རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70 ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར། སྤེལ་དུས། 09-18


རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ཝང་ཞའོ་ཧུའེ་དང་ཆིན་དབྱི་ཀྲིས་གསུང་བཤད་གནང་། ལིའུ་ཕིང་གིས་ཤིས་ཚིག་ཕུལ། ལུའོ་ཀྲེན་ཧྭས་གཙོ་འགན་བཞེས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་9ཚེས་16ཉིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འབར་ཁམས་སུ་འཚོགས་པ་དང་། རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70ལོན་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་ཚོགས་ཀྱི་ཚོགས་གཙོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་དང་། ཞིང་ཆེན་རྟེན་འབྲེལ་ཞུ་ཚོགས་ཀྱི་ཚོགས་གཙོ། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཚོགས་ཆེན་དུ་ཕེབས་པ་མ་ཟད་གསུང་བཤད་གནང་།

ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་གཙོ་འགན་བཞེས།

སྔ་དྲོའི་ཆུ་ཚོད་9པར། རྔམ་བརྗིད་ལྡན་པའི་འགྱུར་ཁུགས་ཁྲོད་ནས། ཐོག་མར་རྒྱལ་དར་རུ་དཔུང་གིས་གོམ་སྟབས་འགྲིག་པོའི་ཁྲོད་ནས་རྒྱལ་དར་བཏེགས་ནས་ཐོན་པ་དང་། དེ་རྗེས་སུ་ཚོགས་རྟགས་མེ་ཏོག་རུ་དཔུང་དང་། མི་རིགས་མཐུན་སྒྲིལ་རུ་དཔུང་། རྔ་བ་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་རུ་དཔུང་བཅས་གཅིག་འཕྲོར་གཅིག་མཐུད་དེ་ཐོན་པ་དང་། ལུས་ལ་གཟབ་མཆོར་སྤྲས་ཤིང་། གདོང་ལ་འཛུམ་གྱིས་ཁེངས་ནས། སྙན་མོ་ངག་གི་མཆོད་པ་དང་བདེ་མོ་གར་གྱི་སྟངས་སྟབས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་དྲན་པ་དང་། རྒྱལ་ཡོངས་མི་དམངས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་བཀའ་དྲིན་མཚོན་ཡོད། ཚོགས་ཆེན་འཚོགས་མགོ་བརྩམས་པ་དང་། ཡུལ་དངོས་ནས་ཤོག་སྦག་བདུན་ཅུ་བཀད་རྗེས། གཟབ་ནན་སྒོས་རྒྱལ་དར་བསྒྲེངས་པ་དང་། ཚོགས་ཞུགས་པ་ཚང་མ་ཡར་བཞེངས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་རིམ་གྱིས་མཁའ་རུ་འཕགས།

ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངགས་བཅོལ་ལྟར། ཆིན་དབྱི་ཀྲིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་ཚོགས་ཀྱི་ཚབ་མཛད་དེ་རྔ་བ་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀུན་ལ་རྟེན་འབྲེལ་ཞུས་ཤིང་འཚམས་འདྲི་ཞུས་པ་དང་། ལོ་ངོ་70རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རྔ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་། ཁོང་གིས་བསྟན་དོན། རྔ་བ་ཁུལ་བཙུགས་ནས་ལོ་ངོ་70རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་བདེན་དཔང་བྱས་པ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་རིགས་ས་ཁུལ་འཕེལ་རྒྱས་གོང་འཕེལ་གྱི་རྩ་བའི་ཁག་ཐེག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་པའི་ལམ་བུར་གཞན་ལས་ཁྱད་དུ་འཕགས་པའི་རང་བཞིན་ལྡན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་དཀྱེལ་ཡངས་རང་བཞིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ནུས་པ་བཅས་ལྡན་པ་ར་སྤྲོད་བྱུང་ཡོད། དུས་རབས་གསར་བ་དང་འཐབ་ལམ་གསར་བར་གོམ་ཁ་བསྒྱུར་རྗེས། རྔ་ཁུལ་གྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་སྒྱུར་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་སྲོག་ཤིང་ཏུ་བཟུང་སྟེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་མདུན་སྐྱོད་པ་དང་། མི་རིགས་སོ་སོ་ཐུན་མོང་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པའི་མདུན་སྐྱོད་པ། མི་རིགས་ཕན་ཚུན་མཉམ་འདྲེས་མཉམ་འདུས་ལ་སྐུལ་འདེད་ཀྱི་མདུན་སྐྱོད་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་ཀྱི་མདུན་སྐྱོད་པ་བཅས་བྱས་ནས། རྔ་བ་ཁུལ་གྱི་ལས་དོན་སོ་སོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དེ། སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་ལས་ལ་སྟོབས་ཤུགས་འབུལ་བར་འབད་དགོས།

ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་སྐབས་སུ་ཞིང་ཨུ་དང་། ཞིང་ཆེན་དམངས་འཐུས། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་མཛད་དེ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་དང་། རྔ་བ་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་། ལས་བཟོ་བ། ཞིང་འབྲོག་མི་དམངས། ཤེས་ཡོན་པ། ལས་རིགས་སོ་སོའི་རྒྱལ་གཅེས་མི་སྣ། ཁུལ་དུ་སྡོད་པའི་བཅིངས་འགྲོལ་འཐབ་མོ་བ། དྲག་ཆས་ཉེན་རྟོག་པ། སྲིད་ཁྲིམས་ཉེན་རྟོག་པ། མེ་གསོད་རུ་ཁག་གི་འཐབ་མོ་བ། ཡུལ་དམག་གྲ་སྒྲིག་མི་སྣ་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་། རྔ་བ་ཁུལ་གྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་བཞག་ལ་བྱས་རྗེས་འབུར་དུ་ཐོན་པའི་བློ་མཐུན་རྒན་པ་དང་། འགོ་ཁྲིད་རྒན་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མི། རྔ་ཁུལ་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་གྱི་ཀྲུང་དབྱང་སྡེ་ཁག་གི་པུའུ་ཨུ་དང་། རིགས་མཐུན་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་གྲོགས་པོ་བཅས་ལ་ལྷག་བསམ་གཙང་མས་གུས་འདུད་ཞུས།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། 1953ལོར། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་དཔལ་འོག་ནས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙུགས་པ་འདི་ནི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། རྔ་ཁུལ་གྱི་ལོ་རྒྱུས་སྟེང་གི་དུས་རབས་ཀྱི་དོན་སྙིང་ལྡན་པའི་དཀྱོགས་མཚམས་ཤིག་ཡིན་པ་མ་ཟད། བཀས་བཀོད་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ཏེ་གོམ་པ་གཅིག་གིས་ལོ་ངོ་སྟོང་བརྒལ་བ་མངོན་འགྱུར་བྱུང་ཡོད། དེ་ནས་བཟུང་རྔ་ཁུལ་མི་དམངས་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་བསྐྱོད་པ་རེད། ལོ་ངོ་70རིང་གི་དཀའ་སྤྱད་འབད་བརྩོན་ལས། ཡུལ་གྲུ་འདིར་གནམ་ས་བརླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ལ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འགོམ་བརྒལ་བྱུང་ཡོད། དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འགོམ་བརྒལ་བྱུང་ཡོད། མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགོམ་བརྒལ་བྱུང་ཡོད། མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་རང་བཞིན་གྱི་འགོམ་བརྒལ་བྱུང་ཡོད། མཚར་སྡུག་ལྡན་པའི་གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གི་བརྩེ་བ་ཆེན་པོའི་ཐུགས་ཁུར་དང་། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་གྲུབ་འབྲས་ཡིན་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་དང་། བརྩེ་སེམས་དྲོན་མོས་རམ་འདེགས་ཀྱི་གྲུབ་འབྲས་ཡིན་པ་མ་ཟད། རྔ་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་། མཐུན་སྒྲིལ་འབད་བརྩོན་གྱི་གྲུབ་འབྲས་ཡིན། འདིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པ་མ་ཟད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་དཔལ་འབར་བའི་སྐྱེ་སྟོབས་ཀུན་ནས་མཚོན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཚེ། རྔ་ཁུལ་གྱི་མ་འོངས་པ་སྔར་ལས་མཛེས་ཤིང་ཡིད་དུ་འོང་བར་གདོན་མི་ཟ།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། ལོ་ངོ་70རིང་གི་འབད་འབུངས་ལས། རྔ་ཁུལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཡང་རྩེར་ཐོན་ཡོད་ལ། དུས་རབས་གསར་བ་དང་འཐབ་ལམ་གསར་བར་བསྐྱོད་པར། མཐུན་སྒྲིལ་འབད་བརྩོན་སྒོས་དུས་རབས་ཀྱི་ལེའུ་གསར་བ་རྩོམ་དགོས་ལ། རྔ་ཁུལ་གྱི་ཡུན་རིང་བརྟན་བརླིང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་དགོས།

2018ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྔ་བ་ཁུལ་ཝུན་ཁྲོན་རྫོང་དུ་གཟིགས་ཞིབ་གནང་བ་མ་ཟད་ལས་བྱེད་མང་ཚོགས་ཀུན་ལ་འཚམས་འདྲི་གནང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་གནང་ཡོད། ཐོན་ལས་དར་རྒྱས་དང་། དམངས་འཚོ་ལེགས་སྒྱུར་སོགས་ཀྱི་ཕྱོགས་ལ་མུ་མཐུད་དུ་ཤུགས་འདོན་པ་དང་། མི་དམངས་ཀྱི་ཁྱིམ་གཞིས་སྔར་བས་ལེགས་པར་བསྐྲུན་དགོས་པ་ནན་གྱིས་བསྟན་ནས། རྔ་ཁུལ་གྱི་ལས་དོན་ལེགས་པར་སྒྲུབ་པར་མཛུབ་མོ་རི་སྟོན་གནང་ཡོད། རྔ་བ་ཁུལ་གྱིས་བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་དང་རྔ་ཁུལ་གྱི་བྱ་བཞག་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་མཛད་ཕྱོགས་དང་ཞིང་ཨུའི་གྲོས་ཆོད་བཀོད་སྒྲིག་ལག་ཏུ་བསྟར་ནས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱས་ཤིང་། བརྟན་བརླིང་དང་། འཕེལ་རྒྱས། དམངས་འཚོ། སྐྱེ་ཁམས་སོགས་ཀྱི་བྱ་བཞག་ཐམས་ཅད་ལེགས་པར་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་གསར་བ་མགྱོགས་པོར་བསྐྲུན་དགོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་ཟབ་མོ་ཡོད་པར་བྱས་ཏེ། རང་མོས་སྒོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ། ལག་ལེན་ལ་མཛུབ་སྟོན་དང་ལས་དོན་ལ་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་སྟེ། རྔ་ཁུལ་གྱི་བྱ་བཞག་སོ་སོ་ཐོག་མཐའ་བར་གསུམ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པར་ཁག་ཐེག་བྱ་དགོས། སྐྱེ་ཁམས་དམིགས་སུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། དོན་དངོས་དང་ཟུང་འབྲེལ་སྒོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རིག་ལྗོངས་མཉམ་འདུས་འཕེལ་རྒྱས་སོགས་ཀྱི་ལས་དོན་དམ་པོར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་དགོས། མུ་མཐུད་དུ་དམངས་འཚོའི་ཕན་བདེར་ཤུགས་བསྣན་ཏེ། དམངས་འཚོའི་ལས་གཞི་སོ་སོ་ལག་ཏུ་བསྟར་ནས། ཐབས་བརྒྱ་ཇུས་སྟོང་གིས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་པར་འབད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མུ་མཐུད་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། མི་རིགས་སོ་སོ་མཉམ་འདྲེས་མཉམ་འདུས་ཡོང་བར་ཤུགས་བསྣན་ཏེ། མུ་མཐུད་དུ་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ་དང་། ལངས་ཕྱོགས་གསལ་བོའི་སྒོ་ནས་ཁ་བྲལ་ལ་རྒོལ་བའི་འཐབ་རྩོད་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། རྔམ་བརྗིད་ལྡན་པའི་གངས་རིས་རྔ་ཁུལ་གྱི་ལོ་ངོ་བདུན་ཅུའི་འཕོ་འགྱུར་མཐོང་ཡོད་ལ། ལྷུང་ལྷུང་གཙང་ཆབ་སྔོན་མོས་རྔ་ཁུལ་འཕེལ་རྒྱས་གོང་འཕེལ་ལ་རམ་བུ་དཀྲོལ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། མངགས་བཅོལ་ཡིད་ལ་དམ་པོར་འཛིན། དྲིན་གཟོའི་སྒོ་ནས་མདུན་དུ་སྐྱོད། རྡོག་རྩ་གཅིག་སྒྲིལ་དང་འབད་པ་ཧུར་ཐག་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་ཁུལ་གསར་བ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱ་དགོས།

ལིའུ་ཕིང་གིས་ཤིས་ཚིག་ཁྲོད་གསུང་དོན། ལོ་ངོ་70ཡི་རིང་། རྔ་བའི་བུ་དང་བུ་མོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས། རླབས་ཆེ་བའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྦྲུམས་པའི་ས་གཞི་དྲོན་མོ་འདིར། དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དམ་བཅའ་བརྟན་པོ་ལག་ལེན་དུ་བསྟར་ཡོད། དུས་རབས་གསར་བའི་ལོ་བཅུའི་ནང་། རྔ་བའི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྔ་བའི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབས་དང་རིམ་པའི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་དབུལ་བྲལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་མིག་དཔེ་གང་མགྱོགས་སྒོས་བསྐྲུན་ནས། བྱ་སྤྱོད་དངོས་ལས་གཏན་འཁེལ་གཉིས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱུང་ཡོད། དེ་རིང་། ང་ཚོས་སྤོབས་སེམས་ཆེན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ལ་རྔ་བའི་བུ་དང་བུ་མོས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་པའི་སྙན་ཞུ་ཕུལ་བ་ཡིན། ལོ་ངོ་70རིང་། རྔ་བའི་བུ་དང་བུ་མོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ལས་འགན་ཨང་དང་པོར་བརྩིས་ཏེ་དཀའ་ངལ་དང་ཀྱག་ཀྱོག་ཁྲོད་འབད་འཐབ་དང་སྒྱུར་བཅོས་སྒོ་དབྱེའི་ཁྲོད་མདུན་སྐྱོད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། དུས་རབས་གསར་བའི་ལོ་བཅུའི་ནང་། རྔ་བའི་བུ་དང་བུ་མོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆ་85.6ཟིན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1952ལོ་ལས་ལྡབ་105.7འཕར་ནས། གོམ་སྟབས་གཅིག་གིས་ལོ་ངོ་སྟོང་ལས་བརྒལ་བའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད། དེ་རིང་། ང་ཚོས་སྤོབས་སེམས་ཆེན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ལ་རྔ་བའི་ས་གཞི་ཆེན་མོའི་སྐྱེ་ཁམས་སྲུང་ཡོལ་མུ་མཐུད་དུ་ཇེ་བརྟན་དང་དཔལ་འབྱོར་འཕེལ་རྒྱས་ཉིན་རེ་བཞིན་འཕེལ་རྒྱས་སུ་ཕྱིན་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དེང་རབས་ཅན་གྱི་དམིགས་ཚད་བརྒྱུད་དེ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པའི་སྙན་ཞུ་ཕུལ་བ་ཡིན། ལོ་ངོ་70ཡི་རིང་། རྔ་བའི་བུ་དང་བུ་མོས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་འགག་སྒྲོལ་དཀའ་སེལ་གྱིས“5·12”ཝུན་ཁྲོན་ས་ཡོམ་ཆེན་མོ་སོགས་ཀྱི་དཀའ་ངལ་དང་ཉེན་ཁ་རབས་དང་རིམ་པ་ལས་རྣམ་པར་རྒྱལ་ཡོད། དུས་རབས་གསར་བའི་ལོ་བཅུའི་ནང་། “8·8”གཟི་རྩ་སྡེ་དགུའི་ས་ཡོམ་དང་“6·10”འབར་ཁམས་ཚོམ་འགུལ་རྣམ་པའི་ས་ཡོམ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ལ་འཕྲད་སྐབས་རྔ་བའི་བུ་དང་བུ་མོས་ཕན་ཚུན་རོགས་རེས་དང་འབད་བརྩོན་ལྷོད་མེད་བྱས་ནས། དཔའ་ཉམས་ལྡན་པའི་བརྗིད་ཆེའི་ལེའུ་ཞིག་བརྩམས་ཡོད། དེ་རིང་། ང་ཚོས་སྤོབས་སེམས་ཆེན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ལ་རྔ་བའི་བུ་དང་བུ་མོས་ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་། སྐྱེ་ཁམས་བསྐྱར་སྐྲུན། ཉི་འོད་བསྐྱར་སྐྲུན་བཅས་མཐའ་འཁྱོངས་བྱས་ནས་གཟི་རྩ་སྡེ་དགུའི་གནོད་རྗེས་བསྐྱར་སྐྲུན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། འབར་ཁམས་ཀྱི་གནོད་རྗེས་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། དོམ་ཁྲ་ཡི་ཁྱིམ་གཞིས་དང་། དག་ཞིང་གི་རྔ་བར་སྔར་བས་མཛེས་སྡུག་ལྡན་པའི་སྙན་ཞུ་ཕུལ་བ་ཡིན། ལོ་ངོ་70ཡི་རིང་། རྔ་བའི་བུ་དང་བུ་མོས་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྲུན་པ་དང་འབྲོག་དམངས་གཏན་སྡོད་སོགས་ཀྱི་བྱ་སྤྱོད་སྔ་རྗེས་སུ་སྤེལ་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་། དུས་རབས་གསར་བའི་ལོ་བཅུའི་ནང་། རྔ་བའི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། དབུལ་བྲལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། དེ་རིང་། ང་ཚོས་སྤོབས་སེམས་ཆེན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ལ་རྔ་བའི་ས་གཞི་ཆེན་མོའི་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་། འབྱོར་ཕྱུག་འབྱོར་འབྲིང་། ཞི་མཐུན་བདེ་སྐྱིད་བཅས་ཀྱི་ཁྱིམ་གཞིས་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་ནས་ཡུལ་མི་ཚོའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་པའི་སྙན་ཞུ་ཕུལ་བ་ཡིན། ལོ་ངོ་70ཡི་རིང་། རྔ་བའི་བུ་དང་བུ་མོས་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོའི་མཐུན་སྒྲིལ་གྱི་ལེའུ་གསར་བ་བརྩམས་ཡོད། དུས་རབས་གསར་བའི་ལོ་བཅུའི་ནང་། རྔ་བའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཏོད་ཡོད། དེ་རིང་། ང་ཚོས་སྤོབས་པ་ཆེན་པོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་། རྒྱལ་ཡོངས་མི་དམངས་བཅས་ལ། ད་ལྟའི་རྔ་བར། མི་རིགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། ཏང་དང་མང་ཚོགས་དང་། ལས་བྱེད་དང་གྲྭ་བཙུན་བར་གྱི་འབྲེལ་བ་འཆམ་མཐུན་ཡིན་པས། མི་རིགས་ཁག་གི་མི་དམངས་སེ་འབྲུ་ནང་བཞིན་དམ་པོར་འབྲེལ་ཡོད་པའི་སྙན་ཞུ་ཕུལ་བ་ཡིན།

ལིའུ་ཕིང་གིས་གསུང་དོན། ལོ་ངོ་བདུན་ཅུའི་རིང་གི་འབད་འབུངས་ལོ་རྒྱུས་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། དུས་རབས་གསར་བའི་ལོ་བཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་ན། རྔ་བའི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་མེད་པ་ར་སྤྲོད་གང་ལེགས་བྱས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་བསྐྱོད་པར། རྔ་བ་ཁུལ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཡུལ་ཨུས་ཅན་བཞི་མཉམ་འགྲོས་དང་། ཡུལ་གྲོང་མཉམ་འདྲེས། ཁུལ་ལྔ་མཉམ་དར་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར་དཀའ་སྤྱད་སྙིང་རུས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་དེང་རབས་ཅན་གྱི་རྔ་ཁུལ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བྱས་རྗེས་གསར་བ་ཧུར་ཐག་གིས་གཏོད་དགོས།

རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག ཞིང་ཆེན་རྟེན་འབྲེལ་ཞུ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཞིང་ཨུའི་རྒྱུན་ཨུ། ཞིང་དཔོན་གཞོན་པ་ཏུང་ཝེ་རྨིན་གྱིས་རྔ་བ་ཁུལ་ལ་གོས་དར་ཕུལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ད་དུང་བརྗོད་བྱ་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས།

ཚེས་15ཉིན་གྱི་ཕྱི་དྲོར། ཝང་ཞའོ་ཧུའེ་ཡིས་འབར་ཁམས་སུ་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཞུ་ཚོགས་དང་མཇལ་འཕྲད་གནང་ནས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ལས་དོན་གྱི་གནས་ཚུལ་དང་།ལྷག་པར་དུ་རྔ་བ་ཁུལ་གྱིས་ཁུལ་བཙུགས་ནས་ལོ་ངོ་70ཡི་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ངོ་སྤྲོད་གནང་།

ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་ཚོགས་ཀྱི་ཁོངས་མི་དང་། ཞིང་ཆེན་གྱི་རྟེན་འབྲེལ་ཞུ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཝེ། ཀྲའོ་ཅུན་རྨིན། ཧོ་ཡན་ཀྲེང་། ཡེ་ཧན་པིན། དབྱང་ཏན་བཅས་དང་། ཁྱིམ་མཚེས་ཞིང་ཆེན་ཁག་ཅིག་གི་འགོ་ཁྲིད། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཁག་ཅིག་དང་། ཞིང་ཆེན་ནང་གི་གྲོང་ཁྱེར(ཁུལ)ཁག རྔ་བ་ལ་རིགས་མཐུན་རོགས་སྐྱོར་བྱེད་པའི་མཛའ་གྲོགས་གྲོང་ཁྱེར(ཁུལ)ཁག་གི་འགན་འཁུར་བློ་མཐུན་བཅས་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་སོགས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།

ཁུལ་ཨུ་དང་། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། རྔ་བའི་དམག་ཁུལ་ཡན་ལག་ཁང་གི་འགན་འཁུར་བློ་མཐུན། ཁུལ་སྡོད་དམག་དཔུང་གི་དཔོན་པོ་བཅས་དང་། རྫོང(གྲོང་ཁྱེར)ཁག ཁུལ་རིམ་པའི་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་སོགས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1