ས་མཐོའི་ཐང་དཀར་རྒོད་པོ།
—— བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གསང་གནད་འགྲིམ་འགྲུལ་ཁྲུའི་དེ་སྔའི་ཁྲུའུ་ཀྲང་གཞོན་པ་སྤེན་པར་རྗེས་དྲན་ཞུས་པ།
འདི་ནི་སྤེན་པས(གཡས་ཀྱི་དང་པོ)བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཆུ་གསུམ་སྦུག་གྲོང་ཚོར་གྲོང་སྡོད་བྱེད་རིང་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུའུ་གོ་ཆང་དང་། ཆུས་ཡུང་ཀོན། པའེ་ཧྲའོ་ཕུའོ།
འཛམ་གླིང་ཡང་རྩེའི་ཐོག་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་ཡོད་ཅིང་། ལོ་མང་རིང་ཁོང་གིས་ཐང་དཀར་རྒོད་པོ་ལྟར་གངས་རི་བརྒལ་ནས་བདེ་འཇགས་དང་དུས་ཐོག་ཏུ་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་བཀའ་དང་གངས་ལྗོངས་བུ་ཕྲུག་གི་བསམ་འདུན་བརྒྱུད་སྤྲོད་བྱས་ནས་ལྷག་བསམ་རྣམ་དག་ངང་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་དུ་བླངས་ཡོད།
ཁོང་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གསང་གནད་འགྲིམ་འགྲུལ་ཁྲུའི་དེ་སྔའི་ཁྲུའུ་ཀྲང་གཞོན་པ་དུས་རབས་གསར་པའི“གསར་བརྗེའི་བཀའ་བསྒྲགས་དམག”སྤེན་པ་རེད།
“ཏང་ནི་རླབས་ཆེན་གྱི་སྐྱེད་མ་ལྟ་བུ་རེད། ཏང་གི་ཆེད་དུ་ནུས་པ་འདོན་རྒྱུ་བྱུང་ན་གཟི་བརྗིད་ཆེ་ཤོས་རེད”
“ང་རང་ཆུང་དུས་སུ་ཕ་མི་ཡུལ་ནས་བྲལ་ཟིན། ཏང་གིས་ང་གསོ་སྐྱོང་བྱས་བྱུང་། མ་གཞི་དམག་མི་བྱས་ན་དཀའ་ལས་ཆེན་པོ་ཡོད་ཀྱང་སྔ་ཙམ་ཏང་གི་ཆེད་དུ་ལས་ཀ་བྱེད་རྒྱུ་བྱུང་ན། ང་ལ་གནོང་འགྱོད་མེད”1981ལོར་ལྷ་ས་སློབ་འབྲིང་དུ་སློབ་གྲྭ་འགྲིམ་བཞིན་པའི་ལོ་16ལ་སླེབས་པའི་སྤེན་པས་མི་ཚེའི་གདམ་ག་དང་པོ་དེ་བྱས།
ལོ་དེར་སློབ་གྲྭར་བརྡ་ཐོ་འབྱོར་ནས་སྤྱོད་ཡོན་གཉིས་ལྡན་དང་དཀའ་སྤྱད་སྙིང་རུས་ཆེ་བའི་སློབ་མ་དམག་མིར་འདེམས་ཀྱི་ཡོད་པས་སྤེན་པས་འཕྲལ་ཐག་ཆོད་པོས་མིང་ཐོ་བཀོད།
སྤེན་པའི་བཟའ་ཟླ་སྒྲོལ་དཀར་ཡང་སྐབས་དེ་དུས་ལྷ་ས་སློབ་འབྲིང་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་ཁོང་གཉིས་ནི་འཛིན་གྲྭ་གཅིག་པའི་སློབ་གྲོགས་རེད། སྒྲོལ་དཀར་གྱིས“སྐབས་དེ་དུས་ཁོང་ནི་འཛིན་གྲྭའི་པན་ཀྲང་རེད། སློབ་སྦྱོང་ལ་བརྩོན་ཞིང་སློབ་ཕྲུག་དང་ཡང་འཆམ་པོ་ཡོད། རྐང་འཁོར་བཞོན་ཏེ་ངའི་འཁྲིས་ནས་འགྲོ་བའི་ཁོང་གི་གཟུགས་བརྙན་ད་ལྟ་ཡང་བློ་ལ་འཁོར་གྱི་འདུག”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
དམག་དཔུང་དུ་ཞུགས་རྗེས་སྤེན་པ་ནི་ལྷག་བསམ་དག་ཅིང་གང་ཅིའི་ཅད་ཕུལ་དུ་བྱུང་བའི་མི་ཞིག་ཡིན་པར་བརྟེན་དམག་གསར་སྦྱོང་བརྡར་མཇུག་འགྲིལ་རྗེས་ཚན་པ་མང་པོས་ཧབ་ཐོབ་བརྒྱབ་ཡོད། བསམ་ཡུལ་ལས་འདས་པར་ཁོང་གིས་མཐའ་སྲུང་གི་འཐབ་ས་དང་པོར་ལས་ཀ་བྱ་རྒྱུའི་རེ་བ་བཏོན།
“ཁྱེད་ཀྱི་ཆ་རྐྱེན་ལ་གཞིགས་ན་ལས་ཁུངས་ནང་སྡོད་ཆོག་པ་དང་། འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་ལ་འཚར་ལོངས་དང་ཡར་རྒྱས་ཀྱང་མྱུར་པོ་ཡོང་ཐུབ་པས་དཀའ་ཚེགས་ཆེ་བའི་ས་ཆ་དེ་འདྲར་བསྐྱོད་དགོས་དོན་ཅི་ཡོད”ཅེས་འཐབ་གྲོགས་ཚོས་བསམ་བློ་མ་མཐོངས་པར་དྲིས།
“མེས་རྒྱལ་གྱི་མཐའ་མཚམས་ལ་ལྟ་སྲུང་བྱེད་མཁན་དགོས། རང་ཉིད་དམག་མི་བྱས་པས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དགོས། ཏང་ནི་རླབས་ཆེན་གྱི་སྐྱེས་མ་ལྟ་བུ་རེད། ཏང་གི་ཆེད་དུ་ནུས་པ་འདོན་རྒྱུ་བྱུང་ན་གཟི་བརྗིད་ཆེ་ཤོས་རེད”ཅེས་སྤེན་པས་བློ་བརྟན་འགྱུར་མེད་ངང་གདམ་ག་བྱས།
སྐབས་དེ་དུས་མཐའ་མཚམས་ཀྱི་འཐབ་ས་དང་པོར་དཔུང་སྡེའི་འཚོ་བ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། སྤེན་པའི་འཐབ་གྲོགས་ཀྱིས། སྐབས་དེ་དུས་ངོ་དྲག་པའི་དམག་སྒར་མེད་པས་འཐབ་འཛིང་པ་རྣམས་ས་སྦུག་གམ་ཡང་ན་གུར་ནང་སྡོད་ཀྱི་ཡོད། དངོས་ཟོག་འདང་ངེས་མེད་པས་ལྟོགས་དུས་ཚགས་ཤ་དང་ལུག་ཤ་སྐམ་པོ་ཟ་བ་དང་སྐོམ་ན་གངས་ཆུ་འཐུང་གི་ཡོད། དགུན་དུས་ཁ་བས་རི་ལམ་བཀག་དུས་ལོ་ཕྱེད་བསྟུད་མར་ཕྱི་ཕྱོགས་དང་འབྲེལ་ཐག་ཆད་པས་གངས་རླུང་དང་འགྲོགས་རྒྱུ་ལས་མ་འདས།
སྤེན་པ་ནི་ཕོ་རྒོད་ཅིག་རང་རེད། ཁོང་གིས་འཐབ་འཛིང་པ་ཚོ་ཁྲིད་ནས་རི་མཐོའི་གྲོག་རོང་དུ་སྐོར་གཡེང་བྱེད་པ་མ་ཟད། རི་དྭགས་དང་འབུ་སྲིན་མང་བའི་གདོད་མའི་ནགས་ཚལ་དུ་སྐབས་འགར་ཉིན་བཞི་ལྔ་ཙམ་སྡོད་ཀྱི་ཡོད། སྨུག་ཕྱིའི་འོད་ཀྱིས་ཁོང་གི་གདོང་འཚིག་ནས་པགས་པ་ཐེངས་མང་བུད་པར་བརྟེན་ངོ་གདོང་ལ་རྨ་ཤུལ་གྲངས་ལས་འདས་པ་ཡོད།
དེ་རྗེས་སྤེན་པས་སླར་ཡང་བོད་དམག་ཁུལ་ཁང་དང་ལྷ་ས་ཆུ་ཤུར་རྫོང་མི་དམངས་དྲག་ཆས་པུའུ་རུ་ལས་ཀ་བྱས། ལས་སྒྱུར་བྱས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་སྤྱི་ཁྱབ་སྡོད་བྱ་ཁང་དུ་ལས་བགོས་བརྒྱབ་པ་རེད།
དམག་ཞབས་ཐིམ་ཀྱང་སྤེན་པས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་དམག་མིའི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་པས་སྔོན་ཐོན་ལས་དོན་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་ཐེངས་མང་བདམས་པ་རེད།
སྤེན་པས་ལས་ཀར་ཚད་མཐོའི་འགན་ཁུར་བའི་དབང་གིས། རྩ་འཛུགས་ཀྱིས་ཁོང་འགན་འཁྲི་ཆེ་བ་དང་ལས་འགན་ལྕི་བའི་གསང་གནད་འགྲིམ་འགྲུལ་ཁྲུའུ་རུ་ལས་ཀར་གཏོང་རྒྱུའི་ཐག་བཅད།
“ལས་ཀ་འདི་གཞུང་དོན་དུ་ཐེངས་མང་འགྲོ་དགོས་ཀྱི་ཡོད། ས་མཐོ་དང་ཐང་གཤོང་དབར་ཡང་ཡང་བསྐྱོད་ཚེ་གཟུགས་པོས་ཐེག་མི་ཐུབ། ཁྱེད་ཀྱི་ཕྲུ་གུ་གཉིས་ཀ་ཆུང་ཆུང་རེད། ཁྱེད་མེད་ན་ཁྱིམ་ནས་ལྟ་རྟོག་བྱེད་ཐུབ་བམ”
ས་མཐོའི་གསང་གནད་འགྲིམ་འགྲུལ་ལས་དོན་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་སྤེན་པས་བློ་རྩ་བརྟན་པོས“ང་དམག་མི་བྱེད་མྱོང་། དམག་མི་ཡིན་ཕྱིན་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག ང་མ་ཕྱིན་ན་སུ་གཏོང་དགོས་སམ”ཞེས་བཤད།
དེ་ལྟར་སྤེན་པས་སླར་ཡང་མི་ཚེའི་གདམ་ག་གསར་པ་ཞིག་བྱས།
2011ལོར་གསང་གནད་འགྲིམ་འགྲུལ་ལས་དོན་གྱི་འགན་ཁུར་རིང་སྤེན་པས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་ཞུས་ཏེ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཆུ་གསུམ་སྦུག་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བར་བསྐྱོད་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གྲོང་ཚོའི་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་ལས་སྒྲོལ་ཐབས་བྱས།
“དེ་ནི་ཏང་ཡོན་མང་ཚོགས་ཁྲོད་བསྐྱོད་དེ་མི་དམངས་ལ་བྱ་བ་དངོས་སྒྲུབ་པའི་གོ་སྐབས་ཤིག་རེད”ཅེས་སྤེན་པས་ཟིན་བྲིས་ནང་རང་ཉིད་ཀྱི་གདམ་ག་འགྲེལ་བཤད་བརྒྱབ་ཡོད།
གྲོང་ཚོར་བཅའ་སྡོད་ལོ་ཕྱེད་ཙམ་རིང་སྤེན་པ་རྒྱ་མ་20སྐམ་ཞིང་། བུ་མོ་ཚེ་སྒྲོལ་གྱིས“གྲོང་ཚོར་བཅའ་སྡོད་བྱས་ནས་ནང་དུ་ལོག་སྐབས་སྐྲ་ཟང་ཟིང་དུ་གྱུར་འདུག་ལ་མཆུ་ཏོ་གས་ནས་སྨུག་པོར་གྱུར་པ་དང་ངོ་གདོང་ཡང་ནག་པོར་གྱུར་ནས་སྣུམ་ནག་ལམ་ལས་ཀྱང་རྩུབ་པ་འདུག”ཅེས་བཤད།
ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་25གྲབས་གསོག་བྱས་ཏེ་གྲོང་མིས་ལོ་མང་རེ་སྒུག་བྱས་པའི“སྲོག་སྐྱོབ་ཟམ་པ”བསྐྲུན་པས་ཕྱུགས་རིགས་འཚོ་སྐབས་སྲོག་ཉེན་ལ་མ་འཛེམས་པར་ཆུ་བོ་བརྒལ་དགོས་མེད། གྲོང་ཚོའི་ནང་སྔོ་ཚལ་དྲོད་ཁང་ཆེ་མོ་དང་པོ་དེ་བསྐྲུན་པས་ལ་ཕུག་དཀར་པོ་དང་། པད་ཚལ། ཞོག་ཁོག་སོགས་སྔོ་ཚལ་སོས་པ་དག་གྲོང་མིའི་རྒྱུན་མཐོང་ཚལ་དུ་གྱུར་ཡོད། དེའི་རིང་ཁོང་གིས་ད་དུང་རང་ཉིད་ཀྱི་དངུལ་བཏང་ནས་མང་ཚོགས་དབུལ་པོར་གྱོན་གོས་སོགས་ཉོས་ཡོད། སྤེན་པས་དངོས་སྒྲུབ་དང་ལྷད་མེད་ཀྱི་བརྩེ་སེམས་བཅངས་ནས་ཆུ་གསུམ་ཕུ་གྲོང་ཚོའི་གྲོང་མིར་ཡུན་རིང་གི་ཕྱིར་དྲན་ཞིག་བཞག་ཡོད།
“གྲོང་ཚོར་བཅའ་སྡོད་ལས་དོན་ལ་རེ་བ་ཧ་ཅང་མང་པོ་ཡོད། མཐར་གཏུགས་ནས་བརྗོད་ན་གཅིག་ལས་མེད་པ་དེ་ནི་མང་ཚོགས་ལ་བྱ་བ་དངོས་མང་ཙམ་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ་དེ་རེད” ཅེས་སྤེན་པས་བཤད།
“གནམ་ས་རྒྱ་ཆེ་ཡང་ཏང་གི་བྱ་གཞག་ལས་གལ་ཆེ་བ་མེད”
སྤེན་པས་གདམ་ག་བྱེད་ཐེངས་རེར་ཏང་དང་མི་དམངས་ཀྱི་དགོས་མཁོ་ཨང་དང་པོར་འཇོག་གི་ཡོད། གསང་གནད་འགྲིམ་འགྲུལ་གྱི་བྱ་བ་སྒྲུབ་པ་ནི་ཁོང་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་གདམ་ག་ཞིག་རེད།
འདི་ནི་དམིགས་བསལ་དང་གལ་ཆེའི་ལས་ཀ་ཞིག་རེད། གསང་གནད་འགྲིམ་འགྲུལ་པའི་ལྟེ་བའི་འགན་འཁྲི་ནི་ཏང་གི་ཆ་འཕྲིན་གལ་ཆེན་སྲུང་སྐྱེལ་དང་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ་དེ་ཡིན་པས“ཏང་གི་གསར་བརྗེའི་བཀའ་བསྒྲགས་དམག”ཅེས་བརྗོད་ཀྱི་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། གསང་གནད་འགྲིམ་འགྲུལ་པ་མི་རབས་ནས་མི་རབས་ཀྱིས་ཆ་རྐྱེན་སྣ་ཚོགས་འོག་དཀའ་ཉེན་ལ་མ་འཛེམས་པར་ལྷག་བསམ་རྣམ་དག་དང་ཚེ་སྲོག་ལ་བརྟེན་ནས་ལས་འགན་གཟེངས་སུ་ཐོན་པར་ལེགས་སྒྲུབ་བྱས་ཏེ་འཛམ་གླིང་ཡང་རྩེའི་གསང་གནད་འགྲིམ་འགྲུལ་གྱི“སྲོག་རྩ་དང་། འགན་སྲུང་ལམ་ཐིག བཀོད་འདོམས་ལམ་ཐིག”བཅས་རྦད་དེ་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད།
འཛམ་གླིང་ཡང་རྩེའི་སྟེང་དུ་གསང་གནད་འགྲིམ་འགྲུལ་གྱི་ལས་ཀ་བྱེད་སྐབས་ས་མཐོ་དང་ཐང་གཤོང་དབར་ཡང་སེ་སྐྱོད་དགོས་པར་བརྟེན་སྨི་3000ལྷག་ཙམ་གྱི་ས་བབ་མཐོ་དམན་གྱི་ཧེ་བག་ཤོར་ནས་རླུང་གནོན་མཐོ་དམའ་དང་གསོ་རླུང་མི་འདང་བ་སོགས་གཟུགས་པོས་མི་འཁྱོག་པས་སྙིང་དང་གློ་བ་ཁྲག་རྩ་བཅས་ལ་ཁུར་པོ་ཆེན་པོ་བྱུང་སྟེ་གཟུགས་པོར་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། རྣ་སྐྱི་བུག་པ་དང་། མིག་ཤེད་ཉམས་པ། ཀླད་སྙིང་ཁྲག་རྩའི་ནད་ཕོག་པ་སོགས་ནི་ས་མཐོའི་གསང་གནད་འགྲིམ་འགྲུལ་པའི་རྒྱུན་མཐོང་གི“ལས་རིགས་ནད”ཅིག་རེད།
སྤེན་པ་ཡང་དམིགས་བསལ་དུ་གྱུར་མེད། ཕྱིར་གཞུང་དོན་བསྒྲུབ་པར་བསྐྱོད་ནས་ལྷ་སར་ལོག་རིམ་བཞིན་ཁོང་རྟག་ཏུ་གྲོད་པ་སྦོས་པ་དང་གཉིད་ཉལ་བའི་སྐབས་སུའང་རང་ཉིད་སྙིང་གི་འཕར་སྒྲ་གསལ་པོར་ཐོས་ཀྱི་ཡོད་མོད། འོན་ཀྱང་གཟུགས་པོ་མ་གསོས་གོང་ནས་ལས་འགན་གསར་པ་ཐོན་གྱི་ཡོད།
“དེ་སྔ་བོད་དུ་དུས་གཏན་གནམ་གྲུ་མེད་པས་བློ་མཐུན་རྒན་གྲས་ཚོ་རླངས་འཁོར་བཏང་ནས་མཚོ་བོད་གཞུང་ལམ་བརྒྱུད་དེ་བསྐྱོད་དགོས་ཀྱི་ཡོད། ལམ་བདེ་པོ་མེད་སྟབས་འཁྲུག་ཆེན་པོ་བརྒྱབ་ནས་ཚ་དམ་ཆག་པས་ཉིན་བཅུ་གྲངས་བསྟུད་མར་ལྟོ་ཆས་ཚ་པོ་ཁམ་གང་ཡང་རག་གི་མེད། ད་ཆ་ང་ཚོ་གནམ་གྲུར་བསྡད་ནས་འགྲོ་འོང་བྱེད་ཀྱི་ཡོད། འགན་ལེན་ཆ་ཚང་བས་དངོས་གནས་སྐྱིད་པོ་རེད”
“གནམ་ས་རྒྱ་ཆེ་ཡང་ཏང་གི་བྱ་གཞག་ལས་གལ་ཆེ་བ་མེད”
“རླབས་ཆེན་གྱི་བྱ་གཞག་ནང་ཞུགས་ཚེ་གཞི་ནས་མི་ཚེའི་རིན་ཐང་མངོན་ཐུབ”
འགོ་ཁྲིད་ལས་བྱེད་པའི་དཔེ་བཟང་ཁུང་ཧྥན་སེན་ནི་སྤེན་པའི་སེམས་ནང་སློབ་སྦྱོང་ཞུ་འོས་པའི་མིག་དཔེ་ཞིག་རེད།
“ཁུང་ཧྥན་སེན་གྱིས་གུང་ཁྲན་ཏང་ཡོན་ཞིག་གི་བརྩེ་བ་ཟབ་ཤོས་ནི་མི་དམངས་ལ་དགའ་ཞེན་བྱ་རྒྱུ་དེ་ཡིན་ཞེས་གསུངས་མྱོང་བས། ངས་ད་དུང་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་སྤེན་པས་བཤད།
ཁོང་གིས་ཚེ་སྲོག་སྐྱེས་སུ་ཕུལ་ནས་དཔའ་བོའི་སྙིང་སྟོབས་ཀྱི་རྗེས་སུ་བསྙེགས་ཐུབ་པར་བྱས་ཡོད།
2015ལོའི་ཟླ་9ཚེས་18ཉིན་སྤེན་པ་སི་ཁྲོན་དུ་དོས་འདྲེན་གྱི་ལས་འགན་བསྒྲུབ་པར་བསྐྱོད།
དུས་རྒྱུན་དང་འདྲ་བར་ནང་མི་དང་ཁ་གྱེས་ཁོམ་མ་བྱུང་བར་ལམ་སེང་རྡོག་ཐོན་བྱས། ལས་དོན་ལེགས་སྒྲུབ་ཟིན་ནས་ལྷ་སར་ལོག་སྐབས་སྤེན་པའི་ནད་གཞི་གློ་བུར་དུ་ལངས་ནས་གཞུང་དོན་དུ་རང་སྲོག་ཤོར་བ་དང་སྐབས་དེ་དུས་ལོ་50ཡིན་པ་རེད།
“བདེ་འཇགས་དང་། ཡང་དག་པ། དུས་ཐོག་བཅས་ཀྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་གསང་བ་བརྒྱུད་སྤྲོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་བཀའ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ”ནི་གསང་གནད་འགྲིམ་འགྲུལ་པའི་ལྟེ་བའི་འགན་འཁྲི་ཡིན། མི་ཚེའི་མཐའ་མར་སྤེན་པས་ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ཤིང་གཟི་བརྗིད་ལྡན་པའི་ངང་ལས་འགན་ལེགས་སྒྲུབ་བྱས་པ་རེད།
སྤེན་པ་འཇིག་རྟེན་ནས་ཁ་བྲལ་བས་ནང་མིར་སྐྱོ་གདུང་དང་བློ་ཕམ་ཆེན་པོ་བྱུང་ཡོད།
“ཁོང་ནི་ཏང་གི་བྱ་གཞག་གི་ཆེད་དུ་རང་སྲོག་ཤོར་བས་ཁོང་གི་བསམ་འདུན་མངོན་འགྱུར་བྱུང་བ་རེད”ཅེས་སྒྲོལ་དཀར་གྱིས་བཤད།
སྤེན་པ་གྲོངས་སྐབས་ཁ་ཆེམས་ཚིག་གཅིག་ཀྱང་བཞག་ཐུབ་མེད། འོན་ཀྱང་རྟག་དུ་འཁྱེར་བའི་ལྟོ་ཕད་ཅིག་ཡོད་པ་དེའི་ནང་ཟིན་བྲིས་དང་། མྱུར་ཕན་སྙིང་སྨན་ལག་ཁྱེར་བཅས་བླུགས་ཡོད།
བོད་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ལྟར་ན། སྤྱིར་འདས་པོའི་དངོས་རྫས་ཉར་སྲོལ་མེད་མོད། འོན་ཀྱང་སྤེན་པའི་ལྟོ་ཕད་དེ་ཁོང་ཚོའི་ཁྱིམ་གྱི་མངོན་གསལ་དོད་ཤོས་སུ་བཞག་འདུག སྤེན་པའི་བུ་ཟླ་བ་ཡོན་ཏན་གྱིས་ལྟོ་ཕད་དེའི་ནང་ཨ་ཕའི་དད་སེམས་དང་ལྷག་བསམ་རྣམ་དག་གི་བསམ་པ་བླུགས་ཡོད་ཅེས་བརྗོད།
ད་ཆ་བོད་རིགས་ཕོ་གསར་དེའང་མཐའ་སྲུང་དམག་མི་ཞིག་ཏུ་གྱུར་ནས་ཕས་བསྐྱོད་མྱོང་བའི་ལམ་བུ་བརྒྱུད་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བཞིན་ཡོད།
སྤེན་པ་གྲོངས་རྗེས་བོད་ལྗོངས་གསང་གནད་འགྲིམ་འགྲུལ་སྡེ་ཚན་གྱིས“བློ་མཐུན་སྤེན་པར་སློབ་སྦྱོང་བྱས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི‘ཏང་གི་གསར་བརྗེའི་བཀའ་བསྒྲགས་དམག’བྱེད་པའི་བྱེད་སྒོ”སྤེལ་བ་རེད། སྤེན་པའི་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་ཀུན་སྤྱོད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ། དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་བཟང་པོ། སྤྱོད་གཙང་གཞུང་དྲང་གི་མི་གཤིས། ལས་སྒོ་བྱང་ཆུབ་པའི་ཡར་བརྩོན་གྱི་སྙིང་སྟོབས་བཅས་ལས་མི་ཚང་མར་སློབ་གསོ་ཟབ་མོ་ཐེབས་པ་དང་སེམས་འགུལ་ཡང་ཆེན་པོ་ཐེབས་ཡོད།
“སྤེན་པ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི‘གསར་བརྗེའི་བཀའ་བསྒྲགས་དམག’ཅིག་རེད། ཁོང་གིས་ལ་ཀླུང་རེ་རེ་བརྒལ་ལས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་པ་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་བར་བྱས་ཡོད། ཁོང་གི་བྱས་རྗེས་དང་སྙིང་སྟོབས་ནམ་ཡང་མི་འགྱུར་བར་གནས་ངེས་རེད”ཅེས་སྤེན་པའི་ལས་རོགས་ཀྱིས་བཤད།
སྤེན་པ་གྲོངས་རྗེས་གསང་གནད་འགྲིམ་འགྲུལ་དཔུང་ཁག་གི་ན་གཞོན་ཞིག་གིས་སློབ་སྦྱོང་ཟིན་བྲིས་ཐོག“ཐོག་མའི་བསམ་འདུན་གྱི་འབོད་སྐུལ་ལས་མི་རྣམས་སེམས་ཤུགས་ཀྱིས་ཁེངས་པ་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལས་མི་རྣམས་ཀྱི་བླ་སྲོག་ལ་གཡོ་འགུལ་ཐེབས། དད་མོས་ཀྱི་འོད་ཟེར་ལས་མི་རྣམས་ལ་དད་གུས་ཀྱི་མཆི་ཞག་འཁོར”ཞེས་བྲིས་ཡོད།
སྙིང་སྟོབས་ཀྱི་དཔལ་འབར་ནམ་ཡང་མི་རིགས་རྗེས་མར་འཕྲོ།
འདི་ནི་སྤེན་པའི་བཟའ་ཟླ་སྒྲོལ་དཀར(གཡོན)དང་བུ་མོ་ཚེ་སྒྲོན་གྱིས་ནང་མིའི་མཉམ་པར་ལ་ཕྱི་བདར་རྒྱག་བཞིན་པ།