དྲག་ཆར་རླུང་འཚུབ་ཁྲོད་ཏང་དར་ལྷབ་ལྷུབ་ཏུ་གཡོ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-11


དྲག་ཆར་རླུང་འཚུབ་ཁྲོད་ཏང་དར་ལྷབ་ལྷུབ་ཏུ་གཡོ།

——བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རྒྱ་ཆེའི་ཏང་ཡོན་གྱིས་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་མཐོང་ཐོས།



ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མའི་ཧྲི་ཞུང་དང་། ལི་པིང་ཤོན། ལི་ཞའོ་མིང་།

ཟླ་8ཚེས་8ཉིན། སྐམ་དམག་ཚོགས་པ་78པའི་ལུའེ་ཤོག་ཞིག་གི་དཔོན་དམག་ཚོས་ཧེ་ལུང་ཅང་ཧའར་པིན་གྲོང་ཁྱེར་ཧྲོང་ཁྲེང་ཆུས་ཙེང་ཁྲན་གྲོང་ཚོར་བྱེ་ཕད་དབོར་ནས་ཆུ་རགས་བརྟན་དུ་གཏོང་བཞིན་པ།


        ཉིན་ཤས་བསྟུད་མར། འབྲུབ་འགོག་གེགས་སེལ་ནང་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་གོང་དུ་བཀུར་བ་དང་དམངས་གཅེས་དམངས་ཆེད་ཀྱི་གཙོ་འཛིན་བརྩེ་སེམས་ལ་གོ་བ་གཏིང་ཟབ་ལེན་པ་དང་དམག་ཧྲག་བྱེད་པ་དང་། དམག་འཐབ་གཙོ་བོ་རྒྱག་པ། འགན་འཁྲི་ལྕི་པོ་འཁུར་བ་བཅས་བྱས་ཐོག་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱས་ཡོད།

        ཟླ་8ཚེས་1ཉིན། དབུས་རྒྱུད་འཐབ་ཁུལ་གྱིས་འཐབ་ཁུལ་དཔུང་སྡེ་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁྲོད་ཞུགས་པ་དང་བཀོད་འདོམས་སྟོབས་ཤུགས་ཧྲག་པོ་འདེམས་གཏོང་བྱས་ཏེ་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་དང་ཧྥང་ཧྲན་ཆུས་ཀྱི་ཕྱོགས་སུ་སོ་སོར་བསྐྱོད་དེ་གནས་སྐབས་ཏང་ཨུད་བཙུགས་ནས་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཡོད།

        ཟླ་8ཚེས་5ཉིན། བྱང་རྒྱུད་འཐབ་ཁུལ་གྱིས་ཧེ་ལུང་ཅང་དང་ཅི་ལིན་ཁ་ཕྱོགས་སུ་ཆུ་འགོག་ཉེན་སེལ་གྱི་མདུན་སྐྱོད་བཀོད་འདོམས་སུའོ་མངགས་ནས་གནས་སྐབས་ཏང་རྩ་འཛུགས་བཙུགས། ཁ་ཕྱོགས་གཉིས་པོའི་མདུན་སྐྱོད་བཀོད་འདོམས་སུའོ་བཙུགས་རྗེས་དེ་མུར་དམག་དཔུང་དང་ས་གནས་མཉམ་འབྲེལ་གྱི་གྲོས་མོལ་དང་། འབྲུབ་ཆུའི་གནས་ཚུལ་དང་གེགས་བར་གྱི་གནས་ཚུལ་རྗེས་འདེད་བརྡར་ཤ་གཅོད་པ། གེགས་སེལ་བྱ་སྤྱོད་འཆར་གཞི་ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་བ་རེད།

        ཟླ་8ཚེས་7ཉིན། དྲག་ཆས་ཉེན་རྟོག་ཐེན་ཅིན་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་ཉིང་ལག་རུ་ཁག་གསུམ་པའི་དཔོན་དམག་600ལྷག་ཙམ་གྱིས་ཅིང་ཧའེ་ཆུས་ཙེ་ཡ་ཧོ་ཏུའུ་ལིའུ་གྲོང་རྡལ་པ་པའོ་གྲོང་ཚོའི་ཆུ་རགས་བརྟན་དུ་གཏོང་ཡུལ་དུ་འབད་འཐབ་བྱས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་ཉིང་ལག་རུ་ཁག་དེས་ས་གནས་ས་ཐོག་ཏུ་ཏང་ཡོན་འཕྲལ་རྒོལ་རུ་ཁག་བཙུགས་ཏེ་ཆུ་རགས་བརྟན་དུ་དང་མཐོ་རུ་བཏང་བ་རེད།

        ཟླ་8ཚེས་5ཉིན་གྱི་ཐོ་རེངས་ཆུ་ཚོད་4པར། བྱང་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལུའེ་ཤོག་ཅིག་གི་དཔོན་དམག་མུའུ་ཏན་ཅང་གྲོང་ཁྱེར་གྱི་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་དེ་འགོག་སྲུང་སྐོར་གཡེང་ལས་འགན་བསྒྲུབས་པ་རེད།

        “ཆུ་ལོག་ཆུ་རགས་ཀྱི་རྩེ་མོར་སླེབས་པར་སྨི་ཁ་ཤས་ལས་མེད་ལ་དེ་དང་བར་ཐག་མི་རིང་བའི་སར་གྲོང་མིའི་ཐོག་ཁང་ཡོད། ཆུ་རགས་ཡོད་ཚེ་ཁྱིམ་གཞིས་གནས་ཐུབ་པ་དང་ཆུ་རགས་བརྟན་དུ་གཏོང་བར་ཏང་ཡོན་རྐང་འཛིན་པས་ནུས་ཤུགས་འདོན་དགོས”ཞེས་ལུའེ་ཤོག་དེའི་ཆབ་སྲིད་ཨུ་ཡོན་ཀྲང་ཤང་ཤིན་གྱིས་ཆུ་འགོག་ཆུ་རགས་སྟེང་ལངས་ནས་སྐུལ་སློང་རགས་ཙམ་བྱས།

        ཉིན་དགུང་གློ་བུར་དུ་དྲག་ཆར་བབས་པར་བརྟེན་མུའུ་ཏན་གཙང་པོའི་ཆུ་ཁ་མགྱོགས་མྱུར་རྒྱས་པ་དང་ཆུ་རགས་སྟེང་ཏང་ཡོན་འཕྲལ་རྒོལ་རུ་ཁག་གི་རུ་མིས་བྱེ་ཕད་ཕྲག་སྟེང་དུ་འཁྱེར་བ་དང་རང་འགུལ་ངང་ཐེར་ཆུང་འབུད་དེ་ཆུ་རགས་རྒྱག་པའི་ལས་འགན་ལྕི་ཤོས་འཁུར།

        པེ་ཅིང་གི་རི་ཁུལ་མང་པོར་གནོད་འཚེ་ཚབས་ཆེན་ཕོག་ནས་ཁང་པ་བརྡིབས་པ་དང་འགྲོ་ལམ་འགག པེ་ཅིང་ཝེ་ཧྲུའུ་ཆུས་ཀྱི་དཔུང་སྡེ་ཞིག་ལ་བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ཏེ་འཕྲལ་མ་ཉིད་དུ་ཏང་ཡོན་འཕྲལ་རྒོལ་རུ་ཁག་བཙུགས་ནས་ཉེན་སེལ་གེགས་སེལ་ཁྲོད་ཞུགས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

        ཟླ་8ཚེས་8ཉིན་དབུས་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཤོག་སྒྲིག་དམག་ཚོགས་82ཀྱི“དམག་ཧྲག་ལུའེ”ཡི་དཔོན་དམག་47གྱིས་ཏ་ཆིང་གཙང་པོའི་ཐེན་ཅིན་གྲོང་ཁྱེར་ཅིང་ཧའེ་ཆུས་དུམ་བུའི་ཆུ་རགས་རྒྱག་པའི་འཐབ་ས་དང་པོར་འབད་འཐབ་བྱས་ཏེ་རིང་ཚད་སྨི་210ཟིན་པའི་ཆུ་ངོགས་ཀྱི་ཆུ་རགས་རྒྱག་པའི་ལས་འགན་འཁུར།

        ལེན་ཏུའེ་ཡི་ཏང་ཀྲི་པུའུ་ཡིས་དམག་འཐབ་མཁར་རྫོང་གི་ནུས་པ་ཕྱོགས་ཡོངས་ནས་མངོན་པ་དང་ལེན་ཏུའེ་ཡི་བཀོད་འདོམས་པ་ཤུའེ་ཁྲེན་ཧའོ་ཡིས་འཕྲལ་མར་ཏང་ཡོན་འཕྲལ་རྒོལ་རུ་ཁག་བཙུགས་ཏེ་ཚོགས་ཆུང་དང་དུས་མཚམས་དབྱེ་ནས་ལས་དོན་སྒྲུབ་པ་དང་ཏང་ཡོན་དང་ལས་བྱེད་པའི་རྐང་འཛིན་གྱིས་རང་དཔེ་གཞན་སྟོན་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས།

        ཏང་ལོ་14ཟིན་པའི་ཁྲེན་ཧྭ་ཤན་གྱིས་ཆུ་རགས་རྒྱག་ཡུལ་གྱི་མདུན་ངོས་སུ་བསྐྱོད་དེ་བྱེ་ཕད་རྒྱོང་བ་དང་། བྱེ་ས་དབོར་བ། ཆུ་རགས་བརྩིགས་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“རང་ཉིད་ཏང་ཡོན་ཡིན་པས་སྔོན་ལ་དོན་པའི”ཚད་ཤིང་བཙུགས།

        གསར་འགོད་པར་ཆུ་རགས་རྒྱག་ཡུལ་ནས་མཐོང་གསལ། ཏང་ཚོགས་ཆུང་མི་རེ་ངོ་རེས་ལས་འགན་སྒྲུབ་ཡུལ་རེ་བརྟན་པོ་སྲུང་བ་དང་ལས་འགན་སྒྲུབ་པའི་བར་གསེང་དང་ལེགས་སྒྲིག་ཁ་གསབ་སོགས་ཀྱི་ཁོམ་པ་སྤྱད་དེ་ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་དང་ཏང་ཚོགས་ཆུང་གི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ་དུས་ཐོག་ཏུ་བསམ་བློ་གཅིག་གྱུར་དང་ངར་ཤུགས་འཕེལ་བར་བྱས་ཐོག་ཏང་ཡོན་རྐང་འཛིན་པས་ལས་འགན་སྒྲུབ་ཡུལ་འཐབ་ས་དང་པོར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་སྐུལ་ལྕག་བྱས་པ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད།

        པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཝང་ཕིང་གྲོང་རྡལ་ནི་པེ་ཅིང་ས་ཁུལ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོ་དང་གྲོང་རྡལ་གྲས་ཤིག་ཡིན་ཞིང་། ཡུལ་དེའི་སྨན་དོན་མི་སྣ་ཁ་ཐང་པོ་ཡོད་པ་ཤེས་རྗེས་དབུས་རྒྱུད་འཐབ་ཁུལ་གྱིས་ཟླ་8ཚེས་3ཉིན་སླར་ཡང་མཉམ་འབྲེལ་ལས་སྒྲུབ་འགན་སྲུང་དཔུང་སྡེའི་སྨན་ཁང་984ནས་རྐང་འཛིན་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་འཐབ་ས་དང་པོར་འགྲོ་དགོས་པའི་བཀའ་བཏང་བ་རེད།

        རོགས་སྐྱོབ་སྨན་བཅོས་རུ་ཁག་གིས་སྨན་ཁང་གི་འགོ་ཁྲིད་དང་། ཁོའོ་དང་ཁང་ཁག་གི་རིགས་གཅིག་མཁས་ཅན། ལས་སྒོའི་རྐང་འཛིན་པ་བཅས་ཀྱིས་གཙོས་པའི་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་ཡུལ་དེའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་གང་ཐུབ་བྱ་ཆེད་གནས་སྐབས་སྨན་བཅོས་ས་ཚིགས་བཙུགས་པ་ཕུད་ད་དུང་སྐབས་བསྟུན་ཡན་ལག་རུ་ཁུག་མངགས་ཏེ་ཝང་ཕིང་གྲོང་རྡལ་མཐའ་འཁོར་གྱི་གྲོང་ཚོ་དང་སྡེ་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད།

        ཟླ་8ཚེས་3ཉིན་གྱི་ཉིན་དགུང་དྲག་ཆས་ཉེན་རྟོག་ཐེན་ཅིན་སྤྱི་ཁྱབ་རུ་ཁག་གིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ནས་དཔོན་དམག་1800ཙམ་འཕྲལ་མར་ཏ་ཆིང་གཙང་པོའི་ཅིང་ཧའེ་ཆུས་ཐེ་ཐོའུ་གྲོང་རྡལ་དུམ་བུར་འཛོམས་ནས་དུམ་བུ་དེའི་ཆུ་རགས་མཐོ་རུ་དང་བརྟན་དུ་བཏང་།

        ཟླ་8ཚེས་4ཉིན་གྱི་ཆུ་ཚོད་5པར་ནམ་ལངས་མ་ཐག་ཆུ་ཚོད་གཉིས་ལས་ངལ་གསོ་ཁོམ་མ་བྱུང་བའི་དཔོན་དམག་ཚོས་སླར་ཡང་ལས་ལ་བྲེལ་འགོ་ཚུགས། སྔ་དྲོ་ལས་འགན་སྒྲུབ་ཁོངས་སུ་གློ་བུར་དུ་ཆར་པ་ཆེན་པོ་བབས་པ་དང་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས། སྐབས་དེ་དུས་ཆུ་ལོག་ཆེན་པོ་དོན་པར་ཆུ་ཚོད་36ཙམ་ལས་མེད་པ་དང་ཏ་ཆིང་གཙང་པོའི་ཆུ་ཁ་སྔར་བཞིན་རྒྱས་པས་དཔོན་དམག་ཚོས་དབུགས་ཧལ་བཞིན་རྔུལ་ཆུའི་ཐིགས་པས་འཚོས་ཀྱང་ཚང་མས་ལས་མཚམས་བཞག་མེད།

        བྲེལ་བ་བྱེད་དཀའ་བ་དང་ཉེན་ཁ་ལྕི་བའི་ལས་འགན་འཕྲད་སྐབས་ཏང་ཡོན་རྐང་འཛིན་པས་སྣེ་ཁྲིད་དེ་གདོང་མཆོང་བྱེད་ཅིང་།“བློ་མཐུན་ཚོ་ང་དང་མཉམ་དུ་ཤོག མགྱོགས་ཙམ་གྱིས”ཞེས་སྤྱི་ཁྱབ་དཔུང་སྡེས“ཕུལ་བྱུང་གུང་ཁྲན་ཏང་ཡོན”དུ་བདམས་པའི་རུ་འབྲིང་ཞིག་གི་ཀྲུང་ཏུའེ་ཀྲང་ཧན་ཐེན་ཧྲེང་གིས་ཏང་ཡོན་རྐང་འཛིན་པའི་སྣེ་ཁྲིད་དེ་བྱེ་ཕད་འཁྱེར་ནས་ཆུ་རགས་རྒྱག་པར་བསྐྱོད།

        ཟླ་8ཚེས་6ཉིན་གྱི་ཉིན་དགུང་བར་སྤྱི་ཁྱབ་རུ་ཁག་དེའི་དཔོན་དམག་ཚོས་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་པ་བརྒྱུད་རིམ་རྩིས་བརྒྱབ་ན་བྱེ་ཕད་ཁྲི་40ལྷག་ཙམ་བརྒྱངས་པ་དང་དབོར་འདྲེན་བྱས་ནས་རིང་ཚད་སྤྱི་ལེ་6.7དང་། ཞེང་ཚད་སྨི་1.6 མཐོ་ཚད་སྨི་0.8བཅས་ཟིན་པའི་ཆུ་རགས་ཤིག་བརྒྱབ།

        “བློ་མཐུན་ཚོ་ཤུགས་རྒྱོབས”ཅེས་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་དྲག་ཆས་ཉེན་རྟོག་ཐེན་ཅིན་སྤྱི་ཁྱབ་རུ་ཁག་གི་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག་གི་པན་ཀྲང་རིམ་པ་གཉིས་པའི་ཧྲང་ཧྲི་ལིའུ་ཁྲང་ཧྥུང་གིས་ངར་སྐད་ཆེན་པོ་བརྒྱབ།

        ཟླ་8ཚེས་3ཉིན་གྱི་ཉིན་དགུང་ལས་འགན་རྩིས་བླངས་པ་ནས་བཟུང་ལིའུ་ཁྲང་ཧྥུང་དང་དཔོན་དམག་ཚོས་ཏ་ཆིང་གཙང་པོའི་གཙང་ངོགས་སུ་འབད་འཐབ་བྱས་ཤིང་། བྱེ་ཕད་གཅིག་གི་ལྗི་ཚད་རྒྱ་མ་བཅུ་ཕྲག་ཁ་ཤས་ཟིན་པ་དང་ཆུ་ཚོད་70ལྷག་ཙམ་བསྟུད་མར་ལས་ཀ་བྱས་ཏེ་བྱེ་ཕད་ཁྲི་40ལྷག་ཙམ་དབོར། དཔོན་དམག་ཚོའི་གྱོན་གོས་སྟེང་ནག་ཐིག་གིས་ཁེངས་པ་དང་། ངོ་གདོང་དམར་སྨྱུག་ཏུ་གྱུར་པ། མིག་རྩ་དམར་པོར་གྱུར་པ། ཚ་འབུར་དང་ཤ་མཁྲེགས་ཇི་ལྟར་སྐྱེས་རུང་སྡུག་ཡུས་དང་འཁང་ར་བྱེད་མཁན་གཅིག་ཀྱང་མེད།

        “ཏང་ཡོན་རྐང་འཛིན་པས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་པ་ནི་རང་རེའི་ཏང་དང་རང་རེའི་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན། འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་ནི་ང་ཚོའི་འོས་འགན་རེད་ལ་དེ་བས་འགན་འཁྲི་རེད”ཅེས་ལིའུ་ཁྲང་ཧྥུང་གིས་གསར་འགོད་པར་བཤད།

        དབུས་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཤོག་སྒྲིག་དཔུང་ཚོགས་81པའི་ལུའེ་ཤོག་ཅིག་གི་རིམ་པ་གསུམ་པའི་ཅུན་ཧྲི་ཀྲང་ལི་ཤིང་མའེ་ནི་ལེན་ཤོག་ཡོངས་ཀྱི་ཏང་དང་དམག་ནང་ཞུགས་པའི་ལོ་ཚད་རིང་ཤོས་ཀྱི་ཅུན་ཧྲི་ཞིག་རེད། འབྲུབ་འགོག་འགོག་གེགས་སེལ་བྱས་མ་ཐག་ནས་བཀའ་རྒྱ་འབྱོར་བའི་བར་ཁོང་གིས་འགོ་ཁྲིད་ཀྱིས་བཀག་འགོག་ལ་མ་ཉན་པ་མ་ཟད། དམག་སྒར་དུ་ཁོང་ལ་ལྟ་བར་ཡོང་མ་ཐག་པའི་བཟའ་ཟླ་དང་བུ་ཕྲུག་ལའང་ཁ་ཡ་བྱེད་ཁོམ་མེད་པར་འཕྲལ་མར་འཐབ་ས་དང་པོར་བསྐྱོད་ནས་རོགས་སྐྱོར་ལས་དོན་ལ་ཞུགས་ཤིང་། རང་འགུལ་ངང་ཏང་ཡོན་གྱི་འཕྲལ་རྒོལ་རུ་ཁག་ནང་ཞུགས་རྒྱུའི་རེ་ཞུ་ཕུལ།

        ལོ་40ལྷག་ཙམ་ལ་སླེབས་པའི་ལི་ཤིང་མའེ་ཡིས་ཉེ་འགྲམ་གྱི་འཐབ་གྲོགས་ཚོར་འབྲུབ་འགོག་གེགས་སེལ་གྱི་ཉམས་མྱོང་བསླབ་པ་མ་ཟད། རང་ཉིད་གཅིག་པུས་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ནས་དཔུང་སྡེའི་སྣེ་ཁྲིད་དེ་ལམ་རྒྱུད་དུ་ཆུ་རགས་བཟོས་པ་རེད། ལས་ཀ་བྱེད་རིང་གཞན་གྱིས་དབོར་བ་ལྟར་རང་ཉིད་ཀྱིས་ཀྱང་དེ་ལྟར་དབོར་བ་དང་མི་གཞན་ངལ་གསོ་བརྒྱབ་ཀྱང་ཁོང་གིས་སྔར་བཞིན་རང་ཉིད་ཀྱི་ལས་འགན་སྒྲུབ་པར་བརྩོན་ཡོད།

        “ང་ནི་ཏང་ཡོན་ཞིག་ཡིན་པས་སྔོན་ལ་མཆོང་དགོས” ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་མཚོ་དམག་དཔུང་སྡེ་ཞིག་གི་རིམ་པ་དང་པོའི་ཧྲང་ཧྲི་དམག་དཔོན་ཝང་ཡུང་ཐུང་གི་རྐང་ལག་ལ་ཆུ་ལྒང་སྐྱེས་མོད། འོན་ཀྱང་བྲེལ་དཀའ་ཉེན་ལྕིའི་ལས་འགན་འཕྲད་ཚེ་སྔར་བཞིན་སྔོན་ལ་མཆོང་གི་ཡོད།

        བྱང་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཤོག་སྒྲིལ་དམག་དཔུང་78པའི་ལུའེ་ཤོག་ཅིག་གིས་ཧར་པིན་གྲོང་ཁྱེར་ཧྲོང་ཁྲེང་ཆུས་ཝན་ལུང་ཤང་ལ་ལིན་ཧོ་ཏུའོ་ཁོའུ་ཏེན་དུམ་བུར་ཆུ་རགས་རྒྱག་པའི་ལས་འགན་འཁུར་གྱི་ཡོད་པས་ཏང་ཡོན་གསར་པ་ཞ་ཧྲི་དམག་དཔོན་ཅ་གོ་ལུང་གིས་ཉེན་ཁ་ཆེ་བའི་ལས་འགན་ནང་རང་འགུལ་ངང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1