ཁ་བཏགས་དཀར་པོས་རྒྱང་རིང་སྐུ་མགྲོན་བསུས། དགའ་སྟོན་གཟབ་རྒྱས་རིག་གནས་ཐོན་ལས་འཕེལ། སྤྱི་ཟླ་9པའི་ཚེས་7ཉིན། ཁམས་པའི་རིག་གནས་བཤམས་སྟོན་གླིང་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་མི་རིགས་རིག་གནས་མཉམ་དུ་རོལ། དམངས་ཁྲོད་ཐོན་རྫས་ཚོང་ལས་བྲིན་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་སྡེ་དགེ་རྫོང་སྐབས་གཉིས་པའི་དམངས་ཁྲོད་ཚོང་ལས་རིག་གནས་ཐོན་རྫས་གསར་སྤེལ་ཉོ་ཚོང་འདུ་ཚོགས་འཚོགས་འགོ་ཚུགས། གསར་འགོད་པས་རྒྱུས་ལོན་བྱས་པར་བརྒྱུད། སྡེ་དགེ་རྫོང་སྐབས་གཉིས་པའི་དམངས་ཁྲོད་ཚོང་ལས་རིག་གནས་ཐོན་རྫས་གསར་སྤེལ་ཉོ་ཚོང་འདུ་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་། དྲིལ་བསྒྲགས། ལག་བསྟར་བྱེད་པར་གཙོ་རྐང་དུ་བཟུང་ནས། ཁམས་པའི་རིག་གནས་བཤམས་སྟོན་གླིང་དང་གེ་སར་རིག་གནས། མི་རིགས་ལག་ཤེས་བཟོ་རྩལ་སོགས་དངོས་མིན་རིག་གནས་ཤུལ་བཞག་དང་ཟུང་འབྲེལ་བྱས་ཏེ། སྡེ་དགེའི་རིག་གནས་ཐོན་ལས་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་ཆེད་རམ་འདེགས་ནུས་ལྡན་བྱས་པར་བརྒྱུད། སྡེ་དགེའི་གྲོང་གསེབ་དར་རྒྱས་ལ་བརྩེ་སེམས་དང་དྲོད་ཁོལ་སྔར་བས་མང་བར་སྣོན་རྒྱུ་རེད་འདུག །