ཞི་ཅིན་ཕིང་གིས་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་སྤྲིངས་པའི་འཕྲིན་ཡིག

བསྟན་འཛིན་དབང་རྒྱལ་དང་རིན་ཆེན་དབང་འདུས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-11


ཟླ་9ཚེས་9ཉིན་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་འཐུས་མིའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་དགེ་རྒན་གྱི་འཐུས་མིར་འཕྲིན་ཡིག་སྤྲིངས་ཏེ། དགེ་རྒན་དུས་ཆེན་ཐེངས་སོ་དགུ་པ་འཆར་ཉེར་ཡོད་པའི་སྐབས་སུ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་དེ་བཞིན་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ཟོལ་མེད་ཀྱི་སྨོན་འདུན་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། དུས་ཡུན་རིང་པོའི་ནང་ཁྱེད་ཚོས་ཚབ་བྱས་པའི་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་ནན་ཏན་བསྟར་ནས། དཔེ་ཁྲིད་མི་སྐྱོང་དང་བསླབ་སྐྱོང་བློ་སྦྱོང་བྱས་ཏེ་ཀུན་སྤྱོད་བློ་རིག་ལུས་པོ་མཛེས་དཔྱོད་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་རེ་རེ་བཞིན་གསོ་སྐྱོང་བྱས་ཤིང་། གོ་ཆོད་པ་དང་ལས་འགན་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་ཤེས་ལྡན་པ་འབོར་ཆེན་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དགེ་རྒན་རྣམ་པའི་ཁྲོད་ནས་སློབ་གསོ་མཁས་ཅན་དང་ཕུལ་བྱུང་དགེ་རྒན་ཁག་གཅིག་ཐོན་ཞིང་། ཁོང་ཚོའི་སེམས་ནང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་དད་སེམས་ཡོད་ལ། ཁ་བཤད་དོན་གནས་དང་རང་དཔེ་གཞན་སྟོན་གྱི་ཀུན་སྤྱོད་གཤིས་སྤྱོད་ཡོད་པ། ཐབས་མཁས་ཞི་དུལ་དང་སྣོད་བསྟུན་སློབ་ཁྲིད་ཀྱི་མི་སྐྱོང་བློ་གྲོས་ལྡན་པ། སློབ་བརྩོན་ལག་ལེན་དང་བདེན་འཚོལ་གསར་གཏོད་ཀྱི་ཧུར་སེམས་ལྡན་པ། སློབ་ཁྲིད་ལ་དགའ་ཞིང་སློབ་མར་དུང་བ་དང་ལེགས་སྐྱེས་འབུལ་འདོད་པའི་བྱམས་བརྩེའི་བློ་གཤིས་ལྡན་པ། སེམས་ནང་གནམ་འོག་འཆང་བ་དང་རིག་གནས་པའི་བསམ་པའི་རེ་སྙེག་བཅས་ལྡན་ཡོད་ཅིང་། ཀྲུང་གོའི་ཐུན་མོང་མ་ཡིན་པའི་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལེགས་པར་མཚོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོ་མཁས་ཅན་མིག་དཔེར་བྱས་ཏེ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། “དཀའ་བ་སྤྱད་ནས་སློབ་ཁྲིད་མི་སྣ་སྐྱོང་། རྒྱལ་ཁབ་སྟོབས་ཆེན་འཛུགས་པར་ང་རང་ཡོད་”ཅེས་པའི་ཕུགས་འདུན་འཆང་བ་བཅས་བྱས་ཐོག རང་རྟོན་རང་སྟོབས་དང་ངར་སེམས་ཆེར་སྐྱེད་ཀྱི་སྒོ་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། དགེ་རྒན་ནི་སློབ་གསོའི་རྩ་བ་འཛུགས་མཁན་དང་སློབ་གསོ་དར་རྒྱས་ཀྱི་འབྱུང་ཁུངས་དང་། སློབ་གསོ་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་ཨང་དང་པོ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བས། དགེ་རྒན་དཔུང་ཁག་གི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་དང་། གྲུབ་གཞི་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། ཐོབ་ཆ་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་སོགས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་་། ཏང་དང་རྒྱལ་ཁབ་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། དཔེ་ཁྲིད་མི་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། དགེ་རྒན་དོ་དམ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཐོབ་ཆར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བཅས་བྱས་ཐོག དགེ་རྒན་དེ་ཉིད་སྤྱི་ཚོགས་ཀྱིས་བརྩི་བཀུར་ཆེ་ཤོས་བྱེད་པ་དང་གཞན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་ཡོད་པ་དང་འབྲེལ་ཞི་ཅིན་ཕིང་གི་འཕྲིན་ཡིག་དང་ལི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུང་བཤད་གནང་ཡོད་པ་རེད།

ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དེའི་ཐོག་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ཆེའི་དགེ་རྒན་རྣམས་ལ་ཐུགས་ཁུར་དང་མཐོང་ཆེན་གནང་བ་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དེའི་ཐོག་ནས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་རྒྱལ་ཁབ་གོང་འཕེལ་གྱི་ཆེད་དང་། མི་རིགས་དར་རྒྱས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་གང་ལེགས་གནང་བ་དང་། སློབ་གསོ་མཁས་པའི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་གསལ་འགྲེལ་གཏིང་ཟབ་གནང་བ། དུས་རབས་གསར་པའི་མི་དམངས་དགེ་རྒན་ལ་བླ་མེད་འགན་འཁྲི་སྤྲད་གནང་བ་མཚོན་གྱི་ཡོད། རྒྱ་ཆེའི་དགེ་རྒན་རྣམ་པས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཐོག སློབ་གསོ་མཁས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སེམས་རྣལ་ལ་ཕབ་ནས་དཔེ་ཁྲིད་མི་སྣ་སྐྱོང་བ། རྩ་བ་བསྐྱངས་ནས་མི་གཤིས་ལ་བློ་སྦྱོང་སྤྲོད་པ། མུ་མཐུད་ནས་རྒྱལ་ཁབ་ཀྱི་ཆེད་དུ་ཀུན་སྤྱོད་དང་བློ་རིག་ལུས་རྩལ་མཛེས་དཔྱོད་ངལ་རྩོལ་བཅས་ཁྱོན་ཡོངས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྱོང་བ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། གནད་ཆེ་སར་གོ་ཆོད་པ་དང་། འགན་འཁྲི་ཆེན་པོ་འཁུར་ཐུབ་མཁན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། རང་ཉིད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་མཇལ་བའི་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་གཏམ་སྤྱོད་དེ་མི་རྣམས་ཀྱིས་མིག་དཔེར་བརྩི་བས། འབད་བརྩོན་ལྷོད་མེད་བྱས་ཐོག་དཔེ་ཁྲིད་དང་མི་སྐྱོང་གཞི་གཅིག་ཏུ་གྱུར་བའི་སློབ་དཔོན་དུ་འགྱུར་བ་བྱེད་དགོས། བློ་གྲོས་ལ་བརྟེན་བློ་སྒོ་འབྱེད་པ་དང་སྣོད་དང་བསྟུན་ནས་སློབ་ཁྲིད་བྱེད་པའི་མི་སྣ་སྐྱོང་བའི་ཐབས་ཤེས་དར་སྤེལ་བཏང་ཐོག སློབ་མ་མི་རེ་ངོ་རེས་རང་ཉིད་ཀྱི་མི་ཚེའི་བཀྲག་མདངས་འཚེར་བ་བྱ་རྒྱུར་གོ་སྐབས་སྦྱིན་དགོས་པ་དང་། སློབ་ལ་བརྩོན་ཞིང་ལག་ལེན་མཐའ་གཅིག་ཏུ་བསྟར་ཐུབ་པ། བདེན་འཚོལ་གསར་གཏོད་ཀྱི་རྣམ་འགྱུར་གྱི་རྒྱུན་བསྐྱངས་ནས་ཚེ་གང་སློབ་སྦྱོང་བྱེད་པའི་ལག་བསྟར་པ་ཞིག་བྱེད་དགོས། དཀའ་སྤྱད་འབད་འཐབ་བྱས་ནས་དཔེ་ཁྲིད་མི་སྐྱོང་ཡག་པོ་བྱེད་པ་དང་། ལེགས་སྐྱེས་འབུལ་ཕོད་པའི་བྱམས་སེམས་ཆེན་པོས་སློབ་གསོའི་འཕྲིན་ལས་སྒྲུབ་པ། སེམས་ནང་དུ་གནམ་འོག་ཡོད་པ་དང་། རིག་གནས་པའི་བསམ་པའི་རེ་སྙེག་འཛུགས་པའི་ཐོག་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

ཏིང་ཞུའེ་ཞང་གིས། ས་གནས་ཁག་དང་ཚན་པ་ཁག་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དེ་རྨང་གཞིའི་ལས་དོན་ཞིག་ཏུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་དགེ་རྒན་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱི་ཐོབ་ཆར་ཁྲིམས་ལྟར་འགན་ལེན་བྱ་དགོས་པ་དང་། ཕུལ་བྱུང་ཤེས་ལྡན་མི་སྣ་སློབ་གསོའི་ལས་ལ་ཞུགས་རྒྱུར་ཡིད་འགུག་བྱེད་པ་དང་བརྟན་པོར་གནས་ཐུབ་པ་བྱེད་པ། དགེ་རྒན་གྱི་དོ་དམ་དང་གྲུབ་གཞིའི་བཀོད་སྒྲིག་ལེགས་སུ་གཏོང་བའི་ཐོག་ནས་ཕྲུ་གུ་ཚང་མར་འདྲ་མཉམ་དང་སྤུས་ཚད་ཡོད་པའི་སློབ་གསོ་མྱོང་ཐུབ་པ་བྱེད་པ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཚད་གཞི་གལ་ཆེ་ཤོས་སུ་འཛིན་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་དགེ་རྒན་ལས་རིགས་ཀྱི་བྱ་སྤྱོད་ཚད་གཞི་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པ་བཅས་བྱས་ཏེ། མི་དམངས་དགེ་རྒན་གྱི་གཟི་བརྗིད་བླ་ན་མེད་པའི་ལྟ་བ་མི་སེམས་ལ་གཏིང་ཟབ་ཟུག་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་གྱི་མཚན་འཛིན་རིམ་པ་དང་པོའི་དགེ་རྒན་ཆེ་མོ་བ་ཀའོ་མིང་ཞོན་དང་། པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་ཀུའུ་མིང་ཡོན། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་སློབ་འབྲིང་གཉིས་པའི་སློབ་སྤྱི་ཚའེ་ཞའོ་ཞུང་། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོ་ཁེ་པིན། ཧྲེན་ཀྲེན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་སྤྱི་གཞོན་པ་ཞུས་ཀྲི་ལེང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་པ་ཁྲུའུ་རྫོང་ཐུང་མོང་བུ་བཅོལ་ཁང་གི་ཡོན་ཀྲང་ཨེ་མི་ལ་ཀུའུ་ལི་·ཨབ་ཏུ། ཅང་ཤི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཆི་དབྱིང་སློབ་གྲྭའི་སློབ་སྤྱི་ཀྲང་ལི། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཡན་ལན་ཧྥུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

མི་དམངས་སློབ་གསོ་མཁས་ཅན་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། དུས་རབས་ཀྱི་མིག་དཔེའི་ཁྲོད་ཀྱི་དགེ་རྒན་འཐུས་མི། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ། རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་སོགས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1