སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ཏུ་བསྟར་ནས། བདེ་འཇགས་ཐོན་སྐྱེད་ཀྱི་སྐུད་ཐག་དམ་པོར་སྡོམ་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རྫོང་བརྟན་པོར་བསྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལིའང་ཧྲན་ཁུལ་ཅིན་དབྱང་རྫོང་རི་ཉིལ་གནོད་འཚེར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་ཆོག་མཆན་མཛུབ་སྟོན་གྱི་དགོངས་དོན་གཏིང་ཟབ་མོར་དོན་འཁྱོལ་བྱ་ཆེད། ཟླ་9ཚེས་4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་འབར་ཁམས་གྲོང་ཁྱེར་ནས་བྲུག་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ལས་ཀར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་ཀུན་ནས་ལག་བསྟར་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་འགན་འཁྲི་དོན་འཁྱོལ་དང་ལྐོག་གནས་ཉེན་ཁར་རིམ་བཤེར་བྱེད་པ། གནད་དོན་དག་ཐེར་ཇེ་དྲག་ཏུ་གཏོང་བ། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རྫོང་བརྟན་པོར་བསྲུང་དགོས།
ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཐའོ་ཀང་དང་ཁུལ་གྱི་རིམ་པ་དང་བོའི་སྐོར་ཞིབ་པ་འཇམ་དཔལ། ཁུལ་སྲིད་གཞུང་གི་དྲུང་ཆེན་ཏུའུ་ལིན་བཅས་རྟོག་ཞིབ་ཏུ་ཞུགས་ཡོད།
ལུའོ་ཀྲེན་ཧྭ་སྔ་གཞུག་ཏུ་ཆུ་གཉིས་འདྲེས་མདོ་གློག་ཁང་གི་བཟོ་གྲྭ་འཛུགས་སྐྲུན་གྱི་ཡུལ་དངོས་དང་རྒྱལ་ལམ་317གཡུ་འབྲུག་ཕུག་ལམ་གྱི་དར་དམར་ཟམ་ཆེན་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ཕེབས་ནས། བཟོ་གྲྭའི་གློག་འདོན་འཛུགས་སྐྲུན་ལ་ཞིབ་མོར་གཟིགས་ཤིང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་ཀར་རྟོག་ཞིབ་མཛད། ཁོང་གིས་མངག་བཅོལ་གནང་དོན། རྣམ་གྲངས་འཛུགས་སྐྲུན་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་མོར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཆང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་འདུ་ཤེས་དང་ཉེན་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་གཙོ་བོ་ནན་གྱིས་འཁུར་བ། ཟུང་ལྡན་སྔོན་འགོག་ལམ་སྲོལ་བཟོ་བ། ལྐོག་གནས་ཉེན་ཁར་ཞིབ་བཤེར་དང་ཉེན་ཁར་འགོག་ཟོན། དོན་རྐྱེན་འགོག་གཡོལ་བཅས་བྱ་དགོས་ལ། རྩ་བའི་ཆ་ནས་ལྐོག་གནས་དོན་རྐྱེན་སེལ་བ་དང་བདེ་འཇགས་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་རྟེན་ལས་འགན་ནན་གྱིས་ཁུར་བ་དང་། རྣམ་གྲངས་ཀྱི་བདེ་འཇགས་འགག་སྒོ་དང་སྤུས་ཚད་འགག་སྒོ་དམ་པོར་བསྲུང་བ། སྒྲིག་སྲོལ་ལྟར་ལག་ཏུ་བསྟར་བ། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་རེ་རེ་ཞིབ་ཅིང་ནན་གྱིས་དོན་འཁྱོལ་བྱེད་པ། བདེ་འཇགས་ཐོན་སྐྱེད་རྩིས་ཐོ་ཅན་དང་རིག་ནུས་ཅན་གྱི་དོ་དམ་ཚོད་འཛིན་ལག་ཏུ་བསྟར་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་དུ་བཀོད་འདོམས་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་སྦྲགས་ཁེ་ལས་ལ་དོན་རྐྱེན་མེད་པ་དང་ཤི་རྨས་མེད་པ་ཁག་ཐེག་བྱ་དགོས་ལ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། རང་རྟོགས་སུ་སྤྱི་ཚོགས་ཀྱི་ལས་འགན་ཁུར་བ་དང་ཧུར་ཐག་གིས་ལག་ཏུ་བསྟར་བ། སྐྱེ་ཁམས་འཛུགས་སྐྲུན་དང་སྐྱེ་ཁམས་སྲ་གཏོང་ཐད་དར་ཆ་མཐོར་བསྒྲེང་དང་སྤྱི་ཁོག་ལ་དམིགས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་པ་དང་སྐུལ་འདེད་པ་མཐའ་གཅིག་ཏུ་འཁྱོངས་བར་བྱེད་པ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ནུས་ལྡན་གཅིག་གྱུར་མངོན་དུ་འགྱུར་དགོས་ལ། ལྷག་བསམ་རྣམ་དག་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྔ་ཁུལ་གསར་བ་འཛུགས་སྐྲུན་ལ་སྟོབས་ཤུགས་དབུལ་དགོས།
རྒྱལ་ལམ་317གཞུང་ལམ་བསྐྱར་སྐྲུན་གྱི་སྒར་ས་ཁ་ཤས་ནས་མཁོ་བསྟུན་སྔོན་ཇུས་ཇི་ལྟར་བཟོས་ཡོད་པ་དང་ཉེན་བརྡ་འབྱོར་ན་གནས་གང་དུ་འབྲོ་བ་སོགས་འདྲི་ཞོར་དུ་བདེ་འཇགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ནན་མོ་མཛད་ཅིང་། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་ལེན་ལམ་ལུགས་དང་མི་སྣ་གནས་སྤོར་ཉེན་གཡོལ་བྱེད་ཐབས་ལག་བསྟར་གནས་ཚུལ་གྱི་སྙན་ཞུར་གསན། ཁོང་གིས་བླང་བྱ་བཏོན་དོན། འཛུགས་སྐྲུན་འགན་ཁུར་པས་དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ཕྲག་ཏུ་ཁུར་བ་དང་སེམས་སུ་འཛིན་པ། ལག་ཏུ་བསྟར་བ། བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་གོ་རིམ་ལྡན་པར་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་ཡུལ་དངོས་ཀྱི་བདེ་འཇགས་འཁོར་སྐྱོད་དོ་དམ་ལེགས་པོར་བསྒྲུབ་དགོས། འབོད་སྐུལ་དང་མཁོ་བསྟུན་གྱི་ལམ་སྲོལ་ལག་ཏུ་བསྟར་བ། ཉེན་བརྡ་སྔོན་གཏོང་གི་བརྡ་འཕྲིན་དུས་ཐོག་ཏུ་འཛུགས་སྐྲུན་ཁང་རེ་རེར་འཕྲོད་པར་བྱེད་པར་མ་ཟད། ཉེན་གཡོལ་གནས་སྤོར་གོ་རིམ་ལྡན་པར་རྩ་འཛུགས་བྱེད་པ། གནས་སྤོར་དགོས་པ་དག་མཐའ་གཅིག་ཏུ་སྤོར་བ་དང་གནས་སྤོར་དགོས་པ་མགྱོགས་པོར་སྤོར་བ། གནས་སྤོར་དགོས་པ་དག་སྔ་སེར་སྤོར་བ། མི་སྣ་ཤི་རྨས་མི་འབྱུང་བ་ཁག་ཐེག་བྱ་དགོས།
འབར་ཁམས་ཀྲུང་ཧའེ་རང་བྱུང་རླངས་གཟུགས་ཚད་ཡོད་ཀུང་སི་ནས་ལུའོ་ཀྲེན་ཧྭས་ནན་གྱིས་བསྟན་དོན། འབར་སྣུམ་འབར་རླངས་ནི་ཉེན་ལྡན་ལས་རིགས་གཙོ་བོ་ཞིག་ཡིན་ལ། འབྲེལ་ཡོད་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་བདེ་འཇགས་ཀྱི་ལྐོག་གནས་རྐྱེན་ངན་ལ་ཧུར་ཐག་གིས་ཞིབ་བཤེར་བྱེད་པ། ཉེན་ལྡན་ལས་རིགས་ཀྱི་བདེ་འཇགས་འགོག་རྫོང་བརྟན་པོར་བསྲུང་དགོས། ལས་སྒྲུབ་མི་སྣས་བདེ་འཇགས་སྲུང་ཟོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་སྐུད་ཐག་དམ་པོར་སྡོམ་པ། དོ་དམ་ལམ་ལུགས་ནན་གྱིས་ལག་ཏུ་བསྟར་བ། སྒྲིག་རིམ་ལྟར་ལས་ཀ་བསྒྲུབ་པ། བདེ་འཇགས་ཀྱི་ཉེན་ཁ་ཆེས་དམའ་སར་འབེབ་དགོས། ལས་རིགས་སྡེ་ཁག་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པ་དང་། ཉེན་ལྡན་རྫས་འགྱུར་དངོས་རྫས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་སྒྲིག་བཅོས་ཟབ་མོར་སྤེལ་བ། དོན་རྐྱེན་སྔོན་འགོག་དང་ལྐོག་གནས་རྐྱེན་ངན་རིམ་བཤེར། མཁོ་བསྟུན་རོགས་སྐྱོབ་སོགས་ཀྱི་ཤེས་བྱ་ཀུན་ལ་ཁྱབ་གདལ་དུ་གཏོང་བ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་དང་འཕེལ་རྒྱས་ལ་བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།
ལུའོ་ཀྲེན་ཧྭ་སྔ་གཞུག་ཏུ་འབར་ཁམས་གྲོང་ཁྱེར་ཝེ་ཨར་ནྰ་མགྲོན་ཁང་དང་ཧྲུའུ་ཅུའུ་ཞང་རྒྱ་ཁོག་ཁང་སོགས་སུ་ཕེབས་ནས། མགྲོན་ཁང་དང་ཟ་ཁང་སོགས་ཀྱི་ཞབས་ཞུ་ལས་རིགས་ཀྱི་ལྟ་སྐུལ་ཚད་ལེན་མ་ལག་དང་མེ་གསོད་མེ་འགོག མཁོ་བསྟུན་འཁྲབ་སྦྱོང་སོགས་ཀྱི་གནས་ཚུལལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་མངག་བཅོལ་གནང་དོན། འབྲེལ་ཡོད་འགན་ཁུར་པས་དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་ཀྱི་སྐུད་ཐག་འདི་དམ་པོར་སྡོམ་པ་དང་། བདེ་འཇགས་འགོག་ཟོན་གྱི་སྒྲིག་རིམ་ལྟར་བདེ་འཇགས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ། བདེ་འཇགས་ཀྱི་ལས་འགན་དེ་ལས་རིམ་རེ་རེ་དང་ལས་རྐང་རེ་རེ། མི་སྣ་རེ་རེར་དོན་འཁྱོལ་བྱ་དགོས། ཁོང་གིས་འབར་ཁམས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་པར་ཉེན་ཁར་དམ་པོར་དམིགས་ནས་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་བདེ་འཇགས་ཀྱི་ལྐོག་གནས་རྐྱེན་ངན་ལ་རིམ་བཤེར་དང་དག་ཐེར་བྱེད་པ། མེ་འགོག་ཞིབ་བཤེར་སྐོར་ཞིབ་ལ་སྐུལ་མ་གཏོང་བ། ཉིན་རྒྱུན་གྱི་ལས་རེས་ལས་སྲུང་དང་མེ་སྤྱོད་གློག་སྤྱོད་དོ་དམ། མཁོ་བསྟུན་འཁྲབ་སྦྱོང་སོགས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་བདེ་འཇགས་ཀྱི་ལྐོག་གནས་རྐྱེན་ངན་སེལ་བ་དང་རྒྱ་ཆེ་བའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།
ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་དང་འབར་ཁམས་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་བཅས་རྟོག་ཞིབ་ལ་ཞུགས་ཡོད་དོ། །