མཛོད་དགེ་འཛམ་གླིང་ལ་ངོམ་པའི2023ལོའི་མཛོད་དགེ་རྨ་ཆུའི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་དངོས་སུ་མགོ་བརྩམས།

དཔལ་མགོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-18



        ཟླ8པའི་ཚེས14ཉིན་གྱི་དགོང་མོར།  མཛོད་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་འགན་ཁུར་བའི་མཛོད་དགེ་འཛམ་གླིང་ལ་ངོམ་པའི2023ལོའི་མཛོད་དགེ་རྨ་ཆུའི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་ནི།  སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྩྭ་ཆེན་ཆེན་མོར་དངོས་སུ་མགོ་བརྩམས། རྔ་བ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཆོན་དང་།  རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡི་དམ་འཚོ།  རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གནམ་མཁའ།  རྫོང་ཨུའི་ཧྲུའུ་ཅི་ལིའུ་ཧྥེ།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧན་ཏེ་ལུང་།  རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཏུང་།  རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་སྟག་བཅས་མགོ་རྩོམ་མཛད་སྒོར་ཞུགས།

ཕྲ་ཆུང་མིག་གི་དགའ་སྟོན་གྱིས་མཛོད་དགེའི་ལོ་རྒྱུས་དང་འབྱུང་འགྱུར་ལེགས་པར་མཚོན།

        ས་སྲོས་ཀྱི་མཛོད་དགེ་རྩྭ་ཐང་ཆེན་མོ་མཛེས་ཤིང་ངོ་མཚར་ཆེ།  ཚན་རྩལ་གྱི་རྣམ་པས་ཀུན་ནས་ཕྱུག་པའི་མགོ་རྩོམ་མཛད་སྒོའི་གར་སྟེགས་ནི་སྒྲོན་འོད་སྣ་ཚོགས་ཀྱིས་བརྒྱན་པས།  ཡུལ་དངོས་སུ་འདུ་འཛིའི་ཡོ་ལང་རབ་ཏུ་རྒྱས།   མགོ་རྩོམ་མཛད་སྒོར་མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཧྥེས་ཤིས་ཚིག་ཕུལ་ཞིང་།  རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡི་དམ་འཚོས2023ལོའི་མཛོད་དགེ་རྨ་ཆུའི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་དངོས་སུ་མགོ་བརྩམས་པར་བསྒྲགས་ཤིང་། འོད་མདངས་བཀྲ་བའི་ཚོན་ཁྲའི་ཤོག་སྦག་དགོང་ལ་འཕྱུར་བ་དང་མཉམ་དུ།  མགོ་རྩོམ་དགོང་ཚོགས་ཡུལ་དངོས་སུ་མགོ་བརྩམས།


        དགོང་ཚོགས་ཧྲིལ་བོར《སྐྱེ་དངོས་ཀུན་གྱི་གནས་མལ》དང《རྨིན་ཧྲན་གངས་རི་ལྷུན་པོ》《རྩྭ་ཐང་དབྱངས་ལ་འགུག་པ》《འཛམ་གླིང་ཀུན་ལ་གྲགས་ཤིང་འབྱུང་འགྱུར་རེ་བས་བསུ་བ》བཅས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལེ་ཚན་བཞི་ཡིས།   རྨ་ཆུ་རིག་གནས་དང་གསར་བརྗེ་རིག་གནས།  འབྲོག་ལས་རིག་གནས།  ཕྱུགས་ལས་རིག་གནས་བཅས་གཙོར་བཟུང་སྟེ།   མཛོད་དགེའི་གཟི་བརྗིད་ལྡན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་འགན་འཁྲི་གཉིས་དམ་པོར་འབྲེལ་ནས།   ས་གནས་མང་ཚོགས་དང་ཡུལ་སྐོར་བར་སྐར་ཚོགས་འོག་གི་རྩྭ་ཐང་གི་གསོལ་སྟོན་གཟབ་རྒྱས་བཤམས།

        ལོ་ངོ་སྟོང་ཕྲག་རིང་ནས་བཟུང་མཛོད་དགེའི་མི་དམངས་ཀྱིས་བཞུར་ཆུར་བསྟུན་ཏེ་འཚོ་ཞིང་།  བཞུར་ཆུར་བརྟེན་ནས་དར་ཞིང་བཞུར་ཆུས་མཛེས་པའི་ཡུལ་ལྗོངས་བཞེངས་ནས།  ས་འདིའི་སྐྱེ་དངོས་སྲོག་ཆགས་དང་རྨ་ཆུའི་དཔལ་ཡོན་སྐྱེད་སྲིང་གནང་སྟེ།  མཛེས་ཤིང་བཀྲ་ཤིས་པའི་མཛོད་དགེ་དང་སྐྱེ་དངོས་ཀུན་གྱི་གནས་མལ་ཞེས་པའི་མཛེས་ལྗོངས་རང་བྱུང་ལྷུན་གྱིས་གྲུབ།  གར་མ་མཁན་གྱི་སྟངས་སྟབས་ཀྱིས་རབ་རྟོག་ལམ་ནས་མཛོད་དགེ་རྨ་ཁུགས་དང་པོའི་མཛེས་ལྗོངས་ལེགས་པར་མཚོན།   གར་སྟེགས་ཀྱི་རྒྱབ་ལྗོངས་རྒྱུན་མི་ཆད་པར་བརྗེས་ཏེ།  མཛོད་དགེས་འཛམ་གླིང་ལ་དྲོད་ཁོལ་སྟེར་བའི་མཛེས་ལྗོངས་དང་མི་ཆོས་རིག་གནས་ལེགས་པར་མཚོན།  དེ་ནས་གཟབ་མཆོད་ལེགས་པར་སྤྲས་པའི་བོད་རིགས་ལོ་ཆུང་བྱིས་པས་མཛེས་པའི་སྐར་ཚོགས་དང་མཉམ་དུ་ངོ་མཚར་གྱི་འཁྲབ་སྟོན་ཀུན་ལ་ཕུལ། གླུ་གར་མཁན་གྱི་སྐད་ངག་སྙན་མོ་དང་ཉམས་ཀྱིས་ཕྱུག་པའི་སྟངས་སྟབས་ཀྱིས་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ལེགས་པར་མཚོན།

        སི་ཁྲོན་ནུབ་བྱང་དུ་ཆགས་པའི་མཛོད་དགེ་རྩྭ་ཐང་ཆེན་མོ་ནི།   དམར་དམག་རྒྱང་སྐྱོད་སྐབས་ཀྱི་དཀའ་ཚེགས་ཆེས་ཆེ་བའི་གྲས་ཡིན།  དམར་དམག་རྒྱང་སྐྱོད་ཀྱི་དཀའ་བར་མི་འཇིགས་པར།  རི་ཀླུང་ཡོད་རྒུ་སྤོབས་པས་ཁྱད་དུ་བསད་པ། འདི་ནི་རྒྱང་སྐྱོད་ལམ་གྱི་རྒྱལ་ཁའི་སྐྱ་རེངས་དེ་ཡིན་ལ།  རྨིན་ཧྲན་གངས་རི་ལྷུན་པོའི་ཞུམ་མེད་དཔའ་ངར་དེ་ཡིན།  ཟློས་གར《གསེར་གྱི་ལྕགས་ཀྱུ》དང་གྱེར་འདོན་སྙན་ཚིག《ཚེག་བར་བདུན་མའི་རྒྱང་སྐྱོད》སོགས་ལེ་ཚན་ཁྲོད།   བསླབ་དེབ་ཏུ་བཀོད་པའི་གཏམ་རྒྱུད་རེ་རེ་གར་སྟེགས་སུ་འཁྲབས་ཏེ།  ལྟད་མོ་བར་དམར་དམག་གིས་སྐབས་དེར་བརྒྱུད་མྱོང་བའི་དཀའ་ཚེགས་དང་འཇིགས་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དངོས་སུ་མྱོང་དུ་བཅུག

མཛོད་དགེའི་འོད་དམངས་བཀྲ་བའི་སྐར་ཚོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དགའ་བས་བསུས།

        གསར་འགོད་པས་དགོང་ཚོགས་འཁྲབ་སྟོན་ཚན་ཁག་ནས་རྒྱུས་ལོན་པ་ལྟར་ན།   མགོ་རྩོམ་མཛད་སྒོ་སྟ་གོན་བྱས་ཏེ་ལོ་ཕྱེད་ལ་ཉེ་བར་འགོར་ཞིང་།  འཁྲབ་སྟོན་པ300ལྷག་མཛད་སྒོར་ཞུགས་ཤིང་།   འཁྲབ་སྟོན་ལེ་ཚན་ཧྲིལ་བོར་ཞབས་བྲོ་དང་གླུ་གཞས།  ཟློས་གར།  གྱེར་འདོན།  བོད་ཀྱི་རྣམ་ཐར་སོགས་ཀྱི་ལམ་ནས་མཛོད་དགེའི་བརྩེ་བ་ཟབ་མོའི་ཡུལ་སྲོལ་གོམས་གཤིས་དང་ཡུན་རིང་ཞིང་རྫོང་མཐུག་པའི་ལོ་རྒྱུས་རིག་གནས།  མཛོད་དགེ་རྫོང་གིས་ལོ་རྒྱུས་གཏན་དུ་མི་བརྗེད་པར་གུང་ཁྲན་ཏང་གི་བཀའ་དྲིན་དྲན་ཞིང་བཞུད་ལམ་གསར་བར་འབད་པས་བསྐྱོད་དེ།  དཔལ་འབྱོར་འཛུགས་སྐྱོང་ཤུགས་ཆེར་གཏོང་བའི་བསམ་བློའི་རྣམ་པ་སོགས་ལེགས་པར་མཚོན།  མཛོད་དགེའི་མི་དམངས་ཀྱིས་འཛམ་གླིང་གི་ས་ཆ་སོ་སོའི་སྐུ་མགྲོན་གདན་དྲངས་ཏེ།  དྭངས་གཙང་གི་རི་ཆུ་ཀླུང་གསུམ་རྡོག་པས་མནན་ཞིང་།  གནམ་མཐའི་མུ་མེད་ཕྱུགས་ར་རྟ་མཆོག་གི་སྨུག་པས་བརྫིས།  ཞབས་བྲོ་མཁན་གྱིས་ལྟད་མོ་བ་དང་མཉམ་དུ་རྩྭ་ཐང་ཆེན་མོ་གླུ་དང་གར་གྱི་ཉམས་ལ་དྲངས་པས།  ད་ལྟ་མཛོད་དགེའི་མཛེས་པ་ཡོད་ཚད་མངོན་སུམ་གྱི་མཛེས་ལྗོངས་དང་བདེ་སྐྱིད་ཀྱིས་གྲུབ་ཡོད།  མཛོད་དགེ་ནི་དུས་རབས་དང་མཉམ་དུ་སྐྱོད་བཞིན།   འཛམ་གླིང་ཀུན་ཏུ་གྲགས་ཤིང་འབྱུང་འགྱུར་རེ་བས་བསུ་བའི་སྒོ་ནས་མཛོད་དགེ་འཛམ་གླིང་ལ་ངོམ་བཞིན་ཡོད།


  ཡིད་སེམས་དྲོད་ཀྱིས་སྐྱོང་བའི་རང་བྱུང་མཛེས་ལྗོངས་ཀྱིས་མཛོད་དགེའི་མཛེས་པ་འཛམ་གླིང་ལ་ངོམས།

        རྒྱུས་ལོན་པ་ལྟར་ན།  ད་ལོར་མཛོད་དགེ་རྨ་ཆུའི་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་སྟོན་གྱིས་མཛོད་དགེ་འཛམ་གླིང་ལ་ངོམ་པ་བརྗོད་དོན་གཙོ་བོར་བཟུང་སྟེ།  བྱེད་སྒོའི་དུས་ཡུན་ནི2023ལོའི་ཟླ8པའི་ཚེས10ཉིན་ནས་ཟླ8པའི་ཚེས24ཉིན་གྱི་བར་ཡིན་ལ།  ངོ་མཚར་ཆེ་བའི་དུས་སྟོན་གཅིག་དང་བྱེད་སྒོ་སྣ་མང་གཅིག་ཏུ་སྤེལ་བའི་ལམ་ནས་འཛམ་གླིང་གི་ས་ཆ་སོ་སོའི་སྐུ་མགྲོན་ལ་སྣེ་ལེན་བྱས་ཏེ།  ཚང་མས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་ཉམས་སུ་མྱོང་ཞིང་།   རིག་གནས་དང་བློ་གྲོས་བརྗེ་རེས་གནང་བར་གདན་ཞུ་སྒོས།  སྔར་ལས་མི་མང་བོས་མཛོད་དགེ་མཐོང་བ་དང་ མཛོད་དགེར་ཕེབས་པ། མཛོད་དགེར་དགའ་བ་བཅས་སུ་བཀུག

        མཛོད་དགེ་ནི་འཛམ་གླིང་གི་ས་མཐོའི་འདམ་སོལ་ན་འདམ་ཆེ་ཤོས་ཡིན་ལ།  འདིར་མེ་ཏོག་སྣ་བརྒྱ་བཞད་ཅིང་།   འདབ་ཆགས་རྩ་ཆེན་དང་མིའི་རིགས་འཆམ་མཐུན་མཉམ་གནས་སུ་འཚོ་བ།  ཀྲུང་གོའི་རྩྭ་ཐང་ཆེན་མོ་གཉིས་པའང་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང《སི་ཁྲོན་ཞིང་ཆེན་ན་འདམ་སྲུང་སྐྱོང་སྲོལ་ཡིག》གི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་དོན་འཁྱོལ་མཐར་ཕྱིན་སྒོས།  རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  སྲུང་སྐྱོང་དང་ཉམས་གསོ་བྱེད་ཐབས་སྔར་བས་ལེགས་པོས།  བུ་རབས་ཚ་རྒྱུད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ན་འདམ་མཛེས་སྡུག་ལྡན་པ་མང་བོ་ཤུལ་དུ་འཇོག་ཆེད།  མཛོད་དགེ་རྫོང་གིས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་དང་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་།  རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་།  རྨ་ཆུའི་ཁྱིམ་གཞིས་སྐྱིད་པོ་བཅས་གསར་དུ་བསྐྲུན་པར་དམིགས་ཏེ།   འཛམ་གླིང་གི་ས་མཐོའི་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་བསྐྲུན་པ་དང་།  རྨ་ཆུ་དང་རྒྱང་སྐྱོད།   འབྲོག་ལས།  ཞིང་ལས་བཅས་རིག་གནས་ཆེན་པོ་བཞིའི་མཚན་བྱང་སྔོག་འདོན་སྒོས།  མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་གྱི་སྲོག་ཤིང་མཚན་སྙན་རྒྱ་བསྐྱེད་དེ།   མཛོད་དགེ་འཛམ་གླིང་ལ་ངོམ་པའི་འཛམ་གླིང་ཚོང་གཉེར་བྱེད་སྒོ་སྤེལ་བ་ཡིན།

        ཟླ8པར་སྐར་ཚོགས་ཀྱིས་མཐའ་ནས་བརྒྱན་པའི་མཛོད་དགེ་ནི།   ཁྱེད་རང་མགྲོན་དུ་ཕེབས་སའི་གནས་མཆོག་དེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1