དུས་རབས་བཅོ་བརྒྱད་པའི་ནང་ཀུན་གྲོལ་འཇའ་མཚོན་སྙིང་པོས་བོན་གྱི་བསྟན་བཅོས་ཀྱི་མཚན་བྱང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། བོད་ཀྱི་ལོ་རྒྱུས་སྟེང་གི་བོན་པོའི་བཀའ་འགྱུར་གྱི་དཀར་ཆག་ཐོག་མར་བསྒྲིགས་པ་ནས་བཟུང་བཀའ་འགྱུར་གྱི་དཔེ་གཞི་མི་འདྲ་བ་དག་རིམ་པར་བྱུང་བ་དང་། ཕྱིས་ཀྱི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ནས་བཀའ་བརྟེན་ལ་དབྱེ་བ་མཛད་པའི་སྦྱོར་བ་ལག་ལེན་དུ་བསྟར་རྗེས། དཔེ་ཚོགས་དེ་གཉིས་དང་འབྲེལ་བའི་དཀར་ཆག་གི་བརྩམས་ཆོས་ཀྱང་དུ་མ་བྱུང་ཡོད། རྩོམ་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གྱི་དཔེ་གཞི་རྣམས་ངོ་སྤྲོད་རགས་བསྡུས་སུ་བྱས་པ་བརྒྱུད། ད་སྔའི་ཡན་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པས་དཔེ་ཚོགས་དེ་གཉིས་ལ་ཆེད་དམིགས་སུ་བསྒྲིགས་པའི་དཀར་ཆག་གི་བྱུང་བ་དང་ཁྱད་ཆོས་སོགས་གླེང་བ་དང་། དཔེ་ཚོགས་ལ་དཀར་ཆག་རྒྱས་ཙམ་ཞིག་མེད་ཚེ་ནང་དོན་གང་དང་ཅི་བཞུགས་བློས་དཔོགས་དཀའ་ཞིང་། མཚན་བྱང་ཁོ་ན་ཙམ་སྣང་བས་སྐབས་དོན་གང་གི་མཚམས་སུ་འཚོལ་དགོས་པའང་ངེས་དཀའ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། རྩོམ་པ་པོས«གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན»དང«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག་ངོ་མཚར་སྣང་བ་སྟོང་ལྡན»ཞེས་པའི་དཀར་ཆག་གི་དེབ་གཉིས་གསར་དུ་བསྒྲིགས་པའི་སྒྲིག་སྟངས་ཀྱི་ཁྱད་ཆོས་དང་དེ་འབྲེལ་གྱི་གནད་དོན་སོགས་བརྗོད་ཡོད།
[གནད་ཚིག] བོན། བཀའ་འགྱུར། བརྟེན་འགྱུར། དཀར་ཆག
གླེང་གཞི།
བོད་དུ་ཐུབ་པའི་བསྟན་པ་མ་དར་བའི་སྔ་རོལ་དུ་གཤེན་གྱི་བསྟན་པ་རྒྱ་ཆེར་དར་བ་དང་། རྒྱུན་རིང་པོ་ཞིག་ལ་ཡུལ་འབངས་ཀྱི་བསམ་བློ་དང་། འདུ་ཤེས། ཀུན་སྤྱོད་སོགས་ཀྱང་བསྟན་པ་དེ་ཉིད་ཀྱི་དགོངས་པ་དང་གཞི་མཐུན་དུ་གནས། དུས་རབས་བཞི་པ་ཡས་མས་ནས་ཐུབ་བསྟན་བོད་དུ་སྤེལ་བའི་གྲབས་བཤམས་པ་ནས། བསྟན་དགོངས་ཕན་ཚུན་དང་བསྟན་འཛིན་པའི་བར་ལ་རིམ་བཞིན་འགལ་བའི་ས་བོན་བྱུང་། དུས་རབས་བདུན་པའི་ནང་བཙན་པོའི་སྲིད་དབང་གི་ངོས་ཐད་ནས་ཐུབ་བསྟན་ནང་འདྲེན་གྱི་དབུ་བརྩམས་ཤིང་། མཐོ་རིམ་སྤྱི་ཚོགས་ཁྲོད་ཐུབ་པའི་བསྟན་པའི་ལྟ་དགོངས་དང་ལེན་བྱས་པའི་མོད་ལ། རིམ་བཞིན་དུས་རབས་བརྒྱད་པའི་སྨད་ཀྱི་ཆ་ཙམ་ནས་གཤེན་བསྟན་དར་མཐའ་རྒུད་པའི་ལོ་རྒྱུས་ཀྱི་རྣམ་པར་གྱུར། དེ་ལྟ་ནའང་། ཡུལ་སྤྱིའི་འབངས་མི་སེར་གྱི་འཚོ་བའི་ལམ་སྲོལ་དུ་བསྟན་པ་གང་ལས་མཆེད་པའི་ཕྱག་རྒྱུན་མི་ཉུང་བ་ཞིག་སྔར་རྒྱུན་བཞིན་གནས་ཡོད་པ་མ་ཟད། ཡུལ་བྱེ་བྲག་པ་འགའ་རེར་ད་ལ་ཐུག་གི་བར་དུ་བོན་བསྟན་འཛིན་པའི་སྲོལ་མ་ཉམས་པར་གནས་ཡོད་པ་ལྟར་རོ། །བོད་དུ་བོན་བསྟན་འཕེལ་འགྲིབ་ཀྱི་ཚུལ་ལ་གཞིགས་ཏེ། སྔོན་བྱོན་བོན་གྱི་མཁས་པའི་ཁྲོད་བོན་བསྟན་དར་རྒུད་ཀྱི་ཚུལ་དེ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་བཞེད་པ་དང་། འགའ་ཞིག་བར་དར་དང་བཅས་དུས་རིམ་གསུམ་དུ་སྨྲ་བའི་ལུགས་ཀྱང་མཐོང་། གང་ལྟར་དྲི་གུམ་བཙན་པོའི་སྐུ་རིང་བོན་བསྣུབས་པའི་སྦྱོར་བ་དེ་བོད་ཀྱི་ལོ་རྒྱུས་སྟེང་གི་བོན་བསྟན་གྱི་གོད་ཆག་ཐོག་མར་ངོས་འཛིན་གྱིན་པ་དང་། དེ་ནས་པུ་དེ་གུང་རྒྱལ་སྐབས་བོན་བསྟན་ཡང་བསྐྱར་དར་འཕེལ་བྱུང་ཞིང་། རིམ་བཞིན་སྔར་ནུབ་པའི་བསྟན་བཅོས་ཁག་ཅི་ནུས་ཀྱིས་ཉམས་གསོ་དང་དར་སྤེལ་བཏང་བ་ལ། མཐར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་བོན་བསྟན་ལ་གོད་ཆག་ཐེངས་གཉིས་པ་ཐེབས། སྐབས་དེའི་བོན་བསྣུབས་པའི་བྱེད་ལས་ཁྲོད་བོན་གྱི་བསྟན་འཛིན་མང་པོ་ཡུལ་མཐར་བསྐྱུགས་ཤིང་། གསུང་རབ་བསྟན་བཅོས་ཅི་མང་གཏེར་དུ་སྦས་པ་དང་ཁག་ཅིག་རྩ་བརླགས་སུ་གྱུར། དུས་རབས་བཅུ་པ་ཡས་མས་ནས་བོན་བསྟན་ཡང་བསྐྱར་ཉམས་གསོ་བྱུང་བ་ལ་བསྟན་པ་ཡང་དར་དང་། སྔ་མའི་དུས་མཚམས་གཉིས་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་ངོས་འཛིན་བྱེད་བཞིན་པར། གསུང་རབ་དང་བསྟན་བཅོས་འཕེལ་འགྲིབ་ཀྱི་ཚུལ་ཡང་བསྟན་པ་དར་ལུགས་དང་དམ་དུ་འབྲེལ་ནས་ཡོད། སྔ་མའི་དུས་སྐབས་གཉིས་ལ་བྱུང་བའི་བསྟན་བཅོས་འབོར་ཆེན་རྣམས་བསྟན་པའི་གོད་ཆག་གི་སྐབས་སུ་གཏེར་ལ་སྦ་དགོས་བྱུང་ཞིང་། དུས་རབས་བཅུ་པ་ཡས་མས་ནས་ཨ་ཙ་ར་མི་གསུམ་དང་གཤེན་ཆེན་ཀླུ་དགའ་གཙོར་མཛད་པའི་གཏེར་སྟོན་རིམ་བྱོན་གྱིས་སྔ་མ་གཏེར་དུ་སྦས་པའི་བསྟན་བཅོས་རྣམས་སླར་ཡང་གཏེར་ནས་བཏོན་པར། དེ་ལྟ་བུའི་གཏེར་མ་ལ་འདོན་གནས་དང་འདོན་དུས་ཀྱི་ཆ་ནས་བྱང་གཏེར་དང་། ལྷོ་གཏེར། དབུས་གཏེར། ཁམས་གཏེར། གཏེར་གསར་སོགས་ཀྱི་དབྱེ་བའང་བྱུང་ཡོད། སྐབས་དེའི་བསྟན་བཅོས་ཀྱི་གྲངས་ཚད་ལ་གཅིག་གྱུར་གྱི་བཞེད་སྟངས་ཤིག་ཞུ་དཀའ་བར་འགྱུར་ཡང་། གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་གཏེར་ཆོས་རྣམས་ལ་ཐོ་ཡིག་བཀོད་པ་ཁོང་གི་བུ་སློབ་རྣམས་ལ་བརྒྱུད་པ་དང་། ཕྱིས་སུ་དུས་རབས་བཅུ་བཞི་པ་ཡས་མས་སུ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔ་མའི་གཏེར་ཆོས་ཀྱི་ཁ་བྱང་བསྒྲིགས་ཡོད་པ་སོགས་ལས་ཟུར་ཙམ་ཞིག་མཐོང་ཐུབ་པ་ཡིན། ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་བའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་ཞེས་བྱ་བའི་དཔེ་ཚོགས་ཀྱི་རྨང་ནི་གོང་བསྟན་ཡིག་ཚང་ལ་བྱས་པའོ། །
དང་བོ། གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག
གཅིག བཀའ་འགྱུར་གྱི་དཔེ་གཞི་ཁག་གི་བྱུང་བ།
བན་བོན་གང་ཡིན་ཡང་གཞུང་ལུགས་ཀྱི་བསྟན་བཅོས་འབོར་ཆེན་པོར་འཕེལ་བའི་ཚེ་ན་རིམ་བཞིན་དཔེ་ཚོགས་སུ་བསྒྲིགས་པའི་སྲོལ་བྱུང་ཡོད་པ་བཞིན། བོན་བསྟན་གྱི་གཞུང་རྣམས་ལའང་བཀའ་དང་བཀའ་བརྟེན་གྱི་དབྱེ་བ་མཛད་ཅིང་། ནང་དོན་ལྟར་སྡེ་ཚན་གང་ལ་གཏོགས་པའི་ཚུལ་དུ་ཕྱོགས་བསྒྲིགས་མཛད་དེ་དཔེ་རྒྱུན་མི་ཉམས་པར་བྱས། རྒྱལ་སྤྱིའི་བོན་རིག་པའི་མཁས་དབང་ཕེར་ཁི་ཝེར་ནེ(Per Kvaerne)ལགས་ལྟར་ན་བོན་ཀྱི་བཀའ་འགྱུར་ཐོག་མ་དེ་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་ལ་བྱུང་བར་ཚོད་དཔག་བྱེད་ཀྱིན་ཡོད་ཅིང་།[1] ཁོང་གིས“དེ་ལྟ་ན་དུས་རབས་སྔ་མའི་དུས་མགོ་ལ་བུ་སྟོན་དང་བཅས་པས་ཐུབ་བསྟན་པའི་བཀའ་བསྟན་ལ་མཐར་ཐུག་གི་གུང་བསྒྲིགས་པ་ནས་བཟུང་བོན་པོ་རྣམས་ལ་ཡང་རང་གི་བཀའ་བརྟེན་འགྱུར་ཞིག་གི་དགོས་མཁོ་ཚོར་བའི་དུས་ཡུན་ལྷོད་ཡངས་ཅན་ཞིག་ཡོད་པ་མངོན་”ཞེས་གསུངས།[2] རྒྱལ་ནང་གི་བོན་གྱི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་ཕལ་ཆེ་བས་ནི་དུས་རབས་བཅོ་བརྒྱད་པའི་ནང་ཀུན་གྲོལ་འཇའ་མཚོན་སྙིང་པོའམ་ཀུན་གྲོལ་གྲགས་པས་བོན་གྱི་བསྟན་བཅོས་ཀྱི་མཚན་བྱང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་གཡུང་དྲུང་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་ཐོག་མར་བསྒྲིགས་པ་དང་། རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བཀའ་འགྱུར་གྱི་དཔེ་གཞི་ཐོག་མར་བྱུང་བར་ངོས་འཛིན་བྱེད། གང་ལྟར་དཔེ་ཚོགས་ཀྱི་མཚན་འདོགས་དང་སྡེ་ཚན་དབྱེ་སྟངས་སོགས་ཀྱི་ངོས་ནས་ཐུབ་བསྟན་པའི་བཀའ་འགྱུར་ལ་སློབ་སྦྱོང་གནང་ཡོད་པ་མ་ཟད། དཔེ་ཚོགས་སུ་བསྡུས་པའི་གཞུང་འགའ་རེར་ལུགས་གཉིས་བར་གྱི་མིང་བརྡའི་ཁྱད་པར་ཙམ་ལས་ནང་དོན་དང་ཚིག་གི་སྦྱོར་བ་སྤེལ་སྟངས་སོགས་ལས་ཀྱང་ཕན་ཚུན་ལ་སློབ་སྦྱོང་བྱས་པའི་རྗེས་ཤུལ་ཤིན་ཏུ་གསལ། དེ་ལྟ་བས་ན་དཔེ་ཚོགས་དེ་དག་ཀྱང་མཁས་པ་གོང་མ་རྣམས་ཀྱིས་ཕན་ཚུན་གྱི་ལེགས་ཆ་དང་ལེན་བྱས་པའི་རྒྱུད་རིམ་ཁྲོད་བྱུང་བ་ཤེས། རིག་འཛིན་ཀུན་གྲོལ་གྲགས་པ་མཆོག་གིས་བཀའ་འགྱུར་གྱི་དཀར་ཆག་བསྒྲིགས་པའི་རྨང་གཞིའི་སྟེང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཆུ་ཆེན་རབ་བརྟན་རྒྱལ་པོས་གྲོན་དངུལ་འབོར་ཆེན་བཏང་སྟེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་སྤར་ཤིང་ཐོག་མ་བརྐོས་གྲུབ་པ་དང་། དེ་ལ་ཡོངས་གྲགས་སུ་ཆུ་ཆེན་དཔེ་གཞི་ཟེར། ཆུ་ཆེན་དཔེ་གཞིའི་བཀའ་འགྱུར་གྱི་སྤར་ཤིང་ཕལ་ཆེ་བ་ཆན་ལུང་གོང་མའི་དམག་དཔུང་གིས་བརླགས། ཕྱིས་སུ་ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་ཕུན་ཚོགས་ཀྱིས་ཉམས་རྒུད་དུ་གྱུར་བའི་སྤར་ཤིང་རྣམས་གསར་དུ་བརྐོས་ཤིང་བཀའ་འགྱུར་གྱི་སྤར་ཤིང་ཆ་ཚང་དུ་བསྐྲུན་པར་ཁྲོ་སྐྱབས་དཔེ་གཞི་ཞེས་སྙན་པའི་གྲགས་པ་རབ་ཏུ་རྒྱས། ཁྲོ་སྐྱབས་དཔེ་གཞི་ཡང་ཕྱིས་ཀྱི་ཆིང་རྒྱལ་རབས་ཀྱི་དམག་འཁྲུགས་ནང་བརླགས་སྐད། བཀའ་འགྱུར་བྲིས་མའི་དཔེ་གཞི་མང་དུ་བྱུང་ཡོད་དེ། དེང་རབས་ཀྱི་བོན་རིག་པའི་མཁས་པ་སྟོང་སྐོར་ཚེ་རིང་ཐར་ལགས་བོན་གྱི་དགོན་སྡེ་བརྒྱ་ཕྲག་ལྷག་ལ་འགྲིམས་ནས་བོན་གྱི་ཡིག་ཚང་སྐོར་གྱི་ཞིབ་འཇུག་པ་དང་རྒན་གྲས་ཁ་ཅིག་ལ་རྩད་འདྲི་བྱས་པར། ཕྱི་ལོ1958ལོའི་ཡར་སྔོན་དུ་བོད་ཁམས་སུ་མ་མཐའ་ཡང་བཀའ་འགྱུར་བྲིས་མའི་དཔེ་གཞི་མ་འདྲ་བ་ཁག་སུམ་ཅུ་ཡས་མས་ཤིག་བཞུགས་ཡོད་པར་གསུངས།[3] དེ་ལས་ད་ལྟའི་ཆར་དཔེ་རྒྱུན་མ་ཉམས་པར་ཡོད་པའི་དཔེ་གཞི་གྲགས་ཆེ་བ་ལ་ཧོར་ཚོ་ཆེན་སོ་དགུའི་ཡ་གྱལ་ག་རྒྱ་ཚོ་བས་ལོ་འཁོར་བཅུ་ལྷག་གི་རིང་བྲིས་བཞེངས་གནངས་ཤིང་། ག་རྒྱ་བསྟན་དར་བྱ་བས་བོན་གྱི་གཏེར་གསར་སྟོན་པ་གསང་སྔགས་གླིང་པར་དབང་ཡོན་དུ་ཕུལ་པ། ཕྱིས་ཉག་རོང་དབལ་ཁྱུང་དགོན[4]པར་བཞུགས་པའི་དབལ་ཁྱུང་བྲིས་མ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་དགོངས་ལྟར་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་གཙོ་འགན་བཞེས་ཤིང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མས་ཕྱག་རོགས་མཛད་དེ། སྔར་དབལ་ཁྱུང་དགོན་དུ་ཉར་བའི་བཀའ་འགྱུར་བྲིས་མ་ཞིག་གི་མདོ་འབུམ་གཉིས་རྨང་བྱས་ཐོག་སྔགས་སེམས་ཀྱི་སྡེ་སོགས་དགོན་སྡེ་གཞན་ནས་གཡར་པོ་ཞུས་ཏེ་བཀའ་འགྱུར་ཆ་ཚང་གློག་སྤར་དུ་བསྐྲུན་པ་དེ་ལ་ཨ་གཡུང་དཔེ་གཞིར་འབོད་ཅིང་། དཔེ་གཞི་དེ་ལ་མདོ་འབུམ་སྔགས་སེམས་ཀྱི་སྡེ་ཚན་བཞིར་ཕྱེས་ཤིང་ཁྱོན་པོད་བརྒྱ་དང་ང་བདུན་བཞུགས།[5] ལོ་རབས་དགུ་བཅུ་པའི་ནང་རྔ་བ་རྟོགས་ལྡན་དགོན་གྱི་སྤྲུལ་སྐུ་བོན་བློན་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྔར་གྱི་ཨ་གཡུང་དཔེ་གཞི་ལ་རྨང་བཅོལ་ནས་དེ་ལ་ཁ་གསབ་ཀྱིས་བཀའ་འགྱུར་པོ་ཏི་བརྒྱ་དང་གོ་གཉིས་ཅན་ཞིག་བསྒྲིགས་ཤིང་གློག་སྤར་དུ་བསྐྲུན། དེ་ལ་བོན་བློན་དཔེ་གཞིར་འབོད། སྔ་ཕྱིར་ཀུན་གྲོལ་སྨོན་རྒྱལ་ལྷ་སྲས་ལགས་ཀྱིས་གཙོ་འགན་བཞེས་ཏེ་སྔར་གྱི་དབལ་ཁྱུང་བྲིས་མ་ཆ་ཚང་ཆད་གསབ་ནན་མོར་བགྱིས་ཏེ་བཀའ་འགྱུར་ཁྱོན་པོད་བརྒྱ་དང་དོན་བརྒྱད་ཀྱི་བདག་ཉིད་ཅན་ཞིག་གློག་སྤར་དུ་བཏབ་པ་དང་། དེ་ལ་ཡོངས་གྲགས་སུ་ལྷ་སྲས་དཔེ་གཞིར་འབོད། ཉེ་ལམ་སྟེང་ཆེན་བཀའ་འགྱུར་དང་། གྱེར་བསྟན་གླིང་བཀའ་འགྱུར། དེ་མིན་ཕྱི་ལོ2022ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་མཛད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཞེས་པ་དེབ་གཟུགས་པོད་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་སོགས་གསར་དུ་བསྒྲིགས་པའི་དཔེ་གཞིའང་རེ་འགའ་ཡོད་ཚོད་དུ། དེ་དག་གི་མ་ཕྱི་གཙོ་བོ་དབལ་ཁྱུང་དཔེ་གཞིར་བཅོལ་བ་དང་། དབལ་ཁྱུང་དཔེ་གཞི་ནི་རིག་གསར་གྱི་རྗེས་སུ་ལྷག་པའི་བོན་གྱི་བཀའ་འགྱུར་ཅུང་ཆ་ཚང་ཤོས་དེ་གཅིག་པུ་ཡིན། ད་ལྟའི་དུས་ལ་དཔེ་རྒྱུན་མ་ཉམས་པ་དང་ཉམས་པ་གསབ་སྣོན་གྱིས་གྲུབ་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཔེ་གཞི་དངོས་སུ་བཞུགས་པ་ནི་གོང་བསྟན་ལྟར་རོ། །
གཉིས། བཀའ་འགྱུར་གྱི་དཀར་ཆག་བྱུང་ཚུལ།
གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་གི་བྱུང་ཚུལ་ཅུང་ཞུས་ན། དཀར་ཆག་ཐོག་མ་དེ་དུས་རབས་བཅོ་བརྒྱད་པའི་ནང་ཀུན་གྲོལ་འཇའ་མཚོན་སྙིང་པོ་མཆོག་གིས་མཛད་པའི«ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར»ཞེས་བྱ་བ་དེ་ཡིན་ཞིང་། དེར་མདོ་སྡེ་ལ་པོ་ཏི་ང་ལྔ་དང་། འབུམ་སྡེ་ལ་པོ་ཏི་བརྒྱ་དང་བརྒྱད། སྔགས་སྡེ་ལ་པོ་ཏི་གྱ་བརྒྱད། སེམས་སྡེ་ལ་པོ་ཏི་སུམ་ཅུ་དང་བཅས་ཁྱོན་པོ་ཏི་ཉིས་བརྒྱ་དང་གྱ་གཅིག་བཞུགས། དེའི་གོང་རོལ་དུ་གཤེན་ཆེན་ཀླུ་དགའ་དང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གཉིས་ནས་སྔ་ཕྱིར་མཛད་པའི་གཏེར་གྱི་ཁ་བྱང་ལྟ་བུ་བྱུང་ཡང་། བཀའ་བརྟེན་འགྱུར་གྱི་དབྱེ་བ་ཕྱེས་པའི་བཀའ་འགྱུར་གྱི་དཀར་ཆག་མཛད་མེད་པར་ངེས། དུས་རབས་བཅུ་དགུ་པའི་ནང་གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན་གྱིས«གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆགས་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད»[6]ཅེས་བྱ་བ་མཛད་ཅིང་། དཀར་ཆག་དེར་གསལ་བའི་བཀའ་འགྱུར་ལ་པོ་ཏི་བརྒྱ་དང་བཅུ་གསུམ་བཞུགས་ཤིང་། བཀའ་འགྱུར་ཨ་གཡུང་དཔེ་གཞིའི་མཇུག་ཏུ་བསྒྲིགས་པའི་དཀར་ཆག་ཀྱང་དེ་ཉིད་ཡིན། དཀར་ཆག་དེའི་མཇུག་བྱང་དུ། “སྐམ་རིགས་ཀྱི་སྡོམ་བརྩོན་པ་སྨན་རིའི་མཁན་མིང་བ། ཉི་མ་བསྟན་འཛིན་དབང་རྒྱལ་དུ་འབོད་པ་དེས། འདུ་གནས་སོ་བདུན་གྱི་ནང་ཚན། གཡས་རུ་མཁར་གདོང་གི་བདེ་གསལ་ཕུག་ཏུ། ཉམས་ལེན་ཐུན་མཚམས་སུ་འཕྲལ་བརྩམས་བགྱིས་པ།”[7]ཞེས་འཁོད། གཞན་དུ་གཡུང་དྲུང་ཚུལ་ཁྲིམས་དྲག་པས(1832-1890)མཛད་པའི«རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག»[8]ཅེས་བྱ་བར་བཀའ་དང་བཀའ་བརྟེན་དབྱེར་མེད་དུ་བསྒྲིགས་ཡོད་པར། མདོ་སྡེ་ལ་པོ་ཏི་བརྒྱ་དང་བཅོ་ལྔ་དང་། འབུམ་སྡེ་ལ་པོ་ཏི་དོན་བདུན། སྔགས་སྡེ་ལ་པོ་ཏི་ཉིས་བརྒྱ་དང་གོ་གསུམ། སེམས་སྡེ་ལ་པོ་ཏི་སོ་དྲུག རིག་གནས་ལ་པོ་ཏི་ཉེར་གསུམ་བཅས་ཁྱོན་པོ་ཏི་ལྔ་བརྒྱ་དང་ཞེ་བཞི་བཞུགས། ཤོག་ངོས་ཆིག་སྟོང་སུམ་བརྒྱ་གོ་གཅིག་གི་བདག་ཉིད་ཅན་གྱི་དཀར་ཆག་དེ་ནི་སྲོལ་རྒྱུན་དཀར་ཆག་ཁྲོད་ཆེས་ཞིབ་རྒྱས་ཀྱི་དཔེ་གཞི་ཞིག་ཏུ་ངེས་མོད། དེ་དང་ལྟོས་ཟླར་གྱུར་བའི་བཀའ་དང་བརྟེན་འགྱུར་གྱི་དཔེ་གཞི་ཆ་ཚང་བཞུགས་མེད་པ་ལ་ཕངས་སེམས་ཤིན་ཏུ་ཆེ། གོང་བསྟན་དཀར་ཆག་ཕལ་ཆེ་བ་ནི་སྲོལ་རྒྱུན་གྱི་དཀར་ཆག་རྩོམ་སྟངས་ལྟར་གཙོ་བོ་བོན་བསྟན་བྱུང་འཕེལ་གྱི་ལོ་རྒྱུས་དཀྱིལ་སྙིང་དུ་བྱས་ཏེ་བཀའ་གཏེར་བྱུང་རབས་དང་སྡེ་ཚན་འབྱེད་ལུགས་སོགས་རྒྱས་པར་སྤྲོས་ཤིང་། དཀར་ཆག་དངོས་ལ་པོ་ཏིའི་མཚན་བྱང་ཙམ་གྱིས་འཐུས་པར་བྱས་འདུག་ན། པོ་ཏི་རེ་རེའི་ནང་ཚན་དུ་ལེའུ་དང་ཆོས་ཚན་ཅི་ཡོད་ཀྱི་ཚུལ་ངེས་དཀའ་བར་འདུག གོང་བསྟན་ཆུ་ཆེན་དང་ཁྲོ་སྐྱབས་དཔེ་གཞིའི་དཀར་ཆག་སྟེ་ཀུན་གྲོལ་གྲགས་པས་མཛད་པའི་དཀར་ཆག་ཏུ་ལེའུ་རེ་རེའི་མཚན་འཁོད་ནས་ཡོད་ཀྱང་། ལྡེབ་གྲངས་སོགས་ཡིག་ཚང་ཞིབ་འཚོལ་ལ་ཕན་པའི་རྒྱུ་མ་ཚང་བ་དང་། ཡང་ཅིག་ན་དཔེ་གཞི་དེ་གཉིས་ཀྱི་དཔེ་རྒྱུན་སྔར་ནས་ཉམས་པས་དཀར་ཆག་དང་གཞུང་དངོས་ཕྱོགས་ཡོངས་ནས་གཏུགས་ཐབས་མེད་པར་གྱུར། དཀར་ཆག་དེ་ཉིད་ཕྱིས་སུ་དེབ་གཟུགས་སུ་དཔེ་སྐྲུན་བྱས་ཡོད།[9] ཉེས་དུས་དཔེ་སྐྲུན་མཛད་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་ཀྱི་མཇུག་གི་ཞར་བྱུང་དུ་སྐུ་ཞབས་འབྱུང་གནས་ལགས་ཀྱིས་བསྒྲིགས་པའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་གི་རེའུ་མིག་ཅིག་བཀོད་ཡོད་པ་དང་།[10] རེའུ་མིག་ཁྲོད་ཀྱི་བཀའ་འགྱུར་ནི་ལྷ་སྲས་བཀའ་འགྱུར་གྱི་དཔེ་གཞི་གཞིར་བཟུང་སྟེ་མདོ་ཕྱོགས་ལ་པོ་ཏི་དོན་བཞི་དང་། འབུམ་པོ་ཏི་བདུན་ཅུ། སྔགས་པོ་ཏི་ཉེར་དྲུག སེམས་ཕྱོགས་ལ་པོ་ཏི་བརྒྱད་བཅས་ཁྱོན་པོ་ཏི་བརྒྱ་དང་དོན་བརྒྱད་ཅན་ཞིག་སྟེ། གླེགས་བམ་རེ་རེའི་མཚན་བྱང་ལ་གཞིགས་ཚེ་དཔེ་གཞི་གང་ལ་དཀར་ཆག་མ་ཡོད་པ་འདྲ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སུའོ་ཡིས་ཨ་གཡུང་དཔེ་གཞི་གཞིར་བཟུང་གིས་དཀར་ཆག་སྣུམ་སྤར་དུ་བཏབ་པ་ཤོག་ངོས་ཉེར་གཉིས་ཅན་ཞིག་བསྒྲིགས་ཡོད་པར།[11] གོང་བསྟན་དཀར་ཆག་གཉིས་ལ་སྤྱིའི་ལྡེབ་གྲངས་དང་ལེའུ་གྲངས་སོགས་འཁོད་འདུག་མོད། ལེའུ་རེ་རེའི་མཚན་བྱང་དང་ལེའུ་མཚམས་ཀྱི་ལྡེབ་གྲངས་སོགས་མ་ཡོད་རྐྱེན། དེ་གཉིས་ཀྱང་དཔེ་ཆ་ཞིབ་འཚོལ་ལ་ཕན་པའི་དཀར་ཆག་ཏུ་མ་མཐོང་། བོན་བློན་བཀའ་འགྱུར་ལ་གཞི་བྱས་ཏེ་ཏན་མར་ཐེན་དང་།(Dan Martin) ཕེར་ཁི་ཝེར་ནེ།(Per Kvaerne) ན་གཱ་ནོ་ཡ་ཞོ་ཧེ་ཁོ(Yasuhiko Nagano)སོགས་ཀྱིས«བོན་གྱི་བཀའ་འགྱུར་གྱི་དཀར་ཆག»(A Catalogue of the Bon Kanjiur)ཅེས་པ་དབྱིན་ཡིག་དང་ལ་ཏིང་ཟུང་སྦྲེལ་གྱི་ལམ་ནས་དཀར་ཆག་ཧ་ཅང་རྒྱས་པ་ཞིག་བསྒྲིགས་འདུག[12] ད་སྔའི་ཡན་ལ་བོན་གྱི་བཀའ་འགྱུར་དཔེ་གཞི་དག་ལ་བཏབ་པའི་དཀར་ཆག་ཁྲོད་དེ་ལྟ་བུའི་ལེ་ཚན་ཞིབ་རྒྱས་ཅན་ཞིག་བྱུང་མེད་པ་འདྲ། ཨ་གཡུང་དཔེ་གཞི་ལ་མཚོན་ན་སྔར་བརྒྱ་ཚར་གཅིག་དང་སུམ་ཅུ་ཙམ་ལས་དཔར་མེད་ཀྱང་ཕྱིས་བསྐྱར་དཔར་མང་དུ་ཞུས་ཡོད་ཚོད་ལ། ད་ལྟ་རྒྱལ་ནང་གི་དཔེ་མཛོད་ཁང་དང་ཞིབ་འཇུག་ཚན་པ་མང་པོ་ཞིག་གིས་དཔེ་གཞི་དེ་ཉིད་ཉར་ཚགས་གནང་ཡོད་འདུག དཔེ་གཞི་གང་ལ་དཀར་ཆག་ཁ་གསལ་ཞིག་མ་ཡོད་རྐྱེན། ལོ་ངོ་འདི་དག་གི་རིང་ཀློག་མཁན་གྱིས་དཔེ་ཆ་འཚོལ་བ་ལ་དཀའ་ལས་མང་པོ་རྒྱག་བཞིན་པ་མཐོང་། ཚུལ་དེ་ལྟ་བུ་ནི་དཔེ་གཞི་དེ་ཉིད་ཉར་ཚགས་གནང་མཁན་ཀུན་ལ་ཡོད་སྲིད་པས། ཡིག་ཚང་བེད་སྤྱོད་དང་དོ་དམ་སོགས་གང་ཆ་ནས་བལྟས་ཀྱང་དཔེ་གཞི་གང་ལ་ཆེད་དམིགས་ཀྱི་དཀར་ཆག་ཞིབ་རྒྱས་ཤིག་བསྒྲིགས་པར་དགོས་པ་ཤིན་ཏུ་ཆེ།
གསུམ། གསར་དུ་བསྒྲིགས་པའི«དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན»གྱི་ཁྱད་ཆོས།
གོང་ཞུས་ཚུལ་ལ་གཞིགས་ཏེ། ཁོ་བོས་ལོ་འགའི་སྔོན་ནས་བོན་པོའི་བཀའ་བརྟེན་གྱི་དཀར་ཆག་སྒྲིག་སྒྱུར་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་གཉིས་ཁུར་དུ་བླངས་པ་དང་། བར་དུ་སློབ་གཉེར་ལ་སོགས་པའི་དབང་གིས་ལས་ཀར་འགལ་རྐྱེན་ཕྲན་ཙམ་བྱུང་ཡང་ཉེ་སྔོན་ལས་གཞི་གཉི་ཀ་ཡོངས་སུ་ལེགས་གྲུབ་བྱུང་། དེའི་ཁྲོད་བཀའ་འགྱུར་ལ«གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན»ཞེས་པའི་དཀར་ཆག་ཧ་ཅང་ཞིབ་རྒྱས་ཤིག་བསྒྲིགས་པ་ལགས། ཨ་གཡུང་དཔེ་གཞིའི་མདོ་སྡེ་ལ་པོ་ཏི་རེ་གསུམ་དང་། འབུམ་སྡེ་ལ་པོ་ཏི་རེ་བདུན། སྔགས་སྡེ་ལ་པོ་ཏི་ཉི་ཤུ། སེམས་སྡེ་ལ་པོ་ཏི་བདུན་བཅས་གཞུང་ལ་ཁྱོན་པོ་ཏི་བརྒྱ་དང་ང་བདུན་དང་། དེར་མཁན་ཉི་མ་བསྟན་འཛིན་གྱི«དཀར་ཆགས་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད»བསྡུས་པས་བརྒྱ་དང་ང་བརྒྱད་བཞུགས་ཡོད་པ་ལ།[13] མདོ་སྡེ་ལས་པོ་ཏི་བཞི་བཅུ་དང་འབུམ་སྡེ་ལས་པོ་ཏི་རེ་གཉིས་ཙམ་དབལ་ཁྱུང་གི་བྲིས་མར་ཕྱི་མོ་བགྱིས་ནས་གློག་སྤར་གནང་ཡོད་ན། དཔེ་གཞི་གཉིས་ཀྱི་གོང་བསྟན་གཞུང་ཚད་ནི་འདྲ་ངེས་མོད། དབལ་ཁྱུང་གི་བྲིས་མར་དཀར་ཆག་ཞིབ་རྒྱས་མེད་པས་བསྡུར་ཐབས་བྲལ། ཨ་གཡུང་བཀའ་འགྱུར་ལ་རྨང་བརྟེན་ནས་བཞེངས་པའི་བོན་བློན་བཀའ་འགྱུར་ལའང་དེ་ལྟ་སྟེ། མདོ་འབུམ་གཉིས་ལ་བསྡུས་པའི་གཞུང་ཕལ་ཆེ་བ་འདྲ་བར་འདུག་ཀྱང་། གཞུང་ཚད་དང་པོ་ཏི་སྔ་ཕྱིའི་སྒྲིག་སྟངས་མ་འདྲ་བས་གོང་བསྟན་ཉི་ཧོང་གི་དཀར་ཆག་ལ་བརྟེན་ནས་གང་མཁོ་བའི་ཆོས་ཚན་བཙལ་ཁག་ཙམ་འདུག དེར་བརྟེན་དཀར་ཆག་འདི་ཉིད་ཨ་གཡུང་དཔེ་གཞི་དངོས་ལ་བསྟུན་ཞིང་། གླེགས་བམ་རེ་རེ་བཞིན་འཕྲལ་ཀློག་གི་སྒོ་ནས་བསྒྲིགས་པར། དཀར་ཆག་བསྒྲིག་པའི་དུས་རིམ་ནང་དཀའ་ངལ་དུ་མ་དང་འཕྲད་བྱུང་སྟེ། དཔེར་ན། པོ་ཏི་ཕལ་ཆེ་བའི་ཆོས་ཚན་དང་ལེའུའི་མཚམས་མི་གསལ་བ། ལེའུ་གྲངས་གོང་འགབ་འབྲེལ་མི་ཆགས་པ། སྤར་འདེབས་ལག་རྩལ་ཞན་པས་ཡིག་འབྲུ་གསལ་བོར་ཐེབས་མེད་པ། མ་དཔེ་རང་ལ་ལྡེབ་གྲངས་དང་ལེའུ་གྲངས་མང་དུ་ནོར་བ། སྤར་འདེབས་ཀྱི་ལས་ལ་ཞིབ་ཚགས་མ་ཡོད་རྐྱེན་ཆོས་ཚན་དང་ལྡེབ་འཁྲུགས་ཚད་མཐོ་བ་སོགས་གནད་དོན་མང་དུ་འདུག་པར། ད་རེས་ཅི་ནུས་ཀྱིས་དག་སྒྲིག་བྱས་ཤིང་གསལ་བཤད་དགོས་པ་རྣམས་སྐབས་དོན་དུ་ཞབས་མཆན་སྦྱར་བ་ལགས། དཀར་ཆག་སྒྲིག་སྟངས་ཐད་གཙོ་བོ་ཡིག་ཚང་ཞིབ་འཚོལ་ལ་དམིགས་པས་ན། སྲོལ་རྒྱུན་དཀར་ཆག་གི་རྨང་ལ་བརྟེན་ནས་དེང་རབས་ཡིག་ཚང་རིག་པ་དང་བྱེ་བྲག་དཀར་ཆག་རིག་པའི་བླང་བྱ་དང་ཐབས་ལམ་སྤྱད་པ་སྟེ། དེ་ཡང་པོ་ཏི་རེ་རེའི་སྤྱིའི་གྲངས་རྟགས་དང་། མཚན་བྱང་། བསྡུས་བྱང་།[14] པོ་ཏི་རེ་རེར་འདུས་པའི་ཆོས་ཚན་གྱི་གྲངས་དང་། ལེའུ་གྲངས། སྤྱིའི་ལྡེབ་གྲངས་དང་། རིགས་རྣམ། གཏེར་སྟོན་དང་སྙན་བརྒྱུད་མཁན། སྒྲིག་མཁན་སོགས་གླེགས་བམ་སྤྱིའི་གནས་ཚུལ་དང་། དེ་ནས་པོ་ཏི་རེ་རེའི་ནང་ཚན་ཆོས་ཚན་དང་ལེའུ་རེ་རེའི་མཚན་བྱང་རིམ་པ་བཞིན་དང་། ཆོས་ཚན་དང་ལེའུ་སོ་སོའི་བར་མཚམས་ཀྱི་ལྡེབ་གྲངས། དེ་མིན་གླེགས་བམ་ཕལ་ཆེ་བར་སྤྱན་ཁྱེར་དུ་བཀོད་པའི་ལྡེབ་གྲངས་དང་ཤོག་ལྡེབ་ཀྱི་གཡོན་ངོས་སུ་སྦྱར་བའི་ཤོག་གྲངས་གཉིས་མ་འདྲ་བར་ཡོད་དེ། སྔ་མར་སྲོལ་རྒྱུན་གླེགས་བམ་གྱི་ལྡེབ་གྲངས་འགོད་སྟངས་ལྟར་ལྡེབ་མ་རེ་ལ་གྲངས་རྟགས་གཅིག་བཀོད་པ་དང་། ཕྱི་མར་ཤོག་ལྡེབ་རེ་རེའི་ངོས་ཕྱི་ནང་ལ་ཨ་རབ་ཀྱི་གྲངས་རྟགས་རིམ་པ་བཞིན་བཀོད་ཡོད་ན། དཀར་ཆག་དངོས་ཀྱི་སྐབས་སུ་བོད་ཡིག་དང་ལ་ཏིང་དཀར་ཆག་ལ་སྤྱན་ཁྱེར་དུ་བཀོད་པའི་ལྡེབ་གྲངས་དང་། རྒྱ་ཡིག་གི་སྐབས་སུ་ཨ་རབ་ཀྱི་ཤོག་གྲངས་བཀོད་པ་ཡིན། པོ་ཏི་འགའ་རེར་སྤྱན་ཁྱེར་དང་ལྡེབ་ཀྱི་གཡོན་ངོས་སུ་སྦྱར་བའི་ལྡེབ་གྲངས་གཉིས་མཐུན་པར་སྦྱར་འདུག་པ་རྣམས་དེ་ལྟར་ཤེས་པར་བྱ། ད་དུང་གླེགས་བམ་དང་ཆོས་ཚན་རྫོགས་མཚམས་སུ་སྦྱར་བའི་མཇུག་བྱང་དང་བཅས་པ་ལེ་ཚན་བཅུ་གསུམ་ཙམ་གྱི་སྒོ་ནས་བསྒྲིགས་ཡོད། གཞན་དུ་དམིགས་བསལ་གྱི་དོན་རྣམས་གསལ་བཤད་དུ་བཀོད་པ་དང་། མདོ་དང་འབུམ་སྡེ་ལས་བོན་བློན་དཔེ་གཞི་དང་འདྲ་བར་བཞུགས་པ་རྣམས་གོང་བསྟན་ཏན་མར་ཐེན་སོགས་ཀྱི་དཀར་ཆག་དང་བསྡུར་བའི་སྒོ་ནས་མཆན་བཏབ་ཡོད། གཞུང་དུ་དེང་སྲོལ་ལྟར་མེད་པའི་མིང་བརྡ་མང་དུ་མཐོང་ཞིང་། དེ་དག་ལས་ཡིག་ནོར་དུ་ཤེས་པ་སོགས་གསལ་བཤད་ཐུང་གྲས་རྣམས་གུར་རྟགས་སུ་བཅུག་ནས་ཞར་ལ་བཀོད་ཅིང་། བརྡ་གོ་དཀའ་བ་ཁག་ཅིག་གཞུང་དངོས་ཀྱི་དོན་ལ་བརྟག་ནས་འགྲེལ་མཆན་ཐུང་ངུ་རེ་ཡང་ཞབས་མཆན་དུ་སྦྱར་ཡོད། སྐུང་ཡིག་དང་ཟླ་ཚེས་ཀྱི་གྲངས་ངོས་འཛིན་དཀའ་བ་རྣམས་ཁ་གསལ་དུ་གུག་རྟགས་ནང་བཀོད་ཡོད། དཀར་ཆག་སྤྱིའི་འགོད་སྟངས་ནི། པོད་རྟགས་དང་ཆོས་ཚན་གྱི་རྟགས། ཆོས་ཚན་གྱི་ནང་ཚན་ལེའུའི་གྲངས་རྟགས་སོགས་ནི་དཔེར་ན། པོད་དང་པོའི་ནང་ཚན་ཆོས་ཚན་དང་པོའི་ལེའུ་དང་པོ་ལྟ་བུ་ལ001-1-1ལྟར་དུ་ཡིན། ཆོས་ཚན་དང་ལེའུ་གང་རུང་མ་ཡོད་པ་ལ001-1ལྟར་པོད་རྟགས་དང་ཆོས་ཚན་ནམ་ཡང་ན་ལེའུ་གྲངས་གང་རུང་གྲངས་རིམ་གཉིས་སུ་བཀོད་ཡོད། ཆོས་ཚན་དང་ལེའུའི་མཚམས་ཀྱི་ལྡེབ་གྲངས་དང་། ལྡེབ་ཀྱི་ཉིན་སྲིབ། ཡིག་ཕྲེང་སོགས་ཀྱང་མཚན་བྱང་གི་འོག་ཏུ༼ལྡེབ་གྲངས། 1-4ན (ཕྲེང4)༽ལྟར་ལྡེབ་གྲངས1ནས4པའི་ཉིན་གྱི་ཐིག་ཕྲེང4པའི་བར་ཞེས་གསལ་བོར་བཀོད་ཡོད་པ་བཅས། དཀར་ཆག་འདི་ནི་མིག་སྔའི་ཚུན་ལ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་གཞིའི་དཀར་ཆག་རྒྱས་ཤོས་ལྟ་བུར་ངོས་བཟུང་ཆོག་པ་ཡིན།
གཉིས་པ། གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག
གཅིག བཀའ་དང་བརྟེན་འགྱུར་སོ་སོར་དབྱེ་བའི་དགོངས་བཞེས་མཛད་ཚུལ།
གཡུང་དྲུང་བོན་གྱི་བརྟེན་འགྱུར་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་རྗེས་འཇུག་རྣམས་ཀྱིས་བསྟན་པ་གསལ་བྱེད་དུ་དམིགས་ཏེ་མཛད་པའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔེ་ཚོགས་གང་ལ་བྱ་ཞིང་། དེ་ཉིད་སྟོན་པ་གཤེན་རབ་པའི་བཀའ་ལ་བརྟེན་ནས་བྱུང་བའམ་དེའི་དགོངས་སྙིང་རྣམ་པར་བཀྲལ་བའི་བསྟན་བཅོས་ཡིན་པ་དང་། དཔེ་ཚོགས་དེར་བསྒྲིགས་པའི་བསྟན་བཅོས་ཁྲོད་འགྱུར་གཞུང་ཁ་ཤས་བཞུགས་ཀྱང་གཞུང་ཕལ་ཆེ་བ་བོད་རང་གི་མཁས་པའི་མཛད་པ་ལགས་པས། དེང་གི་ཞིབ་འཇུག་པའི་ཁྲོད་དེ་ལ་བཀའ་བརྟེན་དུ་འདོགས་འོས་ཚུལ་གླེང་མཁན་ཡང་ཡོད། སྤྱིར་ན་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་དུ་གྲགས་པའི་དཔེ་ཚོགས་དེ་གཉིས་ཀྱི་མཚན་ལ་དབྱེ་བ་འབྱེད་ཚུལ་དང་སྒྲིག་སྟངས་སོགས་ལ་ཐུབ་བསྟན་པའི་བཀའ་བསྟན་གྱི་ཤུགས་རྐྱེན་ཐེབས་ཡོད་ཚུལ་ཧ་ལམ་ཡོངས་གྲགས་ལྟ་བུར་གྱུར་ཡོད་ལ། བཀའ་འགྱུར་དང་བརྟེན་འགྱུར་ལྟ་བུའི་མིང་གི་སྒྲོམ་གཞིའི་འོག་བཀའ་དང་བསྟན་བཅོས་ཅི་མང་མ་ཉམས་རྒྱུད་འཛིན་དང་ལྟོས་བཅས་ཀྱི་དར་སྤེལ་ཐུབ་ཡོད་པ་ལ་ཐོག་མའི་བསམ་འདུན་དང་མཐའ་མའི་འབྲས་བུ་གང་ཆ་ནས་བལྟས་ཀྱང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་ཆོག འདིར་བརྗོད་གཞིར་གྱུར་བའི་བརྟེན་འགྱུར་དུ་བསྒྲིགས་པའི་བསྟན་བཅོས་ཐོག་མ་དེ་གྲི་གུམ་བཙན་པོའི་གོང་ནས་བྱུང་བ་ཕྱིས་སུ་གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་གྲས་སུ་བཞུགས་ཚུལ་གསུངས་པ་དང་། དེ་ནས་བཟུང་སྟེ་ཉེ་དུས་ལ་ཐུག་གི་བར་དུ་རིམ་པར་བྱོན་པའི་བོན་གྱི་རྗེས་འཇུག་སྐྱེས་ཆེན་དམ་པས་མཛད་པའི་ཆོས་ལུགས་དང་། གསོ་རིག ལོ་རྒྱུས། རྩོམ་རིག གནམ་རིག་སྐར་རྩིས་སོགས་རིག་གནས་སྣ་མང་དང་འབྲེལ་བའི་བསྟན་བཅོས་འབོར་ཆེན་གཞི་གཅིག་ཏུ་བསྡུས་པའི་ཤེས་རིག་གི་བང་མཛོད་ཅིག་སྟེ། ད་ཡོད་དཔྱད་གཞིར་གཞིགས་ན། བསྟན་བཅོས་དེའི་རིགས་བརྟེན་འགྱུར་བྱ་བའི་རིགས་ཁོངས་སུ་དབྱེ་བསྡུ་གནང་བའི་བཞེད་དགོངས་ནི་དུས་རབས་བཅོ་བརྒྱད་པའི་ནང་བྱུང་ཡང་། སྐབས་དེར་བཀའ་དང་བཀའ་བརྟེན་དུ་དབྱེ་བའི་མཛད་པ་ལག་ལེན་དངོས་སུ་བསྟར་ཐུབ་མེད། ཕྱིས་ཀྱི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་ལ་གཡུང་དྲུང་གླིང་གི་མཁན་པོ་ཉི་མ་བསྟན་འཛིན་མཆོག་གིས«གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་གྱི་དཀར་ཆགས་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད»ཅེས་བྱ་བ་མཛད་སྐབས་ད་གཟོད་བཀའ་འགྱུར་ལ་པོ་ཏི་བརྒྱ་དང་བཅུ་གསུམ་དང་། བརྟེན་འགྱུར་ལ་པོ་ཏི་ཉིས་བརྒྱ་གོ་གསུམ་དུ་ཕྱེས་ཏེ་བཀའ་བརྟེན་གྱི་དབྱེ་བ་མཛད། དུས་སྐབས་དེའི་སྔ་ཕྱིར་བཀའ་འགྱུར་དང་བརྟེན་འགྱུར་འདྲེས་མའི་དཀར་ཆག་དང་། ཡང་ན་བཀའ་འགྱུར་ཁོ་ནའི་དཀར་ཆག་དང་དཔེ་རྩིས་དུ་མ་བྱུང་བའི་ཚུལ་རྣམས་གོང་གི་བཀའ་འགྱུར་གྱི་དཀར་ཆག་གི་སྐབས་སུ་གླེང་ཟིན་པ་ལྟར་རོ། །
གཉིས། བོན་གྱི་བརྟེན་འགྱུར་དང་དེའི་དཀར་ཆག་བྱུང་ཚུལ།
གོང་དུ་ཞུས་པ་ནི་བོན་གྱི་མཁས་པས་བསྟན་བཅོས་རྣམས་བཀའ་འགྱུར་དང་བརྟེན་འགྱུར་སོ་སོར་དབྱེ་དགོས་པའི་དགོངས་པ་བཞེས་ཚུལ་དང་། དེ་འབྲེལ་གྱི་དཀར་ཆག་ཏུ་བསྟན་བཅོས་ཀྱི་མཚན་བྱང་རྣམས་རང་རང་གི་ཁྱབ་ཁོངས་སུ་དབྱེ་བ་ཕྱེས་ཚུལ་ཙམ་ཡིན། གཤམ་ནས་དཀར་ཆག་དེ་དག་ལ་རྨང་བྱས་ཏེ་བརྟེན་འགྱུར་བྱ་བའི་དཔེ་ཚོགས་བསྡུ་སྒྲིག་དང་དེ་ལ་དཔེ་གཞི་གང་ཡོད་ཀྱི་ཚུལ་ཅུང་ཙམ་ཞུས་ན། “ཨུ་རུ་སིའི་མཁས་པ་རོ་རི་ཧེ(G.N.Roerich)ཡིས་ཕྱི་ལོ1982ལོར་ནག་ཆུའི་ཤ་རུ་དགོན་དུ་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གཉིས་སུ་ཕྱེས་པའི་བྲིས་མ་ཞིག་མཐོང་མྱོང་བ་དེའི་སྔ་མ་ལ་པོ་ཏི་བརྒྱ་དང་བཞི་བཅུ་དང་ཕྱི་མ་ལ་པོ་ཏི་བརྒྱ་དང་དྲུག་ཅུ་ཅན་ཞིག་བཞུགས་ཡོད”[15]པར་བཤད་དེ། ཞིབ་འཇུག་པ་ཚེ་རིང་ཐར་ལགས་ཀྱིས་དགོན་པ་དེ་ད་ལྟའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙེ་རོང་རྫོང་སེ་ཆེན་ཤང་གི་ཤ་རུ་དགོན་ཡིན་པ་འདྲ་ཞེས་མཆན་བཏབ་འདུག[16] དཔེ་གཞི་དེ་ཉིད་ད་ལྟ་བཞུགས་མིན་སོགས་ཀྱི་གནས་ཚུལ་གསལ་བོར་མ་ངེས། དེ་མིན་གྱི་དཔེ་གཞི་གཞན་བྱུང་ཡོད་མེད་ཀྱང་མཐོང་ཐོས་སུ་མ་བྱུང་ན། ད་ལྟ་ངེད་ཅག་གི་སྐལ་བར་སྨིན་པ་ནི་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་གཙོ་འགན་བཞེས་ཏེ་འཚོལ་བསྡུ་དང་དག་སྒྲིག་གནང་བའི་དཔེ་གཞི་དེ་ཁོ་ན་ཡིན་པར་ངེས། བརྟེན་འགྱུར་གྱི་དཔེ་གཞི་དེ་ཉིད་འཚོལ་བསྡུ་དང་དག་སྒྲིག་གི་ལས་མགོ་ཕྱི་ལོ1991ལོར་བཙུགས་སྟེ་ཕྱི་ལོ1997ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རོགས་དངུལ་ལ་བརྟེན་ནས་དཔར་སྐྲུན་ལེགས་གྲུབ་བྱུང་བ་དང་། དཔེ་གཞི་དེའི་པོད་རེ་འགའ་དེང་གི་ལྕགས་སྤར་དུ་བཏབ་པ་ལས་གཞུང་ཕལ་ཆེ་བ་སྔར་གྱི་བྲིས་དཔེ་གློག་སྤར་དུ་བཏབ་པ་མཐོང་། གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་དཔེ་གཞི་དེ་ལ«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག་རིན་ཆེན་གུར་ཁང»[17]ཞེས་བྱ་བ་ཞིག་ཀྱང་མཛད་ཡོད། དཀར་ཆག་དེར་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་སྦྱར་བའི་དཀར་ཆག་གི་སྔོན་འགྲོའི་གཏམ་དུ་ཐེངས་འདིར་དཔར་སྐྲུན་བྱས་པའི་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔེ་ཚོགས་ལ་ཁྱོན་པོ་ཏི280ཡོད་པར་གསུངས་མོད། མཁས་དབང་མཁར་རྨེའུ་བསམ་གཏན་གྱི་བརྩམས་ཆོས་སུ་དཔེ་གཞི་དེར་པོ་ཏི300ཡོད་པར་བཞེད། ཞིབ་འཇུག་པ་སྟོང་སྐོར་ཚེ་རིང་ཐར་སོགས་ཀྱིས་ཀྱང་པོད་གྲངས་དེ་ཉིད་གཞིར་བཟུང་གིས་གླེང་ཡོད། དཀར་ཆག་སྒྲིག་མཁན་གྱི་གསལ་བཤད་དུ“དཔེ་ཚོགས་དཔར་ཐེངས་གཉིས་པའི་སྐབས་སུ་པོད་གསར་པ་འགའ་ཤས་བསྣན་ཡོད་པ་དེ་དག་ལ་པོད་ཨང་མེད་པས“པོད་ཨང”ཞེས་པའི་རེའུ་མིག་སྟོང་ཆར་བཞག་ཡོད”ཅེས་པ་དང་། དཀར་ཆག་གི་གླེང་གཞིར་འདིར་གྲུབ་ཟིན་པའི་པོད380གྲངས་ཙམ་མོ་ཞེས་འཁོད་པས། དཔར་ཐེངས་གཉིས་པའི་པོད་གྲངས་ནི་གོང་ཞུས་ལྟར་ཡིན་པར་འདུག ད་ལྟའི་རྒྱལ་ནང་གི་ཡིག་ཚང་ཉར་ཚགས་ཚན་པ་ཁག་ན་བཞུགས་པའི་བརྟེན་འགྱུར་ལ་པོད་ཨང322པའི་བར་དུ་བཀོད་ཡོད་ཅིང་། དེའི་ཁྲོད་པོད་ཨང་གཅིག་ཆད་འདུག་པས་བསྡོམས་པོད321བཞུགས། གོང་ཚུལ་ལ་གཞིགས་ན། ཕྱི་ལོ1997ལོའི་དཔར་ཐེངས་དང་པོ་ནས་དཀར་ཆག་མཛད་པའི་བར་དུ་བརྟེན་འགྱུར་གྱི་དཔེ་ཚོགས་དེ་ལ་གསབ་སྣོན་དང་སྡེབ་སྒྲིག་སོགས་ཀྱི་བགྱི་བ་མཛད་ཡོད་པ་ཤེས་ཐུབ།[18] མཁས་དབང་མཁར་རྨེའུ་བསམ་གཏན་སོགས་ཀྱིས་དཔེ་གཞི་དེར་གཞི་བྱས་ཏེ«གསར་དུ་བསྒྲིགས་པའི་བོན་པོའི་བཀའ་བརྟེན་གྱི་དཀར་ཆག»(A Catalogue of the New Collection of Bonpo Katen Texts)[19]ཅེས་པའི་དེབ་ཅིག་ཕྱི་ལོ2003ལོར་ཉི་ཧོང་རྒྱལ་ཁབ་དུ་དཔར་སྐྲུན་བྱས་ཡོད། དཀར་ཆག་དེ་ནི་དེང་རབས་དཀར་ཆག་རིག་པའི་ཐབས་ལ་བརྟེན་པའི་དཀར་ཆག་ཞིབ་ཕྲ་ཅན་ཞིག་ཡིན། དཀར་ཆག་དེར་གཞིགས་ན། དཔེ་ཚོགས་ལ་པོད་ཨང300དང་བར་དུ་གླེགས་བམ་གཅིག་ཆད་པས་བསྡོམས་པས་པོ་ཏི299བཞུགས་པར་ངེས། ཉི་ཧོང་རྒྱལ་ཁབ་ཀྱི་མི་རིགས་རིག་པའི་བཤམས་སྟོན་ཁང་གིས་བསྒྲུབས་པའི་བོན་པོའི་ཞིབ་འཇུག་གི་ལས་གཞི་ཞིག་ཏུ་བལ་བོའི་ཁྲི་བརྟན་ནོར་བུ་རྩེས་བསྒྲིགས་པའི་བོན་པོའི་བཀའ་བརྟེན་གྱི་དཀར་ཆག་ཤོག་ངོས1692ཅན་ཞིག་ཡོད་པར་གསུངས།[20] ཁོ་བོ་དཀར་ཆག་དངོས་ལ་མཇལ་མ་ཐུབ་པས་དཔེ་གཞི་གང་ལ་བྱས་པ་སོགས་ཞུ་ཐབས་བྲལ། དེ་མིན་ཀློག་རྡུལ་སོགས་ཀྱི་ལམ་ནའང་དཀར་ཆག་འགའ་རེ་སྣང་ཡང་། གོང་ཞུས་གྲུབ་དབང་བསྟན་པའི་ཉི་མས་བརྩམས་པའི་དཀར་ཆག་དང་ཧ་ལམ་འདྲ་བར་པོ་ཏིའི་མཚན་བྱང་དང་། པོད་སོ་སོའི་ནང་དོན་གནད་བསྡུས་ཙམ་དུ་བཀོད་པ་ལས་ཡིག་ཚང་འཚོལ་ཞིབ་ལ་ཕན་ཐོགས་པའི་དཀར་ཆག་ཆ་ཚང་བ་ཞིག་ད་སྔའི་ཡན་ལ་མཐོང་དཀོན། མཁར་རྨེའུ་སོགས་ཀྱི་དཀར་ཆག་གི་པོད་ཨང233པའི་གོང་དུ་རྒྱལ་ནང་གི་ཡིག་ཚང་ཉར་ཚགས་ཚན་པར་བཞུགས་པའི་དཔེ་གཞི་དང་ཁྱད་པར་ཆེན་པོ་མེད་ཀྱང་། པོད་ཨང234པ་ནས་བཟུང་སྟེ་བསྟན་བཅོས་ཀྱི་གུང་སྒྲིག་སྟངས་དང་ཡིག་ཚང་གི་ཆད་ལྷག་སོགས་ཀྱི་ཁྱད་པར་ཤིན་ཏུ་ཆེ། དེར་བརྟེན་རྒྱལ་ནང་དུ་བཞུགས་པའི་བརྟེན་འགྱུར་གྱི་དཔེ་གཞི་འདིར་སློབ་གཉེར་དང་ཞིབ་འཇུག་གནང་མཁན་རྣམས་ལ་ཡིག་ཚང་འཚོལ་བཤེར་ལ་རན་པའི་དཀར་ཆག་ཅིག་གི་དགོས་གལ་ཤིན་ཏུ་ཆེ།
གསུམ། གསར་དུ་བསྒྲིགས་པའི«དཀར་ཆག་ངོ་མཚར་སྣང་བ་སྟོང་ལྡན»གྱི་ཁྱད་ཆོས།
ད་རེས་བོན་པོའི་བརྟེན་འགྱུར་གྱི་དཀར་ཆག«གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག་ངོ་མཚར་སྣང་བ་སྟོང་ལྡན»ཞེས་པ་བསྒྲིགས་སྐབས་གནད་དོན་མི་ཉུང་བ་ཞིག་དང་འཕྲད་བྱུང་སྟེ། བརྟེན་འགྱུར་གྱི་དཔེ་ཚོགས་དེ་ཉིད་བསྡུ་སྒྲིག་གནང་སྐབས་སྔར་ཡོད་མཁན་ཆེན་ཉི་མ་བསྟན་འཛིན་དང་། ཀུན་གྲོལ་འཇའ་ཚོན་སྙིང་པོ། ཁྱུང་པོ་གཡུང་དྲུང་ཚུལ་ཁྲིམས་བཅས་ཀྱིས་བསྒྲིགས་པའི་དཀར་ཆག་དག་ལ་གཞི་བཅོལ་ཏེ་བསྡུ་སྒྲིག་གནང་བ་ཡིན་ཡང་། སྐབས་དེར་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཞན་པས་མ་དཔེ་ལག་ལ་གང་འབྱོར་ལྟར་བསྒྲིགས་པ་དང་། མ་དཔེ་སྲུང་སྐྱོབ་གཙིགས་སུ་བཟུང་བ་ལས་དག་སྒྲིག་སོགས་ཀྱི་ཐད་ལ་ནུས་ཤུགས་ཆེན་པོ་མ་ཐོན་པའི་རྗེས་ཤུལ་དཔེ་གཞི་དངོས་ལས་ཀྱང་མཐོང་ཐུབ། དོན་དེ་གྲུབ་དབང་བསྟན་པའི་ཉི་མས་མཛད་པའི་དཀར་ཆག་གི་ཀླད་ཀྱི་གསལ་བཤད་དུ། “སྐབས་འདིར་རིག་གཞུང་མྱུར་སྐྱོབ་ཆེད་དུ་བོན་བསྟན་གསར་རྙིང་རིས་མེད་ཀྱི་མ་ཡིག་འཚོལ་བསྡུའི་སྐབས། མ་དཔེ་ལག་འབྱོར་བྱུང་རིགས་ཚང་མ་དཔར་སྐྲུན་བྱས་པའི་ཁོངས་སུ་བཀའ་འགྱུར་གྱི་གསུང་རབ་ཁག་ཅིག་མ་དཔེ་ཡོད་བཞིན་འཐེན་འཕྲི་མ་ནུས་ཏེ་དཔར་སྐྲུན་བྱས་པའི་ནང་། འབུམ་དུམ་དྲུག་མ་ཕུད། དེ་མིན་བཀའ་འགྱུར་གྱི་པོད་དང་། ལེའུ་ཁག་ཅིག་སྐབས་འདིར་དཀར་ཆག་སྡེ་ཚན་གྱི་ཁོངས་སུ་བསྒྲིགས་ཡོད་པས་མཁྱེན་ལྡན་རྣམས་ཀྱིས་དེ་ལུགས་དགོངས་འཇགས་ཡོད་པ་ཞུ་རྒྱུ་ཡིན”[21]ཞེས་བསྟན་ཡོད་པར། དེ་མཚུངས་ཀྱི་དཔེ་མཚོན་ཙམ་བརྗོད་ན། ནང་དོན་གྱི་ཆ་ནས་བཀའ་འགྱུར་ལ་གཏོགས་པ་འབུམ་དུམ་དྲུག་ལས་གཞན་ད་དུང་ཁམས་ཆེན་དུམ་པ་འགའ་རེ་དང་། དྲི་མེད་གཟི་བརྗིད་ལྟ་བུའི་མདོ་སྐོར་ཡང་བཀའ་བརྟེན་གཉི་ཀར་བཅུག་ནས་ཡོད། སྒྲིག་སྟངས་ཀྱི་ཆ་ནས་ཡིག་ཚང་གི་གོང་འགབ་འཁྲུགས་པ་དཔེར་ན་གཞུང་གཅིག་གི་སྟོད་ཆ་དང་སྨད་ཆའི་པོད་ཨང་སྔ་ཕྱི་ནོར་བ་དང་། ཁམས་ཆེན་ལྟ་བུའི་གཞུང་ཆེན་གཅིག་ལ་པོ་ཏི་དུ་མ་ཅན་ཁ་ཕྲལ་ཏེ་བསྒྲིགས་པ། རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་པོད་བརྒྱད་ཀྱི་བདག་ཉིད་ཅན་དེ་ཁ་ཐོར་དུ་བསྒྲིགས་པ། ཡང་པོད་ཨང་སོ་གསུམ་པ་དང་། སོ་བཞི་པ། སོ་ལྔ་པ། སོ་དྲུག་པ་བཅས་ཀྱི་མཚན་བྱང་དུ་ཟབ་དོན་ཞེས་སྦྱར་བ་ལ་ནང་དོན་རིམ་པ་བཞིན་གུ་རུ་པད་འབྱུང་གི་རྣམ་ཐར་ལེའུ་ཞེ་གཅིག་པ་ནས་དོན་བརྒྱད་པའི་བར་དང་། ལེའུ་བརྒྱད་ཅུ་པ་ནས་བརྒྱ་དང་བཅུ་གཅིག་པའི་བར། ལེའུ་བརྒྱ་དང་བཅུ་གཉིས་པ་ནས་བརྒྱ་དང་ཞེ་གཅིག་པའི་བར། ལེའུ་དང་པོ་ནས་བཞི་བཅུ་པའི་བར་བཅས་རྣམ་ཐར་གླེགས་བམ་བཞི་ལས་སྔ་མ་གཉིས་ཀྱི་ཆོས་ཚན་གྱི་ཁ་བྱང་ལ་གུ་རུ་པད་འབྱུང་གི་རྣམ་ཐར་དང་། ཕྱི་མ་གཉིས་ལ་གུ་རུའི་རྣམ་ཐར་ཀུན་སྣང་གསལ་བའི་སྒྲོན་མེར་བཏགས་ཡོད་པས་གཟིགས་མཁན་གྱིས་ཡིག་ཚང་གཉིས་སུ་གོ་ནོར་སླ་བ་མ་ཟད། དཔེ་ཚོགས་སུ་གླེགས་བམ་གྱི་མགོ་རྟིང་ནོར་བས་ཀློག་མཁན་གྱི་འཚོལ་དཀའ་བར་འགྱུར། གླེགས་བམ་སྔ་ཕྱི་འཁྲུགས་པ་དཔེར་ན་པོད་ཨང་ཉེར་དྲུག་པ་དང་ཉེར་བདུན་པ་གཉིས་སྡེ་བརྒྱད་ཟློག་མདོས་ཀྱི་གླེགས་བམ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་གོང་འགབ་ནོར་བ། པོད་ཨང་ཉིས་བརྒྱ་དོན་བརྒྱད་པ་དང་ཉིས་བརྒྱ་བརྒྱད་ཅུ་པ་གཉིས་དབྱངས་རིག་རིན་པོ་ཆེའི་མཛོད་པོད་སྟོད་སྨད་ཁ་ཕྲལ་ཏེ་བསྒྲིགས་པ་སོགས་ནི་དཔེ་མཚོན་ཙམ་མོ། །དཔེ་ཚོགས་ལ་སྡེ་ཚན་གྱི་དབྱེ་བ་ཕྱེས་མེད་པར་རིག་ཚན་མཉམ་བསྲེས་སུ་བསྒྲིགས་པ། དཔེ་ཚོགས་ཀྱི་མགོ་མཇུག་བར་གསུམ་དུ་ཡི་གེའི་དག་ཆ་ཞན་པའི་གནད་དོན་འབུར་དུ་ཐོན་པ་སོགས་མདོར་ན་བརྟེན་འགྱུར་གྱི་དཔེ་ཚོགས་འདི་ལ་ཕྱོགས་ཡོངས་ནས་ཡང་བསྐྱར་དག་སྒྲིག་ཐེངས་ཤིག་བྱ་བའི་དགོས་གལ་ཤིན་ཏུ་ཆེ། གོང་ཞུས་གྲུབ་དབང་བསྟན་པའི་ཉི་མ་དང་མཁས་དབང་མཁར་རྨེའུ་བསམ་གཏན་སོགས་ཀྱི་དཀར་ཆག་ཏུ་བསྟན་བཅོས་ཀྱི་གུང་སྒྲིག་སྟངས་ཐད་ལེགས་བཅོས་མི་དམན་པ་གནང་ཡོད་ཀྱང་། དཔེ་ཚོགས་དངོས་ལ་དེ་ལྟ་མ་ཡིན་པས་དཀར་ཆག་དེ་གཉིས་ལ་བརྟེན་ནས་ཡིག་ཚང་འཚོལ་ཞིབ་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་དང་འཕྲད་ཡོང་ན། དཀར་ཆག་འདི་ཉིད་ཡིག་ཚང་འཚོལ་ཞིབ་ལ་དམིགས་ཏེ་དཔེ་ཚོགས་སུ་བསྡུས་པའི་ཡིག་ཚང་གི་གུང་སྒྲིག་ལུགས་ཇི་བཞིན་དུ་བསྒྲིགས་པ་ལགས།
དཀར་ཆག་འདི་སྲོལ་རྒྱུན་དཀར་ཆག་གི་རྨང་ལ་བརྟེན་ཞིང་དེང་རབས་དཀར་ཆག་རིག་པའི་བླང་བྱ་དང་ཐབས་ལམ་སྤྱད་དེ་བསྒྲིགས་པ་སྟེ། ཐོག་མར་པོ་ཏི་རེ་རེའི་སྤྱིའི་གནས་ཚུལ་ཏེ་པོ་ཏིའི་གྲངས་རྟགས་དང་། པོ་ཏིའི་མཚན་བྱང་། པོད་རེ་རེར་འདུས་པའི་ཆོས་ཚན་དང་ལྡེབ་ཀྱི་གྲངས་ཚད་གསལ་བོར་བཀོད་པ་དང་། དེ་ནས་ཆོས་ཚན་བྱེ་བྲག་པའི་མཚན་བྱང་དང་། བསྡུས་བྱང་། ལྡེབ་གྲངས། རིགས་རྣམ། གཏེར་སྟོན། གཏེར་གནས། མཛད་མཁན། སྙན་བརྒྱུད་མཁན། སྒྲིག་མཁན་སོགས་ཡིག་ཚང་གི་གནས་ཚུལ་དངོས་ལ་གཞིགས་ཏེ་གང་ལ་ཅི་འཚམ་པ་བཞིན་ལེ་ཚན་དུ་མའི་སྒོ་ནས་བསྒྲིགས་ཡོད། པོད་མང་དག་ཅིག་ལ་པོད་སོ་སོའི་གདོང་དར་གྱི་ངོས་སུ་བཀོད་པའི་མཚན་བྱང་བསྡུས་པའམ་ཡང་ན་ཡོངས་སུ་གྲགས་པའི་བསྡུས་མིང་དེ་དག་བཀོལ་ནས་ཡོད་པ་དང་། ཡང་འགའ་ཞིག་ནི་དཔེ་ཆ་དངོས་ལ་སྦྱར་བའི་ཁ་བྱང་ཇི་ཡོད་ཆད་ལྷག་མེད་པར་བཀོད་པ་དང་། ཡང་ཁག་ཅིག་ནི་གོང་གི་བསྡུས་མིང་དང་རྒྱས་མིང་གཉིས་ཀ་བྲིས་པ་ཅི་རིགས་ཡོད། ཆོས་ཚན་ཁག་ཅིག་ལ་མཚན་བྱང་གསལ་པོ་མེད་པ་རྣམས། ལ་ལ་མཇུག་བྱང་དང་གཞུང་དོན་ལ་བརྟག་ནས་སྒྲིག་མཁན་གྱིས་སྦྱར་བ་དང་། འགའ་ཞིག་མཁར་རྨེའུ་སོགས་ཀྱི་དཀར་ཆག་ལ་ཟུར་བལྟ་བགྱིས་ནས་ཁ་གསབ་བྱས་ཡོད། ཡིག་ཚང་གི་རིགས་རྣམ་ཞེས་པར་གཏེར་མ་དང་བརྩམས་ཆོས་སོགས་གང་ཡིན་གྱི་གནས་ཚུལ་དངོས་ལ་གཞི་བྱས་ནས་བཀོད་པ་དང་། དེ་ལས་མཇུག་བྱང་དུ་གང་ཟག་སུ་ཞིག་གིས་བརྩམས་ཞེས་འཁོད་ཡོད་ཚེ། དེའི་རིགས་རྣམ་དུ་བརྩམས་ཆོས་དང་གང་ཟག་གི་མཚན་གྱི་མདུན་དུ་རྩོམ་མཁན་ཞེས་བཀོད་པ་དང་། དེ་བཞིན་དུ་གཏེར་ཆོས་དང་སྙན་བརྒྱུད་ཀྱི་ཡིག་ཚང་རྣམས་ཀྱང་དེ་ལྟའོ། །ཆོས་ཚན་མང་དག་ཅིག་གི་མཇུག་བྱང་དུ་གང་ཟག་སུ་ཞིག་གིས“བཀོད་པ”དང“མཛད་པ”དང“སྦྱར་བ”དང“བགྱིས་པ”དང“སུག་བྲིས་བགྱིས་པ”དང“བསྡེབས་པ”དང“ཡི་གེར་བཏབ”དང“དག་སྣང་ལས་བབས་པ”དང“ཕབ་པ”ལ་སོགས་པའི་ཚུལ་མཐོང་བ་རྣམས་ལ་རིགས་རྣམ་གང་ལ་གཏོགས་པ་ཞུ་དཀའ་བས། གང་ཟག་གི་མཚན་གྱི་མདུན་དུ“མཛད་མཁན”ཞེས་སྤྱི་ལ་ཁྱབ་པའི་ངོས་འཛིན་བྱས་ཡོད། ཡིག་ཚང་ཁག་ཅིག་ལ་ཐོག་མར་མཛད་པ་པོ་དང་། ཕྱིས་སུ་གཏེར་ནས་འདོན་མཁན་གཉིས་ཀའི་མཚན་མཉམ་དུ་བཀོད་པ་དང་། འགའ་ཞིག་གང་ཟག་གཅིག་ལ་མཚན་མི་འདྲ་བ་དུ་མ་ཡོད་པ་དཔེར་ན་དབྱིལ་སྟོན་ལ་དཔོན་གསས་ཁྱུང་རྒོད་རྩལ་ལྟ་བུ་དང་། གང་ཤར་རང་གྲོལ་དང་འཇའ་ཚོན་སྙིང་པོ་ལ་ཀུན་གྲོལ་གྲགས་པ་ལྟར་གུར་རྟགས་ནང་ཀུན་ལ་ཅུང་འདྲིས་ཆ་ཅན་གྱི་མཚན་གཞན་བཀོད་ཡོད་ཅིང་། གསལ་བཤད་དགོས་པ་རྣམས་ལ་གསལ་བཤད་ཀྱི་རྗོད་པའང་གུར་རྟགས་ནང་བཅུག་ཡོད། ཡི་གེའི་དག་ཆ་ནོར་བའི་བཅོས་ཡིག་རྣམས་གུག་རྟགས་སུ་བཀོད་པ་སོགས་རྒྱ་ཆེའི་གཟིགས་པ་པོས་ལེགས་པར་བརྟག་ནས་འཇུག་པར་བྱ།
མཇུག་སྡུད།
བན་བོན་གྱི་བཀའ་བསྟན(བརྟེན)འདུས་པའི་ཡིག་ཚང་གང་ཡང་རུང་སྟེ་དེ་དག་ཐམས་ཅད་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་ཡོད་པས། ཡིག་ཚང་དེ་རྣམས་ལ་སློབ་གཉེར་དང་ཞིབ་འཇུག་སོགས་གང་ལ་ཅི་ཐུབ་ཀྱིས་བེད་སྤྱོད་གཏོང་བ་དང་། རྒྱུན་འཛིན་གྱི་ཞོར་དུ་དར་སྤེལ་བྱེད་པ་ནི་རིག་གནས་འཕེལ་རྒྱས་ཀྱི་གཞི་རྩར་ཐུག་ཡོད། མིག་སྔར་ཐུབ་བསྟན་པའི་རྗེས་འབྲངས་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལ་ལྟོས་བཅས་སུ་སློབ་གཉེར་དང་ཞིབ་འཇུག་གནང་མཁན་ཅུང་མང་ཡང་། ཡིག་ཚང་དོ་དམ་པ་དང་ཞིབ་འཇུག་གི་སྡེ་རུ་བོན་གྱི་ཡིག་ཚང་ལ་དོ་སྣང་གནང་མཁན་དཀོན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཁོ་བོས་ལོ་ངོ་དུ་མའི་ལས་ཞོར་གྱི་དུས་ཚོད་སྤྱད་དེ་བོན་གྱི་ཡིག་ཚང་འཚོལ་བསྡུ་དང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དཔྱད་འབྲས་ལ་རྒྱུས་ལོན་ཅུང་ཙམ་བྱས་པའི་རྨང་གཞིའི་ཐོག གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞི་གཞིར་བྱས་ཏེ་དེ་ལ་དཀར་ཆག་ཤིན་ཏུ་རྒྱས་པ་ངོ་མཚར་སྣང་བ་འབུམ་ལྡན་ཞེས་བྱ་བ་ཞིག་དང་། གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་གཙོ་འགན་གྱིས་བསྡུ་སྒྲིག་གནང་ཞིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་མཛད་པའི་བརྟེན་འགྱུར་གྱི་དཔེ་ཚོགས་དེ་ཉིད་ལ་འཚོལ་བཤེར་སྟབས་བདེ་བའི་དཀར་ཆག་སྣང་བ་སྟོང་ལྡན་ཞེས་པའི་དཀར་ཆག་དེབ་གཉིས་བསྒྲིགས་པ་ཡིན། བརྟེན་འགྱུར་གྱི་དཀར་ཆག་སྒྲིག་སྐབས་སྐུ་ཞབས་མཁར་རྨེའུ་བསམ་གཏན་སོགས་ཀྱི་དཀར་ཆག་དང་དེ་མིན་གྱི་འབྲེལ་ཡོད་དཀར་ཆག་གཞན་དང་བསྡུར་བའི་སྒོ་ནས། བརྟེན་འགྱུར་གྱི་དཔེ་གཞི་འདི་དང་མི་མཐུན་པའི་ཚུལ་རྣམས་ཞབས་མཆན་དུ་བཏབ་པ་དང་། ཡིག་ཚང་གི་གུང་སྒྲིག་སྟངས་དང་ཆད་ལྷག་མི་འདྲ་བའི་པོ་ཏི89ལ་གསལ་བཤད་བཀོད་ཡོད། མཁར་རྨེའུ་སོགས་ཀྱི་དཀར་ཆག་ཏུ་བཀོད་ཅིང་དཔེ་གཞི་འདིར་བསྡུས་མེད་པའི་པོ་ཏི12ལ་དཀར་ཆག་ཟུར་བཀོད་དུ་བཏོན། དཀར་ཆག་གཤིབ་བསྡུར་ལས་ཐོན་པའི་བསྟན་བཅོས་པོ་ཏི333གྱི་པོད་གྲངས་དང་། དེར་འདུས་པའི་ཆོས་ཚན་གྱི་གྲངས། ཤོག་གྲངས་སོགས་ལ་བསྡོམས་རྩིས་རེའུ་མིག་དང་བཅས་ཏེ་བཀོད་པ་བཀའ་འགྱུར་ལའང་དེ་བཞིན་ནོ། །དཀར་ཆག་རྒྱས་ཙམ་ཞིག་མེད་ཚེ་དཔེ་ཚོགས་སུ་ནང་དོན་གང་དང་ཅི་བཞུགས་བློས་མི་དཔོགས་ཤིང་། མཚན་བྱང་ཁོ་ན་ཙམ་སྣང་བས་སྐབས་དོན་གང་གི་མཚམས་སུ་འཚལ་དགོས་པའང་ངེས་དཀའ། དེ་བས་ད་རེས་བསྒྲིགས་པའི་དཀར་ཆག་འདི་གཉིས་ལ་བརྟེན་ནས་འཇུག་པ་དོན་གཉེར་ཅན་རྣམས་ཀྱིས་བོན་གྱི་ཡིག་ཚང་སྔོག་འདོན་དང་བེད་སྤྱོད་གང་ལེགས་བགྱི་ཐུབ་པར་ཞུ། དཀར་ཆག་དེབ་གཉིས་པོ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་མཛད་ཅིང་མི་འགྱངས་པར་གཟིགས་མཁན་གྱི་མིག་གི་དགའ་སྟོན་དུ་དབུལ་ངེས་སོ། །