། ཅེས་ཞིབ་པར་གསུངས་ཡོད་པ་སོགས། རྒྱའི་ཡིག་ཚང་ཁྲོད་ཀྱི་བི་རིའམ་བེ་རིའི་གནས་ཡུལ་དང་ཚོ་བའི་སྟོབས་ཤུགས་ལ་བརྟེན་ནས་བདག་དབང་ཐོབ་ཚུལ་དང་། དེ་བཞིན་སྒྲ་གདངས་འགྱུར་ཚུལ་བཅས་གཞིར་བྱས་ན་རྒྱ་ཡིག་གི་པའེ་ལངདང་པའེ་ལན(白兰)དང་པིས་ལིསབཅས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་བི་རིའམ་བེ་རི་ཡིན་པ་སྙོན་དུ་མེད་མོད། ཡིན་ནའང་བི་རིའམ་བེ་རི་ཞེས་པའི་ཐ་སྙད་འདི་བོད་ཀྱི་ཡིག་ཚང་ནང་དུ་བསྟན་པ་ཕྱི་དར་གྱི་སྐབས་སུ་མ་གཏོགས་དེའི་ཡར་སྔོན་གྱི་ཏུན་ཧོང་ཡིག་རྙིང་དང་། རྡོ་རིང་ཡི་གེ་སོགས་ཡིག་རྙིང་ཁག་ཏུ་འཁོད་ཡོད་པ་ཞིག་ད་སྔ་བདག་གི་མཐོང་ཆོས་སུ་མ་གྱུར་ཞིང་། བེ་རིའི་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་དག་གིས་ཀྱང་དེའི་སྐོར་ཟུར་ཙམ་ཡང་གླེང་མེད་མོད། འོན་ཀྱང་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་ཕྱིས་ཀྱི་རླངས་དང་བེ་རི་སོགས་རུས་རྒྱུད་མང་དག་ཅིག་ཡིག་རྙིང་ཁྲོད་ཀྱི་རུས་འབལ་ལམ་འབལ་ལྡོང་ལས་མཆེད་པ་ཡིན[10]ཞེས་གསུངས་ཡོད་ཀྱང་། བསྟན་པ་སྔ་དར་གྱི་ཡིག་ཚང་ཁག་ལས་བེ་རི་ཞེས་པའི་ཐ་སྙད་འདི་དངོས་སུ་བྱུང་མེད་པ་ཡོངས་གྲགས་ཡིན། ཡང་ཡིག་ཚགས་རྙིང་པ་དེ་དག་ཏུ་མ་འཁོད་པ་ཙམ་གྱིས་མེད་པས་མ་ཁྱབ་སྟེ། གཅིག་ནས་བོད་ཀྱི་རུས་མིང་དང་ས་མིང་ཚང་མ་ཡིག་ཚང་རྙིང་པ་དེ་དག་གི་ནང་དུ་འཁོད་ཐུབ་མེད་པས་བེ་རི་ཡང་དེ་བཞིན་འཁོད་མ་ཐུབ་པ་ཞིག་ཡིན་སྲིད་པ་དང་། གཉིས་ནས་རྒན་ཚེ་རིང་མཆོག་གིས་གསུངས་པ་ལྟར་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་བོད་རྒྱའི་འདྲིས་མཚམས་ཀྱི་ས་ཆ་མང་པོའི་ལོ་རྒྱུས་ཡེ་ནས་འཁོད་མེད་པ་དང་། ཡུལ་གྲུ་དེ་དག་གི་ལོ་རྒྱུས་བོད་ཀྱི་ཡིག་ཚང་ལས་རྒྱའི་ཡིག་ཚང་ནང་དུ་ཁ་གསལ་བོར་འཁོད་ཡོད་ཅེས་གསུངས་པ་བཞིན་བསྟན་པ་སྔ་དར་གྱི་སྐབས་སུ་བེ་རིའི་མི་སྡེ་དག་གི་གནས་ཡུལ་ཡང་། མདོ་སྨད་ཙོང་ཆུ་རྒྱུད་ཡིན་པ་རྒྱའི་ཡིག་ཚང་ནང་དུ་གསལ་བ་མ་ཟད། བོད་ཀྱི་ཆོས་འབྱུང་སྔ་ཤོས་«ཉང་ཆོས་འབྱུང»དུ། “བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་ཞུགས་ནས་བྲོས་ཏེ། ཆོས་འདུལ་བ་དྲེའུ་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་ལ་ལམ་བྱུང་། རྒྱལ་ཁྲིམས་མི་གཅིག་པའི་ས་ཆ་ནས་བསྟན་པ་དར་བར་བྱ་བསམས་ནས། གང་དུ་ཡང་མ་ནུས་ནས། ཉིན་མོ་གབ་ཅིང་ནུབ་མོ་བྱོན། དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ལ་མིང་ཤཱཀྱ་ཤེས་རབ་ཏུ་བཏགས། དེ་གཡོག་ལ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ། དེའུ་ཚ་ཚོ་ནས་ལམ་བྱས། རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས། ཞེས་བེ་རིའི་ས་ཆ་འདི་མདོ་སྨད་ཙོང་ཀའི་ཕྱོགས་སུ་ཡོད་པར་གསུངས་ཤིང་། བོན་གྱི་དཔེ་རྙིང«དབུ་ནག་མིའུ་འདྲ་ཆགས»ལས། “སྐྱ་བཀྲ་སྒང་ལ་བཅུད་བཞི་ཡོད། སྐྱང་དང་འུ་སི་མི་སུ་གསུམ། ཙོང་ཁ་བཟུང་བའི་བེ་རི་བཞི། སྐྱ་བཀྲ་སྒང་གི་བཅུད་བཞི་ཡིན།”[12]ཞེས་བསྟན་པ་ཕྱི་དར་སྐབས་སུ་བན་བོན་གྱི་ཡིག་ཚང་ཀུན་ལས་རྒྱའི་ཡིག་ཚང་དང་མཐུན་པར་བེ་རི་འདི་ཐོག་མར་བོད་ཆེན་པོའི་ཤར་ཕྱོགས་ཀྱི་མདོ་སྨད་ཙོང་ཀའི་ཡུལ་དུ་གནས་ཡོད་པར་གསུངས་འདུག་པས་རྒྱའི་ཡིག་ཚང་ཁྲོད་ཀྱི་པའེ་ལངདང་། པའེ་ལནཞེས་པ་འདི་བོད་ཀྱི་རུས་རྒྱུད་རྙིང་པ་ལྡོང་བེ་རི་ཡིན་ཞེས་སྤོབས་པ་ཆེན་པོས་ཚིག་ཐག་གཅོད་ཐུབ་པ་འདྲ།

       འབྲེལ་ཡོད་ཀྱི་ཡིག་ཚང་རྙིང་པ་དག་གཞིར་བྱས་ན་བི་རིའམ་བེ་རི་ཞེས་པའི་རུས་འདི་བོད་ཡིག་གི་ཁྲོད་དུ་དངོས་སུ་འཁོད་པའི་དུས་ནི་བསྟན་པ་ཕྱི་དར་གྱི་སྐབས་ཡིན་ཞིང་། རུས་འདི་རུས་ཆེན་ལྡོང་ལས་མཆེད་ཚུལ་ནི་ཕྱི་རབས་ཀྱི་དེབ་ཐེར་ཁག་ལས་མགྲིན་གཅིག་ཏུ་བརྗོད་ཡོད་པ་བཞིན་ནོ། །ཡང་རྒན་བཀྲ་ཤིས་ཚེ་རིང་གིས་གསུངས་པ་བཞིན། འབལ་དང་ལྡོང་ནི་ཕལ་ཆེར་རུས་གཅིག་ཏུ་གོ་ཆོག་པ་འདྲ་སྟེ། ཏུན་ཧོང་ཡིག་རྙིང་ལས“འབལ་ལྡོང་ཙབ”[13]ཞེས་འབལ་ལྡོང་གཉིས་གཞི་གཅིག་ཏུ་སྦྱར་ཡོད་པ་དང་། ལྡོང་མི་ཉག་གི་ཐོག་མའི་མཆེད་ཁུངས་ཀྱང་མགོ་ལོག་ས་ཆའམ་རྨ་ཆེན་སྦོམ་རའི་འདབས་རོལ་ཏེ། རུས་ཆེན་འབལ་གྱི་གནས་ཡུལ་ནས་མཆེད་པར་བཤད་ཀྱིན་ཡོད་པ་བཅས་ལ་གཞིགས་ན་འབལ་ལྡོང་གཉིས་རུས་རྒྱུད་གཅིག་ཏུ་གོ་ཆོག་པ་དང་། ལྡོང་བེ་རི་ཡང་རུས་རྒྱུད་འདི་ལས་མཆེད་ཅིང་། རུས་རྒྱུད་འདིས་དུས་ཡུན་རིང་བོའི་བར་དུ་ཙོང་ཁའི་ཡུལ་ལ་དབང་བསྒྱུར་བགྱིས་པ་ཡིན་ཞེས་སྨྲས་ཆོག གཞན་ཡང་རྒན་བཀྲ་ཤིས་ཚེ་རིང་གིས་གསུངས་པ་ལྟར་འབུམ་རམས་པ་དགེ་ལེགས་ཀྱིས་ཀྱང་པའེ་ལང་དང་གླིང་གི་བར་ལ་འབྲེལ་བ་ངེས་ཅན་ཡོད་པར་གསུངས་ཡོད་དེ། “པའེ་ལང་དང་པའེ་གླིང(གླིང་གི་ཡང་མེས)གཉིས་ནི་དུས་སྔ་ཕྱིའི་འབྲེལ་བ་ལས། བོད་བཙན་པོའི་སྐབས་སུ་པའེ་ལང་ཆང་རྣམས་བོད་ལ་འཐིམ་ཞིང་བཙན་པོའི་རྒྱལ་རབས་འཐོར་ཞིག་དུ་སོང་རྗེས་སྡེ་དགེ་ནས་དེའི་གདུང་རྒྱུད་གླིང་པ་རྣམས་བྱུང་བ་ཡིན”[14]ཞེས་པའེ་ལང་ངམ་བེ་རི་དང་གླིང་གི་རུས་རྒྱུད་གཉིས་མེས་པོ་གཅིག་ཡིན་པར་བསྟན་འདུག །དེའི་ཕྱིར་བོད་ཀྱི་རུས་ལྡོང་དང་འབལ་གཉིས་རུས་རྒྱུད་གཅིག་ལ་གོ་ཆོག་ཅིང་། བེ་རི་དང་གླིང་སོགས་རུས་རྒྱུད་རྙིང་པ་དུ་མ་ཞིག་ཀྱང་འབལ་ལྡོང་གི་རྒྱུད་པ་ཡིན་པར་ངེས་སོ། །

       བི་རིའམ་བེ་རི་འདི་ལ་དོན་གྱི་འཇུག་པའང་མང་དུ་ཡོད་དེ། ཡུལ་གྱི་མིང་དང་རུས་ཀྱི་མིང་། གང་ཟག་གི་མིང་བཅས་སོ། །ཡང་ཆོས་འབྱུང་དེབ་ཐེར་ཕལ་བོ་ཆེ་ལས་བེ་རི་ཞེས་པའི་མིང་འདི་རུས་མིང་ལྟར་དུ་འཁོད་ཡོད་དེ། «རྒྱ་བོད་ཡིག་ཚང་ཆེན་མོ»ལས། “ད་ཕོ་བོ་ལྡོང་ལ་མཆེ་དྲུག་ཡོད། །སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་་་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བི་རི་འ་མདོ་དང་གླིང་པ་གཉིས། །རོ་མཛེ(འཛེ)ལ་ཕུ་པ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །”[15]ཞེས་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཕོ་བོ་ལྡོང་གི་ནང་གསེས་ཆེ་བཙུན་སྤེལ་མ་བཅུ་གཉིས་ལས་མདོ་བ་དང་གླིང་པའི་རུས་མིང་ཡིན་པར་གསུངས་ཤིང་། «དབུ་ནག་མིའུ་འདྲ་ཆགས»ལས་ཀྱང་དེ་དང་མཐུན་པར་གསུངས་ཡོད་པ་དང་། «བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ»ལས། “སྔོན་ཁམས་བེ་རི་རྒྱལ་པོ་ཞེས་བར་ཁམས་ཀྱི་རྒྱལ་པོ་ཆེན་པོ་དེའི་གདུང་རིགས་ནི། ལྷ་ལྡོང་དཀར་པོའི་རྒྱུད་པ་དངོས་དེ་ཡིན་”ཞེས་པ་སོགས་ཆོས་འབྱུང་དེབ་ཐེར་ཁག་མང་པོ་ལས་བེ་རི་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་ནང་ཚན་ཞིག་ཡིན་པར་བཤད་ཡོད་མོད། འོན་ཀྱང་བེ་རི་ཞེས་པའི་ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ཀྱི་སྐོར་ལ་ཆོས་འབྱུང་དེབ་ཐེར་ཁག་ལ་གསལ་བོར་འཁོད་ཡོད་པ་གཅིག་མ་མཐོང་ཡང་། རུས་བེ་རི་རང་ལས་འཁྲུངས་པའི་ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཀྱི་ཉི་མའི(སྤྱི་ལོ1730ལོ་ནས1779ལོའི་བར)རང་རྣམ་ལས“བདག་གི་རུས་ནི་ཆེ་རྒྱུད་སྨུག་པོ་ལྡོང་། རིགས་ནི་མདོ་ཁམས་བྱང་འབྲོག་གི་རྒྱལ་ཕྲན་རིགས་དྲག་པ་ཞིག་སྟེ། དེ་ཡང་རྨ་ཡུལ་གྱི་ས་ཡི་ཆ། བེ་རི་དམར་དུ་གྲགས་པར་སྡོད་གནས་ཆགས་པས་བེ་རི”[16]ཞེས་གསུངས་པ་ལྟར་མདོ་སྨད་རྨ་ཡུལ་བེ་རི་དམར་ཞེས་པའི་ས་ཆ་འདི་ནི་མཁས་དབང་འཇུ་སྐལ་བཟང་གིས“དེང་སང་གི་མགོ་ལོག་པད་མ་རྫོང་གི་ཕྱོགས་སྨར་ཆུའི་རྒྱུད་ལ་གོ་དགོས”[17]ཞེས་གསུངས་པ་བཞིན། རུས་འདི་ཡུལ་མདོ་སྨད་རྨ་ཡུལ་སྨར་ཆུ་རྒྱུད་ཀྱི་འབལ་ལྡོང་གི་ནང་ཚན། ས་མིང་རུས་ལ་ཐོགས་པའི་རུས་རྒྱུད་ཅིག་ཡིན་ཞེས་སྨྲས་ན་ལུང་རིགས་དང་མཐུན་པར་ངེས་ཏེ། གཅིག་ནས་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནི་རུས་བེ་རི་རང་ལས་འཁྲུངས་བ་ཡིན་པས་རུས་རྒྱུད་འདིའི་ལོ་རྒྱུས་ལ་རྒྱུས་མངའ་ཟབ་པ་མ་ཟད། ཁོང་ནི་དུས་སྐབས་དེར་བར་ཁམས་ཀྱི་མཁས་པའི་གཙུག་རྒྱན་ལྟ་བུར་གྱུར་ཡོད་པས་རང་གི་རིགས་རུས་སམ་མཆེད་ཁུངས་ལ་ནོར་བ་འབྱུང་མི་སྲིད་པ་ཞིག་གོ །གཉིས་ནས་དེང་གི་བར་ཁམས་རྒྱུད་ཀྱི་བེ་རིའི་རུ་སྡེ་དག་གི་ངག་རྒྱུན་དང་ཕལ་ཆེར་མཐུན་ཏེ། སྟོད་དགེ་རྒྱལ་རྫ་དཀར་ནག་གི་འདབས་རོལ་ན་གནས་པའི་བེ་རིའི་མི་སྡེ་དག་གིས་རུས་འདིའི་མཆེད་ཁུངས་མདོ་སྨད་རྨ་ཡུལ་ནས་ཡིན་ཞེས་འཆད་པ་དང་། བེ་རི་སྟོད་པའི་དང་ཐོག་གི་བླ་རིའམ་རྒྱབ་རི་ཨ་མྱེ་ཁུ་རྒན་ག་པ་ཡང་རྨ་རྒྱལ་སྦོམ་རའི་གནས་ལག་ཅིག་ཡིན་ཞེས་མི་རྒྱུད་དང་བླ་རི་ཚང་མ་མདོ་སྨད་རྨ་ཡུལ་ནས་མཆེད་པར་བཤད་ཀྱིན་ཡོད། དེའི་ཕྱིར་ཁམས་སྤྲུལ་བཞི་པས་གསུངས་པ་ལྟར་བེ་རི་ཞེས་པའི་མིང་འདིའི་ཐོགས་དོན་དང་རིགས་རུས་མཆེད་ཁུངས་དག་ཀྱང་མདོ་སྨད་རྨ་ཡུལ་ནས་ཡིན་ཞེས་སྨོས་ན་ལུང་རིགས་དང་མཐུན་པར་སྙམ། གཞན་ཡང་ཏྲེ་ཧོར་རོང་པའི་བེ་རིའི་རྒན་རབས་པ་དག་གི་ངག་རྒྱུན་ལྟར་ན་བེ་ཤིང་གི་ནགས་རི་ཡོད་པའི་ཁོར་ཡུག་ཅིག་ཏུ་གནས་གཞི་ཆགས་པས་བེ་རི་ཞེས་པའི་མིང་འདི་ཐོགས་ཞེས་མིང་འདི་ཐོག་མར་ས་ཆའམ་སྐྱེ་དངོས་ལ་བརྟེན་ནས་ཐོགས་ཞེས་འཆད་ཀྱིན་ཡོད་པ་སོགས་ཁམས་སྤྲུལ་བཞི་པའི་རང་རྣམ་དང་ཕལ་ཆེར་མཐུན་པས་རུས་འདི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཕོ་བོ་ལྡོང་གི་རྒྱུད་པ་ལས་ས་མིང་རུས་ལ་ཐོགས་པའི་རུས་ཚན་ཞིག་ཡིན་ཞེས་སྨོས་ན་དོན་ལ་གནས་སོ། །

       དེ་ལྟར་རྒྱའི་ཡིག་ཚང་རྙིང་པ་དང་བོད་རང་གི་ཆོས་འབྱུང་དེབ་ཐེར་དང་བླ་མ་གོང་མའི་རྣམ་ཐར་སོགས་བོད་རྒྱའི་ཡིག་ཚང་ཁག་ཏུ་འཁོད་པའི་ལྡོང་བེ་རིའི་རུས་རྒྱུད་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མདོ་ཁམས་ཡུལ་དུ་བྱས་པ་ཅི་རིགས་འཇོག་མྱོང་མཁན་གྱི་རུས་རྒྱུད་གཅིག་ཡིན། བོད་ཡིག་ཁྲོད་དུ་འདི་ལ་འབྲི་སྲོལ་རིགས་མི་འདྲ་བ་གཉིས་ཙམ་ཡོད་དེ། ས་སྐྱ་པཎ་ཆེན་གྱིས་མཛད་པའི«ས་པཎ་སྤྲིངས་ཡིག»དང་། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི«བཀའ་ཆེམས་མཐོང་བ་དོན་ལྡན» རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི«རང་རྣམ་དུ་ཀཱུ་ལའི་གོས་བཟང»གིས་མཚོན་པའི་ཁོང་གི་གསུང་རྩོམ་ཁག་བཅས་བོད་སྔ་རབས་ཀྱི་མཁས་དབང་མང་པོས“བི་རི”[18]ཞེས་བྲིས་ཡོད་པ་དང་། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དང་། «དབུ་ནག་མིའུ་འདྲ་ཆགས» རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད་པའི«ལྷོ་རོང་ཆོས་འབྱུང» དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»བཅས་བོད་ཀྱི་ཆོས་འབྱུང་དེབ་ཐེར་ཁག་དང་བླ་མ་གོང་མ་རྣམ་པའི་རྣམ་ཐར་སོགས་ཡིག་ཚང་ཕལ་བོ་ཆེར“བེ་རི”[19]ཞེས་འཁོད་ཡོད་ཕྱིར་འབྲི་སྲོལ་འདི་གཉིས་ལས་སྔོན་མ་གང་དང་། ཕྱི་མ་གང་ཡིན་པ་གཏན་ཁེལ་བྱེད་རྒྱུ་དཀའ་ཡང་། རང་བློས་དཔོག་ཚོད་ཀྱིས་དཔྱད་ན་སྔོན་མ་བི་རི་དང་དེ་ནས་རིམ་གྱིས་བེ་རི་འདི་བྱུང་བ་ཡིན་པར་སྙམ་སྟེ། ཡིག་ཚང་རྙིང་པ་ཕལ་བོ་ཆེར་བི་རི་ཞེས་བཀོད་ཡོད་པ་དང་། གཞན་ཡང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་ཉང་ཆོས་འབྱུང་ནང་དུ་བི་རི་ཞེས་བཀོད་ཡོད་པར་གསུངས་འདུག་པས་དེང་སང་གི་པར་གཞི་ལྟར་ན་ཉང་ཆོས་འབྱུང་གིས་མཚོན་པའི་ཆོས་འབྱུང་རྙིང་པ་སྐོར་ཞིག་གི་ནང་དུ་བེ་རི་ཞེས་བཀོད་ཡོད་ཀྱང་མ་ཡིག་དངོས་མཐོང་ཆོས་སུ་མ་གྱུར་པས་དེང་གི་པར་གཞི་དག་ལ་ཡིད་སྟོན་བྱེད་དཀའ་བ་དང་། ད་སྔ་བདག་གིས་མཐོས་ཆོས་སུ་གྱུར་པའི་ཆོས་འབྱུང་དེབ་ཐེར་རྙིང་པ་ཁག་དང་། བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་རང་ལ་བཞུགས་པའི་བཀའ་ཤོག་ཁག་བཅས་ལ་གཞིར་བྱས་ན་སྔོན་ལ་བི་རི་དང་རིམ་གྱིས་བེ་རི་ཞེས་པའི་འབྲི་སྲོལ་ཞིག་བྱུང་བ་ཡིན་པ་འདྲ། །

       བེ་རི་སྟོད་སྨད་ཀུན་གྱིས་ཁོ་ཚོའི་གདུང་ཁུངས་རུས་ཆེན་ལྡོང་ཡིན་པ་དགོངས་པ་མཐུན་མོད། འོན་ཀྱང་བེ་རི་སྟོད་པའི་མི་རྒྱུད་དག་གིས་ཁོ་ཚོའི་གདུང་ཁུངས་སྣུག་པོ་ལྡོང་ཡིན་པར་བཞེད་པ་དང་། བེ་རི་སྨད་པ་ཆབ་མདོའི་བེ་རི་དང་ཏྲེ་བོའི་བེ་རི་བཅས་ཀྱིས་ཁོ་ཚོའི་གདུང་ཁུངས་ལྷ་ལྡོང་དཀར་པོ་ཡིན་ཞེས་བཤད་ཀྱིན་ཡོད་པས་དོན་དངོས་བེ་རི་སྟོད་སྨད་ཀྱི་གདུང་ཁུངས་གཅིག་ཡིན་པ་ལས་ཐ་དད་མིན་ཡང་། རང་རང་གིས་རུས་རྒྱུད་ཀྱི་ཆེ་བ་བརྗོད་པའི་སླད་དུ་གང་བྱུང་དུ་སྨོས་པ་འདྲ་སྟེ། «རླངས་ཀྱི་པོ་ཏི་བསེ་རུ»ལས“ཆེ་བ་སྤོས་ཆུ་ལྡོང་། ལྡོང་ལ་ང་ཆེ་བཅོ་བརྒྱད། རུས་ཆེན་བཅོ་བརྒྱད། སྨུག་པོ་ལྡོང་གི་ཆེ་དྲུག བཙུན་དྲུག་ཡོད།”[20]ཅེས་ཆེ་བཙུན་སྤེལ་པ་བཅུ་གཉིས་ཀྱི་ཁུངས་སྨུག་པོ་ལྡོང་ཡིན་པ་བསྟན་འདུག་པ་དང་། གོང་གི«རྒྱ་བོད་ཡིག་ཚང་ཆེན་མོ»སོགས་དེབ་ཐེར་ཁག་མང་པོ་ལས་རུས་བེ་རི་ལྡོང་ཆེ་བཙུན་སྤེལ་མ་བཅུ་གཉིས་ཀྱི་ནང་གསེས་ཡིན་པ་གསལ་བོར་བརྗོད་ཡོད་པས་བེ་རི་སྨད་པ་ལྷ་ལྡོང་དཀར་པོའི་གདུང་རྒྱུད་ཡིན་ཟེར་བ་འདི་ལོ་རྒྱུས་དངོས་མཐུན་དཀའ་བར་འདོད། དེང་སང་གི་ཡིག་ཆ་ཁག་ཏུ་ལྡོང་གི་རུས་རྒྱུད་འདི་ལ་དབྱེ་བ་མང་དུ་ཕྱེས་ཡོད་པ་ནི། ལྡོང་གི་ཤུལ་ཆེན་བཅོ་བརྒྱད་དང་། ལྡོང་གི་ཚ་ཆེན་བཅོ་བརྒྱད། དཀར་པོ་ལྡོང་དང་། ནག་པོ་ལྡོང་དང་། ཁྲོ་བོ་ལྡོང་དང་། སྨུག་པོ་ལྡོང་བཅས་དབྱེ་སྒོ་ཅི་རིགས་ཕྱེས་ཡོད་ཀྱང་། དང་ཐོག་དབྱེ་བ་འདི་འདྲའི་མང་པོ་མེད་པ་སྟག་ཚང་དཔལ་འབྱོར་བཟང་པོའི«རྒྱ་བོད་ཡིག་ཚང་ཆེན་མོ»དང་། བོན་གྱི་དཔེ་རྙིང«དབུ་ནག་མིའི་འདྲ་ཆགས»སོགས་ཡིག་ཚང་རྙིང་པ་དག་གིས་དཔང་པོ་བྱེད་ནུས་ཤིང་། ཕྱིས་སུ་ལྡོང་གི་རུས་རྒྱུད་འཕེལ་བ་དང་བསྟུན་ནས་ཞིབ་ཕྲའི་དབྱེ་བ་འབྱེད་ཕྱིར་ཤུལ་ཆེན་དང་ཚ་ཆེན་སོགས་ནང་གསེས་འདི་དག་བྱུང་བ་ཡིན་པར་སྣང་།

       བེ་རི་སྟོད་པའི་རྒན་རབས་པ་དག་གི་ངག་རྒྱུན་ལ། ཁོ་ཚོའི་རུས་རྒྱུད་ནི་སྨུག་པོ་ལྡོང་ཡིན་པར་འཆད་ཀྱིན་ཡོད་ལ། ཁོ་ཚོས་དེ་ལྟར་བཤད་པའི་དགོས་པ་ནི། སྤྱིར་བེ་རི་སྟོད་པས་མཚོན་པའི་བར་ཁམས་བྱང་རྒྱུད་ཀྱི་འབྲོག་པ་མང་ཚོགས་ལ་ཆ་མཚོན་ན། གླིང་རྗེ་གེ་སར་རྒྱལ་པོ་ལ་དད་གུས་བླ་མེད་ཡོད་པ་མ་ཟད། རྫོགས་ཆེན་པདྨ་རིག་འཛིན་གྱིས་སྟག་གཟིག་ནོར་འགྱེད་དང་། སྟག་གླིང་དཔའ་བོའི་གཡུལ་འགྱེད་སོགས་ཡི་གེ་ཕབ་པའི་གནས་ཀྱང་བེ་རི་སྟོད་པ་དགེ་རྒྱལ་ཡུལ་ནས་ཡིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་ཡུལ་འདིའི་མི་རྣམས་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རབས་ཕྱག་རྒྱ་ཆེན་པོ་ལ་གང་འཚམས་ཀྱི་ཆ་རྒྱུས་ཡོད་ཅིང་། དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ནང་ཡི་གེར་འཁོད་པའི་སྒྲུང་དཔེ་ཕལ་བོ་ཆེའི་ནང་དུ་ལྡོང་ལ་དཀར་ནག་སོགས་ཁ་མདོག་གི་དབྱེ་བ་མང་བ་དང་། ལྷག་པར་དུ་སྨུག་པོ་ལྡོང་ནི་རུས་རྒྱུད་གཙང་མ་ཞིག་ཏུ་རྩི་བཞིན་ཡོད་ཕྱིར། ཆུ་མགོ་གངས་དང་མི་རྒྱུད་ལྷ་ཞེས་པ་ལྟར། བེ་རི་སྟོད་པའི་གདུང་རྒྱུད་རྣམས་ཀྱིས་ལྡོང་བེ་རི་འདི་ཡང་སྨུག་པོ་ལྡོང་གི་རྒྱུད་པ་ཡིན་ཞེས་བརྗོད་ཡོད། བཤད་རྒྱུན་འདི་ལ་ཕྱོགས་གཅིག་ནས་ཡིག་ཚང་གི་རྒྱབ་རྟེན་ཡོད་པ་གོང་གི«རླངས་ཀྱི་པོ་ཏི་བསེ་རུ»ལས་བསྟན་པ་ལྟར་རོ། །དེ་བཞིན་བེ་རི་སྨད་པའམ་ཆབ་མདོ་དང་ཏྲེ་བོའི་རྒྱུད་ཀྱི་བེ་རིའི་མི་རྒྱུད་དག་གིས་ཁོ་ཚོ་ནི་ལྷ་ལྡོང་དཀར་པོའི་རྒྱུད་པ་ཡིན་ཞེས་བཤད་ཀྱིན་ཡོད་ཀྱང་། བེ་རི་སྨད་པ་དར་བའི་རྩེ་མོ་ལ་གནས་པའི་སྐབས་ཏེ། དོན་ཡོད་རྒྱལ་ཕ་བུའི་དུས་སུ་རུས་ལ་བེ་རི་ཞེས་པ་ལས་ལྷ་ལྡོང་དཀར་པོ་དང་སྨུག་པོ་ལྡོང་སོགས་རུས་རྒྱུད་ཀྱི་ཆེ་བ་བརྗོད་པའི་ཐ་སྙད་འདི་དག་གང་ཡང་མཐོང་དུ་མེད་པ་ནི་ཡིག་ཚང་རྙིང་པ་ཁག་ལས་གསལ་བོར་ཤེས་ནུས། དེའི་ཕྱིར་ལོ་ངོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ཕོ་བོ་ལྡོང་ངམ་འབལ་ལྡོང་གི་ནང་ཚན་གྱི་རུས་རྒྱུད་འདིའི་མིང་དངོས་ནི་ལྡོང་བེ་རིའམ་སྨུག་པོ་ལྡོང་གི་རྒྱུད་པ་བེ་རིའི་རུས་རྒྱུད་ཡིན་པ་ལས་ལྷ་ལྡོང་དཀར་པོའི་རྒྱུད་པ་བེ་རི་ཞེས་བརྗོད་པ་ནི་འཁྲུལ་བའི་རྒྱུ་རུ་འགྲོ་བ་ལས་ལོ་རྒྱུས་དངོས་དང་མི་མཐུན་པར་སྣང་ངོ་། །

གཉིས་པ། ལྡོང་བེ་རི་རུ་སྡེ་སྟོད་སྨད་གཉིས་སུ་གྱེས་ཚུལ།

       ལྡོང་བེ་རི་འདི་ལ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད་པ་ནི་ཡིག་ཚང་ཚད་ལྡན་ཀུན་དགོངས་པ་མཐུན་ཏེ། སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི«རྒྱ་བོད་ཡིག་ཚང་ཆེན་མོ»ལས། “ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བི་རི་འ་མདོ་དང་གླིང་པ་གཉིས། །རོ་མཛེ(འཛེ)ལ་ཕུ་པ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །”[21]ཞེས་དང་། «དབུ་ནག་མིའུ་འདྲ་ཆགས»ལས་ཀྱང་དེ་དང་གཅིག་མཚུངས་སུ་གསུངས་ཡོད་པ་སོགས་ཡིག་ཚང་རྙིང་པ་མང་པོ་ལས་དེ་འདྲའི་དབྱེ་བ་ཡོད་ཞེས་གསུངས་ཡོད་ཕྱིར་ལྡོང་བེ་རིའི་ནང་གསེས་ལ་མདོ་གླིང་གཉིས་ཀྱི་དབྱེ་བ་ཡོད་པ་སྙོན་མེད་ཡིན།

       ལྡོང་བེ་རིའི་ནང་ཚན་གྱི་མདོ་གླིང་གཉིས་ཅེས་པའི་དབྱེ་སྲོལ་འདི་དུས་ནམ་ཞིག་ལ་བྱུང་བ་དང་། ས་ཁོངས་ཀྱི་དབྱེ་མཚམས་གང་ནས་འབྱེད་རྒྱུ་སོགས་ནི་ཧ་ཅང་ཐག་གཅོད་དཀའ་བའི་གནས་སུ་ཆགས་ཡོད་དེ། སྔོན་གྱི་ཡིག་ཚང་རྙིང་པ་ཁག་ལས་སྤྱིར་ལྡོང་བེ་རི་ལ་མདོ་གླིང་གཉིས་ཀྱི་དབྱེ་བ་བསྟན་པ་ཙམ་ལས་ནང་གསེས་ཀྱི་དུས་ཚོད་དང་ས་ཁོངས་སོགས་ཞིབ་ཕྲའི་གནས་ཚུལ་མི་གསལ་བ་དང་། ད་ཡོད་ཀྱི་བེ་རི་སྟོད་སྨད་ཀྱི་མི་རབས་རྒན་པའི་ངག་རྒྱུན་ལ་ཡང་ལྡོང་དཀར་སྨུག་གི་དབྱེ་བ་ཡོད་པ་ལས་མདོ་གླིང་གི་ཁྱད་པར་སོགས་ཅི་ཡང་འཆད་སྲོལ་མེད་པ་དང་། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ཕུད་པའི་བེ་རིའི་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་ཞིབ་འཇུག་པ་དག་གིས་ཀྱང་། མདོ་གླིང་གི་སྐོར་ཡེ་ནས་གླེང་མེད་པའི་རྐྱེན་གྱིས་འདིའི་ཁྱད་པར་འབྱེད་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སའི་གྱུར་མོད། ཡང་བོད་རྒྱའི་ཡིག་ཚང་རྙིང་པ་དག་གོང་སྒྲིག་ནས་དཔྱད་ན། ལྡོང་བེ་རི་འདི་ཐོག་མར་རྨ་ཆུ་སྨད་རྒྱུད་དར་ལག་གི་ཕྱོགས་དང་ཙོང་ཆུ་རྒྱུད་དུ་གནས་གཞི་ཆགས་ཡོད་ཀྱང་། བོད་བཙན་པོའི་སྐབས་བོད་ཐང་བར་གྱི་འཁྲུག་པ་དང་ཕྱིས་སུ་སོག་ཇིང་གུར་རྒྱལ་པོས་མཚོ་སྔོན་པའི་བྱང་ཤར་གྱི་ཡུལ་ལུང་མང་པོ་བཙན་བཟུང་བྱས་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རྨ་ཆུ་སྨད་རྒྱུད་ཀྱི་བེ་རི་ཚོ་བ་གཙོས་བྱས་པའི་གཉུག་མར་གནས་པའི་བོད་ཀྱི་འབྲོག་སྡེ་ཁག་གི་བདག་དབང་ལ་གནོད་འཚེ་ཐེབས་ནས་ནུབ་ཕྱོགས་སུ་གནས་སྤོས་ཤིང་། དུས་རབས་བཅུ་གསུམ་པའི་ཡར་མར་ལ་བེ་རིའི་མི་རྒྱུད་དག་རྨ་ཆུ་སྟོད་རྒྱུད་དང་ཤར་རྫའི་བར་དུ་གནས་གཞི་ཆགས་ནས། རྨ་རྫའི་སྟོད་རྒྱུད་ཀྱི་ཡུལ་གྲུ་དག་བདག་ཏུ་བཟུང་ཡོད་པ་བླ་མ་ཏི་ཤི་རས་པའི་རྣམ་ཐར་ལས“རྨའི་སྟོད་བྱང་རྫ་ཤོད་དུ་ཕེབས། བེ་རིས་མདུན་བསུས་ནས་འགྱ་ཐང་ལ་བརྒྱུད་དེ་སྤང་ཐང་ལ་སླེབས།”[22]ཞེས་པའི་འགྱ་ཐང་ནི། དེང་སང་གི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཡོད་པའི་ས་མིང་ཞིག་ཡིན་པས། སྐབས་དེའི་བེ་རི་ནི་རྨ་སྟོད་བྱང་རྫ་ཤོད་དང་། འགྱ་ཐང་གི་བར་རམ་རྨ་རྫའི་སྒང་དུ་གནས་ཡོད་པ་གཏན་ཁེལ་བྱེད་ཐུབ་ཅིང་། དེ་བཞིན་སྐབས་དེར་བེ་རི་ཚོ་བ་ནི་མདོ་ཁམས་ཕྱོགས་ཀྱི་བོད་ཀྱི་ཚོ་བ་གལ་ཆེན་ཞིག་ཡིན་པའང་«བླ་མ་ཏི་ཤི་རས་པའི་རྣམ་ཐར»ལས་“དེ་ནས་བེ་རི་ཁྱུང་ཚང་གིས་གདན་དྲངས་ནས་མི་ཉག་ཡུལ་དུ་ཕྱིན། བོད་དང་མི་ཉག་གཉིས་མི་མཐུན་པར་སྣང་བས་བསྡུམ།”[23]ཞེས་བེ་རི་ཚོ་བ་ནི་མི་ཉག་རྒྱལ་ཁབ་དང་སྦྲེལ་ནས་གནས་ཡོད་པར་བསྟན་འདུག །དེའི་ཕྱིར་ས་པཎ་སྤྲིངས་ཡིག་ཏུ་འཁོད་པའི་བི་རི་ཡང་སྐབས་དེར་རྨ་རྫའི་སྒང་སྟོད་དུ་གནས་པའི་བེ་རི་ཚོ་ཤོག་འདི་ཡིན་པ་ཐག་གཅོད་བྱེད་ཐུབ་ཀྱང་། ད་སྔ་བེ་རི་ཞིབ་འཇུག་པ་ཕལ་བོ་ཆེས་ཆབ་མདོའི་བེ་རི་ཡིན་པར་ངོས་བཟུང་ཡོད། ཡིན་ནའང་དེ་ནི་བེ་རི་སྤྱིའི་ལོ་རྒྱུས་དང་བྱེ་བྲག་ཆབ་མདོའི་བེ་རིའི་ལོ་རྒྱུས་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་གང་ལ་བལྟས་རུང་དུས་སྐབས་དེར་ངོམ་ཟླའི་བར་གྱི་ཆབ་མདོ་ས་ཁུལ་ལ་དེ་ལྟ་བུའི་བེ་རིའི་ཚོ་བ་ཞིག་ཡོད་ཚུལ་ལོ་རྒྱུས་ཡིག་ཚང་གང་ལའང་མི་གསལ་ལོ། །

ཡང་སྐབས་དེ་ཙམ་ལ་བེ་རིའི་དམག་དཔུང་ཞིག་དབུས་ཕྱོགས་སླེབས་ཡོད་པ«ལྷོ་རོང་ཆོས་འབྱུང»ལས“དབང་ཕྱུག་རྒྱལ་མཚན་མེ་མོ་སྦྲུལ(1197)ལ་སྐུ་འཁྲུངས། བཞི་བཅུ་ཞེ་གསུམ(1240)གདར་སར་བྱོན། དེ་དུས་བེ་རི་དང་ཧོར་བྱུང་ནས་དབུས་པ་ཐམས་ཅད་མ་བདེ།”[24]ཞེས་གསུངས་ཡོད་པ་དང་། མ་གྲོ་གོང་དཀར་རྫོང་རྒྱ་མ་ཁྲི་སྒང་གི་གཙུག་ལག་ཁང་དུ་བཞུགས་པའི་ཤེར་ཕྱིན་འབུམ་བྲིས་མའི་མཛད་བྱང་དུ“རི་མཐོ་ས་གཙང་དབུའ་རུ་ཟལ་མོ་སྒང་། ཡུལ་ལས་ཁྱད་འཕགས་མལ་གྲོ་ལུང་པའི་ནང་། །སྒོས་འདོད་ཚང་བ་ཟུས་པུག་བྱའོ་འཆུ་། །རུས་ཆེན་དོང་ལས་བེ་རི་འཕེལ་གྱི་རྒྱུད། །བླ་མའི་ཐུགས་ཟིན་གཉེར་པ་གཞོན་ལེབ་ཀྱིས་། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་། །ཐུགས་དམ་རྒྱས་འབྲིང་རྣམ་གསུམ་བཞེངས་པའི་ཚེ། །”[25]ཞེས་གསུངས་པ་ལ་གཞིགས་ན་སྐབས་དེར་ལྡོང་བེ་རིའི་རུ་སྡེ་ཞིག་ཡུལ་དབུ་རུའི་ཕྱོགས་སུ་གནས་ཡོད་ལ། ཤེར་ཕྱིན་ཡུམ་འདི“ཚེགས་དང་ཤད་ཀྱིས་འབྲི་སྟངས་ལ་བལྟས་ན། དུས་རབས14-15གནའ་དཔེ་ཡིན་པར་ངེས།”[26]ཞེས་དེང་རབས་བོད་ཀྱི་གསུང་རབ་སྨྲ་བ་པད་མ་བཀྲ་ཤིས་ཀྱིས་གསུངས་ཡོད་པ་དང་། དེ་བཞིན«ཏི་ཤྲི་རས་པའི་རྣམ་ཐར་དཔེ་རྙིང»དུ“བྷ་བྲོམ(འབའ་རོམ)དུ་བྱོན་ནས་བཞུགས་པའི་དུས་སུ་བེ་རིས་བོས་ནས་རྩང་གཡས་རུ་ལ་འགྲོ་བའི་ལམ་དུ།”[27]ཞེས་སྐབས་དེར་བེ་རིའི་མི་སྡེ་སྐོར་ཞིག་གཡས་རུའི་ཕྱོགས་སུ་ཡོད་པར་བསྟན་འདུག་པ་མ་ཟད། «ཀརྨ་པ་སྐུ་ཕྲེང་གཉིས་པ་གྲུབ་ཆེན་ཀརྨ་པཀྴིའི་རྣམ་ཐར»ལས“དེའི་ཚེ་མཚུར་ཕུར་དགོན་པའང་གླིང་དང་བེ་རིས་བཤིག་ཅིང་། མི་སུ་ཡང་མེད་པའི་སྐབས་སུ་ཕེབ་པ་ལས། ལོ་ངོ་དྲུག་གི་བར་དུ་བཞུགས་ཤིང་། ཕྲིན་ལས་རྣམ་བཞི་སྒྱུ་མ་ལྟ་བུར་སྤྲུལ་ནས། གདུག་པ་ཅན་རྣམས་བཏུལ་ཞིང་། རྗེ་དུས་གསུམ་མཁྱེན་པའི་མཚན་དང་བསྟན་པ་ཕྱོགས་མེད་དུ་གྲགས་ཤིང་ཁྱབ་པར་མཛད།”[28]ཅེས་གསུངས་ཡོད་པ་སོགས་གོང་འཁོད་ཀྱི་ཡིག་ཆ་དག་གཞིར་བྱས་ན་ཡོན་རྒྱལ་རབས་ཀྱི་དུས་མགོ་ཙམ་ལ་བེ་རིའི་རུ་སྡེ་ཞིག་ཡུལ་དབུས་ལྷ་ལྡན་ནམ་དེའི་ཉེ་འཁོར་གཡས་རུ་ཕྱོགས་ན་སླེབས་ཡོད་དོ། །

       ས་པཎ་སྤྲིངས་ཡིག་དང་ཏི་ཤི་རས་པའི་རྣམ་ཐར་བཅས་སུ་འཁོད་པའི་རྨ་རྫའི་སྒང་སྟོད་ཀྱི་བེ་རི་ཚོ་བ་དེ་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་སྟོད་སྨད་གཉིས་སུ་གྱེས་ཏེ། སྐོར་ཞིག་གསེར་ལྡན་ཆུ་བོའམ་འབྲི་ཆུའི་སྟོད་རྒྱུད་ཉ་མཚོའི་ཡུལ་དུ་ཆས་ནས་གཞི་བདག་ཁུ་གྭ་པ་ལྟེ་བ་བྱས་པའི་ཡུལ་གྲུ་དག་བདག་ཏུ་བཟུང་བ་དང་། ཡང་སྐོར་ཞིག་བར་ཁམས་ལྷོ་རྒྱུད་ཆབ་མདོའི་ཕྱོགས་སུ་གྱེས་པས་བེ་རི་སྟོད་སྨད་གཉིས་སམ་མདོ་གླིང་གཉིས་སུ་གྱུར། བེ་རི་སྟོད་སྨད་ཅེས་བླ་མ་གོང་མ་རྣམ་པའི་རྣམ་ཐར་ལ་གསལ་བས་སྟོད་སྨད་ཀྱི་དབྱེ་བ་འབྱེད་རྒྱུ་ནི་ལས་སླ་མོ་ཡིན་ཡང་། སྔོན་གྱི་ཡིག་ཚང་རྙིང་པ་དག་ལ་འཁོད་པའི་བེ་རི་མདོ་གླིང་གི་དབྱེ་མཚམས་འབྱེད་རྒྱུ་ནི་ལྟོས་བཅས་ཀྱིས་དཀའ་གནད་དུ་གྱུར་ཡོད་དེ། འབྲེལ་ཡོད་ཀྱི་ཡིག་ཚང་གང་ལའང་བེ་རི་མདོ་གླིང་གི་ས་མཚམས་ཆུ་མཚམས་འཁོད་མེད་པ་དང་། བེ་རི་སྟོད་སྨད་གཉིས་ཀར་བེ་རི་མདོ་གླིང་དང་འབྲེལ་བའི་ངག་རྒྱུན་ཡེ་ནས་མེད་པས། བེ་རི་མདོ་གླིང་གི་དབྱེ་བ་འབྱེད་རྒྱུ་ནི་ཧ་ཅང་དཀའ་མོད་ཀྱང་། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་གསུངས་པ་ལྟར། བེ་རི་རྒྱལ་རབས་དང་མི་རབས་རིམ་པར་བྱུང་བ་རྣམས་ཀྱི་མངའ་ཐང་དར་རྒུད་འཇིག་རྟེན་འཁོར་བ་སྤྱི་ཡི་འགྲོས་དང་། ཡང་དགོས་བོད་ཀྱི་གནས་བབ་འགྱུར་འགྲོས་ཅི་རིགས་སྣ་ཚོགས་པ་བརྟེན་ནས་ས་ཁྱོན་དང་མངའ་འབངས་ཀྱང་ཆེ་ཆུང་དང་མང་ཉུང་གི་འགྱུར་བ་སྣ་ཚོགས་པ་ཞིག་བྱུང་བ་ནི་བཤད་མི་དགོས་པ་ལྟར། དབྱར་ཁའི་གནམ་གཤིས་དང་། རྒྱ་མཚོའི་རྦ་རླབས་བཞིན་འཕོ་འགྱུར་ཅི་རིགས་པའི་འོག བེ་རི་ལ་སྟོད་སྨད་གཉིས་སུ་ཆད་དེ། སྟོད་པ་ལ་གླིང་པ་དང་། སྨད་པ་ལ་མདོ་བ་ཡང་ཟེར་བ་འདྲ་ཞེས་སྤྱིར་བེ་རི་འདི་ལོ་རྒྱུས་ཡུན་རིང་ཞིང་། འཕོ་འགྱུར་ཅི་རིགས་བྱུང་མྱོང་བའི་རུས་རྒྱུད་ཅིག་ཡིན་པ་དང་། འཕེལ་འགྲིབ་ཀྱི་ལོ་ཟླའི་ཁྲོད་རིམ་གྱིས་བེ་རི་སྟོད་སྨད་ཚོ་ཁག་གཉིས་སུ་གྱེས་པས། བེ་རི་སྟོད་པ་ལ་གླིང་པ་དང་། བེ་རི་སྨད་པ་ལ་མདོ་བ་ཞེས་མིང་ཆགས་པར་གསུངས་ཡོད་པ་ཙམ་ལས་བེ་རི་སྟོད་སྨད་ལ་མདོ་དང་གླིང་པ་ཞེས་པའི་མིང་གི་ཐོགས་དོན་སོགས་རྒྱུ་མཚན་གང་ཡང་བཀོད་མེད།

       འོན་ཀྱང་དབྱེ་སྟངས་དེ་ལ་ཞིབ་ཏུ་འདང་བརྒྱབ་ན་རྒྱུ་མཚན་ངེས་ཅན་ཡོད་པ་འདྲ་སྟེ། བེ་རི་སྟོད་པའི་ཡང་མེས་བེ་རི་ཇ་རྒྱལ་ནས་མི་རབས་བཞི་ལྔ་ཙམ་གྱི་རིང་ལ་བེ་རི་སྟོད་པ་གསེར་ལྡན་ཆུ་བོའམ་འབྲི་ཀླུང་གཙང་པོའི་སྟོད་རྒྱུད། གཞི་བདག་ཁུ་རྒན་ག་པའི་འདབས་རོལ་ཏེ། གླིང་ཁྲི་གོང་འོག་བར་གསུམ་དུ་ཕྱེས་པའི་གླིང་ཁྲི་བར་མར་གནས་གཞི་ཆགས་པས་བེ་རི་གླིང་པ་དང་། བེ་རི་ཆོས་འབུམ་གྱི་ཡང་མེས་དག་གིས་ངོམ་ཆུ་དང་ཟླ་ཆུའི་འདྲིས་མཚམས་སམ་བེ་རི་སྟོད་པ་ལ་བལྟས་ན་ལྟོས་བཅས་ཀྱིས་སྨད་དམ་མདོ་ལ་གནས་པས་ན་བེ་རི་མདོ་བ་ཞེས་མིང་ཐོགས་པར་སྨྲས་ན་བོད་རང་གི་ས་མིང་འདོགས་སྟངས་དང་མཐུན་ཞིང་། རྒྱལ་ཕྲན་དེ་གཉིས་ཀྱི་གནས་ཡུལ་དང་ཚོ་བའི་མིང་གཉིས་ཐ་དད་དུ་མ་སོང་པར་ཆགས་ཡོད། །དེའི་ཕྱིར་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས་གསུངས་པ་ལྟར་བེ་རི་སྟོད་པ་ལ་གླིང་པ་དང་། བེ་རི་སྨད་པ་ལ་མདོ་བ་ཞེས་བཤད་ཆོག་མོད། འོན་ཀྱང་བེ་རི་དགེ་བཤེས་ཀྱིས་བེ་རི་སྟོད་སྨད་དམ་མདོ་གླིང་གི་ཁྱད་པར་འདི་ས་པཎ་ཡར་སྔོན་ནས་ཡོད་པ་དང་། ས་པཎ་སྤྲིངས་ཡིག་ཏུ་འཁོད་པའི་བི་རི་ནི་བེ་རི་སྨད་པའམ་མདོ་བ་སྟེ་ཆབ་མདོའི་བེ་རི་ཡིན་ཞེས་སྨྲས་ཡོད་ཀྱང་། བེ་རི་སྟོད་སྨད་དམ་མདོ་གླིང་གི་ཁྱད་པར་ནི་ས་པཎ་གྱི་རྗེས་སུ་བྱུང་བ་དང་དུས་སྐབས་དེར་ཆབ་མདོའི་རྒྱུད་དུ་བེ་རིའི་མི་སྡེ་མེད་ཚུལ་སོགས་གོང་ནས་ཞུས་ཟིན་པ་ལྟར་རོ། །

གསུམ་པ། བེ་རི་སྟོད་སྨད་ཀྱི་མི་རྒྱུད་ཕྱི་མའི་སྐོར།

       རུས་རྒྱུད་གཅིག་ལས་མཆེད་པའི་དཔོན་ཚང་སྟོད་སྨད་འདི་གཉིས་ཀྱིས་བར་ཁམས་ཀྱི་ཡུལ་གྲུ་ཀུན་ལ་གྲགས་ཆེ་བའི་བྱས་པ་ཅི་རིགས་བཞག་ཡོད་དེ། བེ་རི་སྟོད་པའི་མི་རྒྱུད་དག་འབྲི་ཀློང་སྔོན་མོའི་སྟོད་རྒྱུད་དུ་གནས་སྤར་པས་བེ་རི་ཉ་མཚོ་ཞེས་སྙན་པའི་གྲགས་པ་བར་ཁམས་བྱང་འབྲོག་གི་ལྗོངས་སྤྱི་ལ་ཁྱབ་པའི་ཚོ་བ་ཞིག་ཏུ་གྱུར་ཞིང་བར་ཁམས་བྱང་ཕྱོགས་ཀྱི་ཡུལ་གྲུ་ཕལ་བོ་ཆེ་གླིང་དཔོན་ཚང་དང་བེ་རི་ཉ་མཚོས་དབང་བསྒྱུར། དེ་ཡང་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན(1416-1453)གྱི་རྣམ་ཐར་ལས་“འགྱ་ཐང་དུ་གླིང་དཔོན་ཆེན་གྱི་འབུལ་བ་རྣམས་བཞེས་ནས་བེ་རི་ཉ་མཚོའི་བར་ལ་བྱོན་ནས་དེའི་སར་མཇལ་བ་ཐམས་ཅད་ཡོད་པར་བྱས།”[29]ཞེས་གསུངས་པ་ལྟར་དུས་རབས་བཅོ་ལྔ་པའི་ནང་བར་ཁམས་བྱང་རྒྱུད་ལ་མིང་དུ་གྲགས་པའི་རྒྱལ་ཕྲན་ནམ་ཚོ་བ་གཉིས་ཡོད་པ་ནི་བེ་རི་ཉ་མཚོ་དང་གླིང་དཔོན་ཚང་ཡིན་པ་རྟོགས་ཐུབ། དེ་བཞིན་བེ་རི་སྟོད་པ་ཉ་མཚོའི་ཕྱོགས་སུ་གནས་པའི་བར་ཁམས་བྱང་རྒྱུད་ཀྱི་ཡུལ་གྲུ་ཕལ་བོ་ཆེ་དཔོན་ཚང་འདི་བའི་མངའ་རིས་སུ་གྱུར་ཡོད་པ་སྔོན་གྱི་ཡིག་ཚང་དང་། དེང་གི་ངག་རྒྱུན། དེ་མཚུངས་ཀྱི་བེ་རི་ཉ་མཚོ་དང་འབྲེལ་བའི་གནའ་ཤུལ་དག་གིས་གསལ་བཤད་བགྱིས་འདུག །ཕྱིས་སུ་དུས་རབས་བཅུ་དྲུག་པའི་སྟོད་ཙམ་ལ་བེ་རི་ཉ་མཚོ་དང་སོག་པོ་ཐུ་མེད་ཧོ་ལོ་ཆི་བར་ལ་འགལ་བ་བྱུང་ནས་བེ་རི་སྟོད་པའི་རྒྱལ་ས་ལྷོ་ཟླ་ངང་མའི་རྒྱུད་དུ་སྤར་བས་བེ་རི་ཉ་མཚོ་དགེ་རྒྱལ་ཞེས་དཔོན་ཚང་དེའི་སྟོབས་འབྱོར་སྔར་ལས་དར་བར་གྱུར། གཞུང་དགའ་ལྡན་ཕོ་བྲང་གི་དུས་མགོར་བེ་རི་སྟོད་པའི་དཔོན་རབས་བདུན་པ་ཀརྨ་གཡུལ་རྒྱལ་མིང་སྲིང་གིས་དགེ་སོག་ལ་ཞབས་ཏོག་བླ་མེད་བགྱིས་པ་མ་ཟད། དཔོན་ཀརྨ་གཡུལ་རྒྱལ་སོག་གུ་ཤྲི་ཧན་གྱིས་བར་ཁམས་བེ་རི་དོན་ཡོད་རྒྱལ་བཅོམ་པའི་སྐབས་སོག་དམག་གི་རུ་འདྲེན་གྱི་འགན་བཞེས་ཚུལ«ཁམས་སྤྲུལ་རང་རྣམ»ལས་བེ་རི་སྟོད་པ་དགེ་རྒྱལ་གྱི་དཔོན་རབས་བརྒྱད་པ་ཀརྨ་གཡུལ་རྒྱལ་སོག་པོ་ཧོ་ཤོད་ཚོ་བས་བར་ཁམས་ལ་དབང་བསྒྱུར་བའི་དུས“འདི་ནས་བརྩམས་གཞུང་ས་དགའ་ལྡན་ཕོ་བྲང་དང་། གོོ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་མཆོད་ཡོན་གྱི་ཞབས་འོག་ཏུ་ཆུད། བསྟན་འཛིན་ཆོས་རྒྱལ་མདོ་ཁམས་སུ་སྤྱན་འདྲེན་པའི་མི་བཞི་ལ། མ་གསོས་བུ་བཞི་དང་། བོད་ཀྱི་དྲིན་ཆེན་མི་བཞིར་གརྒས་པའི་ཡ་གྱལ་གཅིག་ཡིན་པར་འདུག”[30]ཅེས་གསུངས་པ་ལྟར་དུས་འདི་ནས་བཟུང་བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་ལ་བོད་སོག་ཆེ་རྒུའི་གཟིགས་སྐྱོང་བླ་མེད་ཐོབ་ནས་བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་ལ་གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་གནང་བའི་བཀའ་ཤོག་སྔ་ཕྱི་གཉིས་དང་། གོང་ས་དྲུག་པ་དང་བདུན་པ། དེ་བཞིན་དེ་མོ་རྒྱལ་ཐོག་དང་པོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སོ་སོས་བཀའ་ཤོག་ལ་རྒྱབ་གནོན་རིམ་པར་བསྩལ་ཡོད་པ་མ་ཟད། སོག་པོ་དྷ་ལི་རྒྱལ་པོ་དང་དེས་ཆིང་པ་ཐུར་རྣམ་གཉིས་ཀྱིས་ཀྱང་སྔ་ཕྱི་དགེ་རྒྱལ་དཔོན་ལ་བཀའ་ཤོག་རིམ་པར་གནང་ཡོད་ཅིང་། བཀའ་ཤོག་དེ་དག་ད་ལྟའི་བར་དུ་བོར་བརླག་མ་སོང་བར་བེ་རི་སྟོད་པ་དགེ་རྒྱལ་དཔོན་གཟུ་རུ་བླ་མ་ཀརྨ་བསྟན་འཛིན་གྱི་ཕྱག་ཏུ་ཡོད། དེ་བཞིན་གོང་ས་ལྔ་པ་རྒྱ་ནག་ལ་ཕེབས་སྐབས་ལམ་བར་ནས་དཔོན་ཚང་འདིས་ཞབས་ཏོག་རྒྱ་ཆེན་བགྱིས་ཚུལ«རང་རྣམ་དུ་ཀཱུ་ལའི་གོས་བཟང»ལས“བི་རི་སྟོད་ཏ་གཡུལ་རྒྱལ་དང་ཆོས་སྒྲོན་མིང་སྲིང་སོགས་ཀྱིས་རྟ་བདུན་ཅུ། ཁྲབ་དགུ། སྤུ་གནག་ཕྱེད་ཉིས་བརྒྱ་བསྟར། སྒར་སྟོན་ཡོང་གྲགས་དང་མཐུན་པའི་ཐུགས་དམ་བཀང་བ་མ་བྱུང་རུང་མར་ཐུད་ཀྱི་བསྙེན་བཀུར་ས་སྟོང་མ་ལུས་ཙམ་སྣང་།”ཞེས་དང་། ཡང་དེ་ལས་བེ་རི་སྟོད་པ་དགེ་རྒྱལ་བཟའ་སྤུན་མཆེད་ཀྱིས་གོང་ས་ལྔ་པར་ཞུས་དོན་“ཆོས་སྒྲོན་གྱིས་རྒྱ་ནག་ནས་རིང་པོར་མ་ཐོགས་པ་ཡར་འོང་བའི་སྨོན་ལམ་ཡོད་པའི་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བ་དང་དེའི་ནུབ་མོ་བསོད་ནམས་དཔལ་བཟང་གིས་ཀྱང་བསྐུལ་བ་ལྟར་སོ་སོར་འདོད་སྦྱར་བྲིས།”[31]ཞེས་པ་སོགས་གསལ་བར་འཁོད་ཡོད་པ་མ་ཟད། གོང་ས་ལྔ་པ་ཡར་བོད་ལ་ཕེབས་སྐབས་ཀྱང་བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་ལ་ཕེབས་ཚུལ་བཅས་རྣམ་ཐར་དུ་གསལ་བོར་འཁོད་ཡོད། དེ་བཞིན་གོང་ས་ལྔ་པས་བེ་རི་སྟོད་པ་ལ་གནང་བའི་བཀའ་ཤོག་སྔ་ཕྱི་གཉིས་ཀར“འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང་། བྱེ་བྲག་ཁར་ཁ་ཚོ་བ་བདུན། ཨོ་རོད་ཚོ་པ་བཞི། མདོ་སྟོད་མདོ་སྨད་ཀྱི་སའི་ཆར་འཁོད་པའི་ལྷ་སྡེ་མི་སྡེ་དམག་ཇག་གི་འགྲིམ་འགྲུལ་བྱེད་མི་བྱ་བ་ཞི་དྲག་གི་སྣེ་མོར་མངགས་སློབ་དང་བཅས་པ་མཐའ་དག་ལ་སྤྲིངས་པ། བི་རི་སྟོད་པ་དགེ་རྒྱས་འདི་པ་མི་རབས་སུ་ཞྭ་གསེར་ཅོད་པཎ་འཛིན་པ་མཐའ་དག་གི་སྦྱིན་བདག་ཡིན་ཅིང་། ཁྱད་པར་དགའ་ལྡན་ཕོ་བྲང་དུ་གུས་ཞབས་ཆེ་བའི་སྐྱོད་འོས་ཡིན་པས། ཁྱོད་གོང་འཁོད་རྣམས་ཀྱིས། དཔོན་ངག་དབང་རྡོ་རྗེ་འདི་པའི་སྡེར་རྟོགས་མི་ནོར་ཕྱུགས་གསུམ་དང་བཅས་པར་གནོད་འགལ་ལོག་པར་འགྲོ་བ་མ་བྱེད། འཚུལ་བཞིན་བསྒྲུབས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན།”[32]ཞེས་པ་སོགས་དཔོན་ཚང་འདི་ཞྭ་སེར་བསྟན་པ་ལ་སྲི་ཞུ་ཆེ་བ་དང་བོད་སོག་ཆེ་རྒུ་དག་གིས་བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་ལ་གཟིགས་སྐྱོང་བླ་མེད་མཛད་ཀྱིན་ཡོད་པ་གསལ་བོར་ཤེས་ཐུབ་པ་མ་ཟད། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས“སྟོད་ཕྱོགས་ཐམས་ཅད་དགེ་རྒྱས་དང་། སྨད་ཕྱོགས་ཐམས་ཅད་བེ་རིས་བཟུང་། ཕྱི་མའི་དཔོན་དགེ་རྒྱལ་ཡིན་པར་གྲགས”[33]ཞེས་གསུངས་པ་ལྟར་དུས་རབས་བཅུ་བདུན་པའི་དུས་མགོར་བར་ཁམས་སྟོད་སྨད་བེ་རི་སྟོད་སྨད་ཀྱིས་བཟུང་ཡོད་པ་དང་། བེ་རི་སྨད་པའི་སྲིད་དབང་གི་སྟོབས་ཤུགས་མཇུག་རྫོགས་པ་ནས་བར་ཁམས་ཀྱི་ལྗོངས་འདིར་བེ་རི་སྟོད་པ་དགེ་རྒྱལ་ལས་སྟོབས་ཆེ་བ་མེད་པར་མངོན། ཡིན་ཡང་དུས་རབས་བཅོ་བརྒྱད་པའི་སྐབས་སུ་དཔོན་ཚང་མ་འཆམ་པས་དཔོན་ཁག་གསུམ་དུ་གྱེས་ཤིང་མངའ་ཐང་ཉམས་ཉེས་སུ་གྱུར་ཡང་དཔོན་ཁག་སོ་སོའི་མི་རྒྱུད་ཕྱི་མ་ད་ལྟའི་བར་དུ་ཡོད་དོ། །

       བེ་རི་སྨད་པ་ཚོ་བ་འདི་ཡང་ཆབ་མདོའི་ཕྱོགས་སུ་གཞིས་ཆགས་ཤིང་། ཀརྨ་སྐུ་ཕྲེང་བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི(1507-1554)སྐུ་དུས་ནས་གོ་ཐོབ་གལ་ཆེན་ཡོད་པ་ཁོང་གི་རྣམ་ཐར་ལས་“འབའ་སྟག་མགོ་འབའ་ཐང་དུ་ཕེབས། གོ་འཇོ་སྟོང་དཔོན་དང་བེ་རི་སྟོང་དཔོན་པས་མཇལ།”[34]ཞེས་གསུངས་པ་བཞིན་སྐབས་དེའི་དུས་ནས་དཔོན་ཚང་འདི་ཆབ་སྲིད་ཀྱི་སྟོབས་ཤུགས་ངེས་ཅན་ཡོད་པ་མ་ཟད། «འཛི་སྒར་སྐུ་ཕྲེང་བཞི་པའི་རྣམ་ཐར»ལས“བེ་རི་ཉི་མ་རྒྱལ་མཚན་ཅེས་རླུང་ལྟར་གྲགས་པའི་པ་དེ་ནས་མི་རབས་བཅུ་བདུན་པར། དོན་ཡོད་རྒྱལ་ཞེས་དགེ་སྡིག་གི་ལས་ཐག་ཁྲ་ལྟར་སྤྱོད་ཅིང་། དྲག་ཤུལ་གྱི་སྟོབས་དང་ལྡན་པའི་རྒྱལ་པོ་དང་། ཀླུ་བཙན་རྒྱལ་ཞེས་མདོ་ཁམས་ཕལ་ཆེར་ལ་དབང་བསྒྱུར་བའི་རྒྱལ་པོ་གཉིས་བྱུང་།”[35]ཞེས་གསུང་བ་ལྟར་བེ་རི་སྨད་པའི་གདུང་རྒྱུད་ལས་འཁྲུངས་པའི་བེ་རི་བུ་རྒྱལ་ལམ་ཁམས་བེ་རི་དོན་ཡོད་རྒྱལ་གྱི་སྐུ་དུས་སུ་བར་ཁམས་ཀྱི་ཡུལ་གྲུ་ཕལ་མོ་ཆེ་རྒྱལ་པོ་འདིས་མངའ་འོག་ཏུ་བཅུག་ཡོད་པས་ཕྱི་རབས་པ་དག་གིས་“ཁམས་ཕྱོགས་འདིར་གླང་ཆེན་སྨྱོན་པའམ་སེང་གེ་སྲབ་མེད་འཕྱོ་བ་ལྟ་བུའི་ཆུ་དྲུག་སྒང་ལྔར་འཁོད་པའི་ལུས་ཅན་མཐའ་དག་བུ་རྒྱལ་གྱི་ཁྲིམས་ལས་ནམ་ཡང་འདའ་བར་མི་སྤྱོད་ཅིང”[36]ཞེས་གསུངས་པ་བཞིན་རང་གི་དྲག་ཤུགས་ཁོ་ནར་བརྟེན་ནས་བར་ཁམས་ཀྱི་ཡུལ་སྤྱི་ལ་དབང་བསྒྱུར་བས་སྔོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ“གཙང་རྒྱལ་རྣམས་དང་དུས་མཚུངས་སུ་ཁམས་ལ་བེ་རི་ཤེད་རྒྱས་ཤིང་དོན་ཡོད་རྒྱལ་དུས་སྟོད་དགེ་རྒྱས་རྫ་དཀར་ནག་ནས་སྨད་མེ་ཉག་ལ་ཐུག་པའི་བར་ལ་མདོ་ཁམས་སུམ་གཉིས་དབང་དུ་བསྡུས་པས་དྲག་བཙན་ཕལ་ཆེར་ཀྱང་འདི་པའི་དབང་ཡིན་པ་ཤས་ཆེ”[37]ཞེས་གསུངས་པ་ལྟར་རྒྱལ་པོ་འདིས་བར་ཁམས་ཀྱི་དྲག་བཙན་མང་པོ་ཞིག་དྲག་པོ་གཡུལ་གྱིས་ཆམ་ལ་ཕབ་ཡོད་པར་འདུག །དེ་བཞིན་རྒན་ཚེ་རིང་ཆོས་མཚོས་“དོན་ཡོད་རྒྱལ་དང་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའི་བར་གྱི་འབྲེལ་བ་ནི་སྣ་མང་རྙོག་འཛིང་ལྡན་པ་ཞིག་ཡིན་མོད། ཡིན་ཡང་དགེ་ལུགས་པའི་སོར་རྩེ་ནས་བྱུང་བའི་ཡིག་ཆ་དག་ལས་བོན་གྱི་རྗེས་འཇུག་པ་དོན་ཡོད་རྒྱལ་ཞེས་བརྗོད་པའི་འདུ་ཤེས་སམ་དམིགས་ཡུལ་ནི་དོན་ཡོད་རྒྱལ་རྩ་མེད་བཟོ་ཕྱིར་དེ་ལྟར་ཁྱབ་བསྒྲགས་བྱས་ཡིན།[38]ཞེས་གསུངས་པ་ལྟར་བེ་རི་དོན་ཡོད་རྒྱལ་གྱིས་བར་ཁམས་ལ་དབང་བསྒྱུར་ནས་ཡུན་རིང་མ་འགོར་བར་ནང་གི་ཕྲ་མ་དང་། ཕྱིའི་འདོད་རྔམས་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་སོག་དམག་གིས་བཅོམ། དོན་ཡོད་རྒྱལ་གྱི་གདུང་རྒྱུད་ཕྱི་མ་གང་ཡིན་མ་ངེས་ཀྱང་། བེ་རི་སྨད་པ་ཀླུ་བཙན་རྒྱལ་གྱི་གདུང་རྒྱུད་ཕྱི་མ་དག་བར་ཁམས་བྱང་འབྲོག་གི་ཕྱོགས་སུ་ཡོད་པ«འཛི་སྒར་བཞི་པའི་རྣམ་ཐར»ལས་ཀླུ་བཙན་རྒྱལ་གྱི“སྲས་ཆོས་མཛད། དེ་ཡི་སྲས་རྨ་ཆེན་སྤོམ་རའི་བརྫུས་སྲས་སུ་གྲགས་པ་ཁ་བ་ཐའི་ཇི། དེ་ཡི་སྲས་བཱ་ཐུར་ཐའི་ཇི། དེའི་སྲས་ཡབ་ཏུ་གྱུར་བ་ཉིད་དེ།”[39]ཞེས་གསུངས་པ་བཞིན་བེ་རི་སྨད་པའི་མངའ་ཐང་སོག་དམག་གིས་བཅོམ་རྗེས་བེ་རི་ཀླུ་བཙན་རྒྱལ་གྱི་གདུང་རྒྱུད་ཕྱི་མ་རྣམས་གཙོར་བྱས་པའི་བེ་རི་སྒར་ཆེན་དེ་ཡང་བར་ཁམས་བྱང་འབྲོག་གི་ཕྱོགས་སུ་སྤར་ཞིང་དེའི་གདུང་རྒྱུད་ལས་འཛི་སྒར་བཞི་པ་སོགས་སྐྱེས་མང་དུ་འཁྲུངས། འཛི་སྒར་བཞི་པའི་རྣམ་ཐར་ལྟར་ན་ཕྱིས་དུས་རབས་བཅོ་བརྒྱད་པའི་སྐབས་སུ་བེ་རི་སྒར་ཆེན་དེ་བེ་རི་སྟོད་པ་དགེ་རྒྱལ་ཡུལ་ཏེ། དེང་གི་ཟོ་སྐྱ་ཡུལ་ཚོར་གནས་ཡོད་པ་འདྲ། དུས་འགྱུར་གྱི་སྐབས་ནས་བཟུང་བེ་རི་སྒར་ཆེན་ཡང་བྱང་ཨ་མདོའི་ཕྱོགས་སུ་གནས་ཡོད་དོ། །

མཇུག་བསྡུ་བ།

       མདོར་ན། ས་མིང་རུས་ལ་ཐོགས་པའི་ལྡོང་བེ་རི་ནི་རྒྱ་བོད་ཡིག་ཚང་ཁག་ཏུ་བྱུང་སྔ་ཞིང་དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་ཡུལ་སྟོད་སྨད་བར་གསུམ་ལ་བྱས་པ་ཅི་རིགས་བཞག་མྱོང་བའི་བོད་ཀྱི་རུས་རྒྱུད་རྙིང་པ་ཞིག་ཡིན་ཞིང་། དུས་རབས་བཅུ་བཞི་པའི་སྐབས་སུ་གཞི་ནས་རྨ་སྟོད་བྱང་རྫ་ཤོད་དང་འགྱ་ཐང་བར་དུ་གནས་པའི་བེ་རིའི་མི་སྡེ་དག་ཚོ་ཁག་གཉིས་སུ་གྱེས་ནས་བེ་རི་ཇ་པ་རྒྱལ་གྱིས་མཚོན་པའི་མི་སྡེ་སྐོར་གཅིག་གསེར་ལྡན་ཆུ་བོའི་སྟོད་རྒྱུད་གཞི་བདག་ཁུ་རྒན་ཁ་པའི་འདབས་རོལ་ཏེ། གླིང་ཁྲི་བར་མར་གནས་ཆགས་པས་བེ་རི་གླིང་པ་སྟེ། དེང་གི་བེ་རི་སྟོད་པ་དགེ་རྒྱལ་དཔོན་ཚང་གཙོས་བྱས་པའི་བར་ཁམས་བྱང་འབྲོག་གི་བེ་རི་ཚོ་བ་ཁག་དང་། ནང་ཆེན་རྒྱུད་ཀྱི་ལྡོང་ཚང་དང་བཅས་པའོ། །བེ་རི་ཆོས་འབུམ་གྱི་ཡང་མེས་དག་ཆབ་མདོའི་རྒྱུད་དུ་གནས་ཆགས་པས་བེ་རི་མདོ་བ་ཞེས་པ་འདི་ནས་བྱུང་ཞིང་། གཙང་དུས་ཀྱི་བེ་རི་རྒྱལ་པོ་དང་ཕྱིས་ཀྱི་ཏྲེ་བོའི་བེ་རི་སོགས་འདིའི་ཁོངས་སུ་གཏོགས། དེའི་ཕྱིར་བེ་རི་སྟོད་པ་ལ་གླིང་པ་དང་བེ་རི་སྨད་པ་ལ་མདོ་བ་ཞེས་བརྗོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1