སྐབས༢༡པའི་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོཊ་འདུ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-18



        སྤྱི་ཟླ་༨པའི་ཚེས་༡༧ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་སྒྲིལ།

        ཐེངས་འདིའི་གྲོས་ཚོགས་ནི་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་དང་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ཡིན་ལ། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འཕྲིན་སྦྱོར་ལས་ཁུངས་༢༩ཡི་ལས་སྒྲུབ་མི་སྣ་༦༠ལྷག་ཞུགས་ཡོད་པ་རེད།

        གྲོས་ཚོགས་ཐོག ༢༠༢༡ལོ་ནས་༢༠༢༣ལོའི་བར་གྱི་ལོ་གཉིས་རིང་གི་བོད་སྐད་ཡིག་འཕྲིན་སྦྱོར་སྐོར་གྱི་བརྡ་ཆད་གསར་པ་བསྡུ་སྒྲིག་དང་ཞིབ་དཔྱད་བྱས་ནས་བསྡོམས་པས་བརྡ་ཆད་གསར་པ་༩༢གཏན་འབེབས་བྱས་པ་དང་། གཅིག་གྱུར་བཀོལ་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན།


        གྲོས་ཚོགས་ཐོག་ཞིབ་བཤེར་གཏན་འབེབས་ནན་མོ་དང་བགྲོ་གླེང་རྒྱ་ཆེར་བྱས་ཏེ། ལོ་གཉིས་རིང་གི་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་ལས་ཁུངས་ཁག་གིས་སྤྲད་པའི་རིགས་སོ་སོའི་གསར་འགྱུར་བརྩམས་ཆོས་བསྡོམས་པས་༣༣༥དཔྱད་འདེམས་གནང་བ་དང་། སི་ཁྲོན་ཉིན་རེའི་ཚགས་པར་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གྲོང་ཁྱེར་ནང་གི་བོད་པ་དང་། སྐད་གཉིས་དོ་ར་སོགས་ཀྱི་བརྩམས་ཆོས་༤ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དེ་མིན་ཨང་གཉིས་པའི་བརྩམས་ཆོས་༥དང་ཨང་གསུམ་པའི་བརྩམས་ཆོས་༥ བསྡོམས་པས་བརྩམས་ཆོས་༡༤ལ་བྱ་དགའ་ཐོབ།

        གྲོས་ཚོགས་ཐོག སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་སློབ་སྦྱོང་བྱས་ཏེ། ཕན་ཚུན་རྩ་གཉིས་ཨང་རྟགས་བརྒྱུད་སྐུར་དང་། འཕྲིན་སྦྱོར་སྟེགས་བུ་མཉམ་སྤྱོད། མཉམ་ལས་ཟབ་མོ་བྱེད་པ་དང་། བརྩམས་ཆོས་མཉམ་སྤྱོད་ཐབས་ལམ་རྒྱ་བསྐྱེད་བཏང་ནས། འཕྲིན་སྦྱོར་ལས་རིགས་དར་རྒྱས་གཏོང་དགོས་ཞེས་བསྟན།

        སྐབས་རྗེས་མའི་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གསར་འགྱུར་འཕྲིན་སྦྱོར་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1