༄༅།།ལོ་རྒྱུས་ཀྱི་རྒྱུད་རིམ་དང་རིན་ཐང་མཚོན་པའི་སྐུ་གཟུགས་དང་ལྡེབས་རིས་སྐོར་ཅུང་ཟད་བཤད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-19


ཡེ་ཤེས་དཀྱིལ་འཁོར་མཚན་དཔེའི་གཟི་བྱིན་ནི། །

དམར་སེར་ཐུན་མཚམས་གསར་པའི་མདངས་གྲོལ་བའི། །

ཐུགས་རྗེའི་རྗེས་ཆགས་འགྲོ་བློའི་མུན་སེལ་བ། །

མཁྱེན་རབ་བདུད་རྩིས་དེང་འདིར་དགེ་ལེགས་སྩོལ། །

བསམ་པའི་མཛེས་སྡུག་ཡུལ་གྱི་སྣང་བས་བྲིད། །

ཡིད་ལ་འཐད་མིན་བདེན་རྫུན་གཏམ་གྱིས་འབྱེད། །

ཕ་མེས་མཛད་རྗེས་བརྒྱུད་པའི་གོམས་སྲོལ་འདིར། །

མི་རིང་དུས་ཀྱི་རྒུད་པས་ཡལ་བར་དོགས། །

དྲི་མེད་ལྷག་བསམ་ཟླ་བའི་དཀྱིལ་འཁོར་ནི། །

རྣམ་དཔྱོད་རིག་པའི་མཁའ་ལ་ལེགས་དྲངས་ནས། །

ཟོལ་མེད་བདུད་རྩིའི་བསིལ་ཟེར་སྤྲོ་དང་ལྷན། །

སྦས་དོན་གསང་བའི་ཀུནྡའི་འདབ་རྒྱ་དགྲོལ།།

རབ་དཀར་ཏི་སེ་གངས་ཀྱི་མཛེས་པའི་ཆ། །

རབ་མང་རིག་གནས་ཆུ་འགོ་མ་ཉམས་པར། །

རབ་བྱུང་དུས་ཀྱི་སྦྲུམ་པའི་རིན་ཐང་ལ། །

རབ་གསལ་ལོ་རྒྱུས་ངག་དོན་ཕྲེང་བ་སྤེལ། །

ཞེས་མཆོད་བརྗོད་དང་བཤད་པར་དམ་བཅའ་བ་སྔོན་དུ་བཏང་སྟེ་དགེ་ལེགས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་འདིར་གང་བཤད་པ་བྱ་བར་ནི་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་ལྡེབས་རིས་སོགས་རི་མོའི་རིག་གནས་ཀྱི་སྒྱུ་རྩལ་ཇི་ལྟར་བྱུང་བའི་སྐོར་ཅུང་ཙམ་གླེང་བ་ལ། རི་མོའི་དར་སྲོལ་སྤྱིར་བཤད་པ་དང་།  སོ་སོའི་ལུགས་བཤད་པ། བྱེ་བྲག་ཏུ་དཀར་མཛེས་བོད་ཁུལ་གྱི་གནའ་བོའི་ལྡེབས་རིས་སྐོར་བཤད་པ། ཞར་བྱུང་བོད་ཀྱི་ལྡེབས་རིས་སྲུང་སྐྱོབ་དང་ཉར་ཚགས་བྱེད་སྟངས་བཅས་བརྗོད་པའོ།།

དང་པོ། རི་མོའི་དར་སྲོལ་སྤྱིར་བཤད་པ།

                           གཅིག   ཐོག་མར་རི་མོའི་རིག་གནས་ཇི་ལྟར་བྱུང་ཚུལ། 

    སྤྱིར་རི་མོ་ནི་ཕྱི་སྣོད་ཀྱི་རི་བྲག་ཁང་ཁྱིམ་རྩི་ཤིང་ནགས་ཚལ་སོགས་དང་། ནང་སྐྱེ་འགྲོའི་ཉེར་ལེན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད། གསང་བ་རྣམ་རྟོག་སེམས་ཀྱི་འགྱུ་དྲན་སོགས་རང་མཚན་དུ་གྲུབ་པའི་དངོས་པོ་གང་ཞིག དམིགས་རྣམ་ཅན་གྱི་ཡུལ་ལ་ལྟོས་ནས་དེའི་གཟུགས་བརྙན་བཟོ་རྩལ་གྱི་ལམ་ནས་བཞེངས་བསྐྲུན་བྱས་པ་ཞིག་ཡིན་ལ།  སྤྱི་ལོ་སྔོན་གྱི་མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་ལ་འབྲེལ་འདྲིས་དང་གོམས་གཤིས་མཚོན་ཕྱིར་ཡིད་དུ་འོང་བའི་ཡུལ་ཁྱད་པར་བ་ལ་ལྟོས་ནས་དེ་དང་དེའི་རྣམ་པར་རྡོ་དང་རུས་པ། ཤིང་སོགས་ཀྱི་ངོས་སུ་ཉི་ཟླ་སྐར་གསུམ་དང་། སྲོག་ཆགས་གཅན་གཟན་དང་རྟ་དང་གླང་པོ། རི་དྭགས་དང་འདབ་ཆགས་ཀྱི་རིགས་དང་།  ཆུ་བྲག་སྤྲིན་གསུམ་དང་རྟ་ནོར་ལུག་གསུམ། བུད་མེད་དང་སྐྱེས་པའི་ཆ་བྱད་སོགས་བརྐོས་རིས་གང་རུང་གི་རྣམ་པ་སྣང་བརྙན་གྱི་གཟུགས་སུ་བཞེངས་བསྐྲུན་བྱས་པ་ཞིག་ཡིན་པར་བསྙོན་དུ་མེད་ལ།  དེང་དུས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ས་འོག་ནས་སྔོག་འདོན་བྱས་པའི་གནའ་རྫས་རིགས་མི་འདྲ་བ་མང་པོ་ཞིག་གསར་རྙེད་བྱུང་བར་ཆབ་མདོའི་ཁ་རུབ་དུ་སྔོན་རྗེས་བསྔོགས་ཐེངས་གཉིས་སུ་རྙེད་པའི་རུས་ཆས་དང་རྫ་ཆས་ཀྱི་རིགས་མི་འདྲ་བ་མང་པོ་ཞིག་གི་ནང་།  རྫ་ཆས་ཀྱི་ཁོག་མ་དང་སླ་ང་ཕོར་པ་དག་བཟོ་དབྱིབས་ལེགས་ཤིང་རི་མོས་ཉམས་ཕུན་སུམ་ཚོགས་པ་ལྡན་པ་དང་།  སྤྱི་ལོ་1984ལོར་ལྷ་སའི་ཆུ་གོང་ནས་རྙེད་པའི་གནའ་ཤུལ་རྫ་ཆས་དང་རྡོ་ཆས་རུས་ཆས་སོགས་རྣམ་གྲངས་ཁྲི་ཕྲག་ལ་ཉེ་བའི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་ཀྱི་རིགས་དེ་དག་ལ་ཚན་རིག་དང་ལོ་རྒྱུས་སྨྲ་བའི་ཆེད་མཁས་པ་དག་གིས་གཞིབ་པར་ལྟར་ན་སྤྱི་ལོ་གོང་གི་ལོ་ལྔ་སྟོང་ནས་བརྒྱད་སྟོང་ཡས་མས་སུ་བོད་མིའི་ཤེས་རིག་རི་མོའི་ལག་རྩལ་དར་ཡོད་པ་ར་སྤྲོད་བྱས་ཡོད།  གཞན་ཡང་སྤྱི་ལོ་1981ལོར་མདོ་ཁམས་ཏྲེ་ཧོར་བྲག་མགོའི་ཁ་ས་མཚོ་ཁ་ནས་གནའ་བོའི་དུར་ས་ཞིག་ནས་ཐོན་པའི་རྡོ་ལེབ་ཀྱི་རོ་སྒམ་ནང་རོ་དང་མཉམ་དུ་འཇོག་པའི་རྡོ་ཆས་དང་རུས་ཆས་ཟངས་རྫ་མའི་རིགས་སོགས་གནའ་བོའི་བོན་ཀྱི་ཆོས་ལུགས་དང་འབྲེལ་བའི་ཅ་དངོས་དེ་དག་ལ་བཟོ་རྩལ་དང་རི་མོའི་རྣམ་པ་ཧ་ལས་པ་ཞིག་ཐོན་ཡོད་པ་ལ་བརྟག་ན་བོད་ཡུལ་འདིར་རིང་མོ་ཞིག་ནས་རི་མོའི་བཟོ་རྩལ་ལ་གདེང་འཇོག་ཡོད་པ་གསལ་པོར་ཤེས་ཐུབ།   གོང་གི་ཆབ་མདོའི་ཁ་རུབ་དང་ལྷ་སའི་ཆུ་གོང་སོགས་ནས་རྙེད་པའི་གནའ་རྫས་ཀྱི་རིགས་དེ་དག་གནོད་སྦྱིན་ནག་པོ་སོགས་ཀྱིས་དབང་སྒྱུར་བྱེད་པའི་བྲན་གཡོག་ལམ་ལུགས་མགོ་ཚུགས་པའི་དུས་རབས་ཡིན་པ་ཚན་རིག་དང་ལོ་རྒྱུས་སྨྲ་བ་དག་གིས་བདེན་དཔང་བྱས་ཡོད། རི་མོའི་ལག་རྩལ་དེའང་སྐབས་དེར་བྱུང་བ་ཡིན་པས་དེ་དང་དུས་མཚུངས་ཡིན་པར་བསྙོན་དུ་མེད་ལ་གཞན་ཡང་དེང་དུས་བོད་ཡུལ་འདིར་ས་འོག་ནས་བསྔོགས་པའི་གནའ་ཤུལ་གྱི་རིགས་མི་འདྲ་བ་རྣམ་པ་མང་པོ་ཞིག་གསར་རྙེད་བྱུང་ཡོད་པ་དེ་དག་དང་།   ཨེ་ལྗིབ་ཕུ་ཐིའི་ལུང་པ་ནས་ཐོན་པའི་ལོ་ངོ་འབུམ་གཉིས་གསུམ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྡོ་ཆས་རྙིང་པའི་རིགས་དེ་དག་དང་བསྡུར་ན་རྣམ་པ་དང་ཁྱད་ཆོས་ཀུན་ཏུ་མཚུངས་པས་སྤུ་རྒྱལ་གོང་གི་མངའ་མཛད་གནོད་སྦྱིན་ནག་པོའི་དུས་རབས་ཀྱི་ལོ་རྒྱུས་དང་རིག་གནས་ལག་རྩལ་སོགས་ལ་ད་དུང་དཔྱད་པ་ཞིབ་ཕྲ་གནང་དགོས་པའི་རྟགས་རང་ཤུགས་སུ་གྲུབ་ཡོད། །

གཉིས། གཡུང་དྲུང་བོན་གྱི་རི་མོའི་རིག་གནས་ཀྱི་རྗེས་ཤུལ།

བསྐལ་པ་ཡ་ཐོག་གི་དུས་རིམ་གོང་མའི་སྔོན་དུ་ཞང་ཞུང་ཡུལ་ཁམས་དེར་གནས་པའི་མི་སྡེ་དེ་དག་ལ་བརྟག་ན་ཤེས་རིག་ཇི་སྙེད་ཅིག་ཡོད་པ་གཞིར་བཅས་རྒྱལ་པོ་ཁྲི་ཝེར་གྱི་སྐུ་དུས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ནས་བོན་སྒོ་བཞི་དང་མཛོད་ལྔ་སོགས་ཐེག་པ་རིམ་དགུའི་བོན་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་དང་། བཟོ་རིག་པའི་སྐོར་བསྟན་པའི་ཚུལ་སྐལ་བཟང་མགྲིན་རྒྱན་ལས་བསྟན་པའི་གཞི་མ་བཟོ་རིག་པ།   གཏན་ལ་ཕབས་ཏེ་གར་མ་ལི་ཤོ་སོགས།  འཛམ་གླིང་མཁས་པའི་རྒྱན་དྲུག་དཔལ་ལ་བསྟན།

ཞེས་གར་མ་ལི་ཤོས་གཤེན་རབ་ལ་བསྐུལ་མ་ཞུས་པ་བཞིན་གཤེན་རབ་མི་བོ་ཆེ་ཡིས་གར་མ་ལི་ཤོ་དང་།  འཛམ་གླིང་མཁས་པའི་རྒྱན་དྲུག་ཏུ་གྲགས་པ་བཟོ་རྗེ་ལྷ་དབང་དང་།  སྒྱུ་འཕྲུལ་ལྷ་དབང་།  བླུག་ཐོག་པ་ཝ་མགར་ལྷ་ཡུག་པ།  ལྷ་སྲས་པདྨ་སོགས་ལ་བཟོ་རིག་པའི་སྐོར་བསྟན་ཡོད་པ་གསལ་བར་དང་།  དྲི་མེད་རྩ་བའི་མདོ་ལས།  བཟོ་ལ་རྣམ་པ་ལྔ་ཡིན་ཏེ།།

དྲ་ཞིང་དྲུབ་ལ་རྣམ་པ་ལྔ། །གདུགས་སུ་ཕུབ་དང་གདན་དུ་བཏིང་། །ཡོལ་དུ་བྲེས་དང་ལུས་ལ་གསོལ། །བཞོག་ཅིང་སྦྱར་ལ་རྣམ་པ་གཉིས། །ཐོགས་སུ་ཕུབ་དང་གང་མཁོ་སྤྱད། །བཞུ་ཞིང་བླུག་ལ་རྣམ་པ་གསུམ། །ལྷ་སྐུ་ལྷ་རྫས་འདོད་ཡོན་ནོ། །བརླུང་ཞིང་ཐར་ལ་རྣམ་པ་གསུམ། །མཛེས་དང་བརྗིད་དང་འདོད་ཡོན་རྫས། །བྲི་ཞིང་བཀོད་ལ་རྣམ་པ་གཉིས། །རོལ་མོ་ཅན་དང་བཀོད་མ་ཅན། །འདི་ལྟར་བཟོ་རིག་བཀོད་པ་རྣམས། །ལྷ་སྲས་གར་མས་ཐུགས་ལ་ཞོག་ཅེས་གསུངས་པ་དེ་དག་ཞང་ཞུང་ཡ་ཐོག་གི་དུས་རིམ་གོང་མའི་ནང་གཤེན་རབ་མི་བོ་ཆེ་ཡིས་བཟོ་རིག་པའི་བསྐོར་བསྟན་ཡོད་པ་གསལ་བ་དང་།  མདོ་གཟེར་མིག་ལས།  གསས་ཁང་ཆེན་མོ་དེ་ལ་ཀོང་རྩེས་ཐིག་བཏབ་སྟེ། །ཐིག་གདབ་དང་པོ་མཐའ་ནས་གདབ། །མཚོན་བཀྱེ་དབུས་ནས་བཀྱེ་བར་འབྱུང་། །གཞི་མ་ཕྱི་མ་རས་སུ་བོར་ཞེས་དང་།  ཡང་དེ་ཉིད་ལས།   བར་དུ་འདམ་དོ་ལུས་པ་ལ། །ལྟག་ལ་མཐོ་རིས་གསུམ་བྲི། །འགབ་ལ་ངན་སོང་གསུམ་བྲི། །དབུས་ཀྱི་ཁྱམས་ཁང་ཁྲོ་བོ་ནི། །སྟོང་གཉིས་བར་མའི་འཇིག་རྟེན་ནོ་ཞེས་པ་དང་།  ཡང་དེ་ཉིད་ལས།  རྩིག་མཁན་རྣམས་ཀྱིས་འཕང་ཡང་བསྟོད། །བྱད་མཁན་རྣམས་ཀྱིས་ཕྱི་བདར་བྱས། །ཤིང་མཁན་རྣམས་ཀྱིས་ཤིང་བཞོགས་དང་། །རྡོ་མཁན་རྣམས་ཀྱིས་རྡོ་ཡང་སྦྱངས། །ལྕགས་མཁན་རྣམས་ཀྱིས་ལྕགས་ཀྱང་བརྡུངས་། །གསེར་དངུལ་མཁན་གྱིས་ཞུན་ཡང་བཏབ། །ཚོན་རྩི་མཁན་གྱིས་ཚོན་རྩི་སྦྱངས། །བྲིས་མཁན་རྣམས་ཀྱིས་བྲིས་ཀྱང་བྲིས་ཞེས་བཟོ་སྣ་སུམ་བརྒྱ་དྲུག་ཅུ་དཔེ་བླང་ནས་གནས་མཆོག་འོ་མོ་གླིང་ཆེན་གྱི་ནུབ་ཕྱོགས་རྣམ་དག་བདེ་བ་ཆེན་པོ་ཐར་པའི་སྒོ་མཚོན་པའི་གསས་ཁང་ཕྱི་ནང་གསང་གསུམ་གྱི་བཟོའི་ཁྱད་ཆོས་ཤིན་ཏུ་ཡ་མཚན་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མདོ་གཟེར་མིག་ལས་གསལ་བར་གསུངས་པ་འདིས་ཡ་ཐོག་དུས་རིམ་གོང་མའི་ནང་ཞང་ཞུང་གི་བཟོ་རིག་པའི་མ་ལགས་ཆ་ཚང་དེའི་དུས་ནས་ཡོད་པ་གསལ་བར་བསྟན་པ་ཡིན་ནོ།།  གཞན་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་གནའ་བོའི་བོད་ཀྱི་ཤེས་རིག་གི་སྐོར་ལ་སྙན་གྲགས་ཆེ་ཤོས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང་ལྡིང་ཤེས་ཤ་བ་ཞེས་བག་ཕྱེས་ཤ་བ་བཟོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་སོགས་གསུངས་པ་ལ་བརྟག་ན་སྐབས་དེར་བཟོ་རིག་གི་ལག་རྩལ་ཕུན་སུམ་ཚོགས་པོ་ཡོད་པར་བདེན་དཔང་བྱེད་ཐུབ།

2014ལོའི་སྤྱི་ཟླ6-9བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་གྱིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་གནའ་རྫས་འཚོལ་ཞིབ་ཀྱི་ལས་ཀ་བསྒྲུབས་ཏེ། ཞང་ཞུང་རྒྱལ་རབས་སྐབས་ཀྱི་བང་སོ་ཡོད་པའི་ཡུལ་གཉིས་ནས་ས་དུར་གཅིག་དང་དོང་དུར་ལྔ་རྙེད་ཅིང་། རིག་དངོས་རྩ་ཆེན་འགའ་ལག་སོན་བྱུང་བའི་ཚོན་རིས་གྱིས་བཀྲ་བའི་རྫ་ཆས་སྐོར་དང་། འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་གོས་ཆེན་དང་ཁམ་མདོག་གི་དར་གོས་རྙིང་རོ། ལིའི་ལྷུང་བཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་འཇལ་གཏན་འབེབས་བྱས་རྗེས་དར་གོས་དེ་ཉིད་ད་བར་དུ་ལོ་ངོ1747ཡས་མས་དང་། མངའ་རིས་ཁུལ་གྱི་སྒར་རྫོང་གི་གུ་རུ་གྱམ་དང་རྩ་མདའ་རྫོང་གི་མཁར་ནུབ་ཀྱི་གླང་ཆེན་ཁ་འབབ་ལྷོ་འགྲམ་དུ་གནའ་བོའི་བང་སོའི་རིགས་མི་འདྲ་བ་གཉིས་ཙམ་གསར་དུ་རྙེད་པའི་པང་གཅལ་ཚོན་རིས་ཅན་དང་།རྫ་མ་ཚོན་རིས་ཅན། མཆོང་སོགས་ལ་བརྟག་ན་ལོ་ངོ1800ཡས་མས་ཀྱི་ལོ་རྒྱུས་ལྡན་ལ་དུས་སྐབས་དེ་ནི་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ལ་དབང་བསྒྱུར་བྱེད་པའི་བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཅེས་མིང་དུ་གྲགས་པ་རྣམས་ཀྱི་བང་སོ་དང་སའི་ཆར་གཏོགས་ནས་བསྔོགས་པའི་གནའ་ཤུལ་ཡིན་པས་སྐབས་དེར་རི་མོའི་ལག་རྩལ་ཚད་མཐོན་པོར་སླེབས་ཡོད་པ་ར་སྤྲོད་བྱེད་ཐུབ།སྤྱི་ལོའི་སྔོན་གྱི་ལོ་417སྔོན་དུ་སྤུ་རྒྱལ་གོང་གི་གདོད་མའི་བོན་དང་། གཡུང་དྲུང་བོན་སོགས་ཀྱི་སྐབས་སུ་བོད་ཀྱི་རི་མོ་ལ་འཕེལ་རྒྱས་གང་འཚམས་བྱུང་ཡོད་དེ། མདོ་དྲི་མེད་གཟི་བརྗིད་ཀྱི་གསུང་པོད་གཉིས་པ་དང་ལེའུ་དྲུག་པ་བཟོ་རིག་པ་བསྟན་པའི་སྐབས་སུ།བཟོ་ལ་རྣམ་པ་ལྔ་ཡིན་ཏེ།།དྲ་ཞིང་དྲུབ་དང་གཞོག་ཅིང་སྦྱང་།།བཞུ་ཞིང་བླུག་དང་བརྡུང་ཞིང་འཐར།།བྲི་ཞིང་བཀོད་དང་རྣམ་པ་ལྔ།།ཞེས་གསུང་སྟེ།དུས་རབས་བདུན་པའི་ཡར་སྔོན་དུ་བོད་རང་ལ་བཟོ་རིག་པའི་འབུམ་སྡེ་གསུམ་ཡོད་པ་དང་དེ་དག་ནི།བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ་དང་།སྲིད་པ་མི་བོ་རྒྱུད་ཀྱི་འབུམ།འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་གྱིས་མཚོན་པའི་རིག་པའི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་པ་ཡོད་པར་གྲགས་མོད།མིག་སྔར་ང་ཚོས་ཆུ་བུར་ཅན་གྱི་མིག་གིས་མཐོང་ཆོས་སུ་མ་གྱུར་བས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་ལུང་ཁག་ན་བཞུགས་པའི་བྲག་བརྐོས་ཀྱི་རི་མོ་བྱ་རུ་རྣམ་པ་ཅན་གྱི་མཆོད་རྟེན་སོགས་ཀྱིས་མཚོན་པའི་རི་མོ་རེ་གཉིས་ལས་རིག་པའི་གཞུང་ལུགས་དང་མྱོང་བ་ལག་ལེན་བཏབ་པའི་བྲིས་འབུར་སྒྱུ་རྩལ་གྱི་རིག་དངོས་མཇལ་དུ་མེད་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད་ན་ཡང་བོན་གྱི་ཤེས་རིག་དང་འབྲེལ་བའི་ས་དཔྱད་རི་མོ་དང་། རྩིས་ཀྱི་ལྡེའུ་རིས། ལྷག་པར་དུ་བོན་ཆོག་གི་གཏོར་གླུད་མདོས་སོགས་ལ་ཉེ་མཁོའི་རི་མོ་སྣ་ཚོགས་དར་ཡོད་པས། སྔར་གྱི་རི་མོ་དེ་ལ་རིགས་ཇེ་མང་དང་། མཛེས་ཉམས་ཇེ་ཆེ། སྤུས་ཀ་ཇེ་ལེགས་སུ་སོང་ནས་སྐབས་དེར་བོད་ཀྱི་རི་མོ་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཀྱང་བྱུང་ཡོད་པ་གོ་སླ། མདོར་ན་བོད་ཀྱི་རི་མོའི་རིག་གནས་ཀྱི་འགོ་ཁུངས་ནི་རྒྱ་དཀར་ནག་སོགས་ཡུལ་གྲུ་གཞན་གང་ལའང་ཐུག་མེད་པར། སྤྱི་ལོའི་སྔོན་གྱི་ལོ་15000ལོ་སྟེ་རྡོ་ཆས་གསར་མའི་དུས་རབས་འགོ་ཟིན་པ་ནས་བཟུང་བོད་ལ་དར་བའི་གནའ་རབས་ཀྱི་རི་མོ་དང་། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་15000གོང་གི་བོད་རང་གི་གདོད་མའི་ཤེས་རིག་ཁོ་ན་ལ་ཐུག་ཡོད་པ་ནི་གདོན་མི་ཟའོ།།

གསུམ།  རྒྱ་གར་དུ་རི་མོའི་ལུགས་ཇི་ལྟར་བྱུང་བའི་སྐོར།

སྔོན་ཚེ་ལོ་འབུམ་ནས་མར་བྲི་བའི་བསྐལ་པ་དང་པོའི་དུས་ཀྱི་མིའི་བདག་པོ་འཇིགས་ཐུལ་ཞེས་བྱ་བས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས་མི་རྣམས་ཀྱིས་ཚེ་ལོ་འབུམ་དུ་ཡར་འཕེལ་ཏེ་བདེ་བར་གནས་པར་གྱུར་པ་ན། རྒྱལ་པོས་དཀའ་ཐུབ་ཀྱི་བརྟུལ་ཞུགས་སྤྱད་ནས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ་པར་གྲགས་ལ། དེ་ནས་ལྷ་ཡི་རྒྱལ་པོ་ཚངས་པས་ཀྱང་ཁོང་ལ་བསྟན་བཅོས་ཐམས་ཅད་ཤེས་པ་དང་། ལྷའི་དམག་དང་མཚོན་ཆ་དག་ཀྱང་མི་ཡུལ་དུ་མི་ཕེབས་པའི་མཆོག་བྱིན་པར་གྲགས་ལ། དེའི་ཚེ་ན་བྲམ་ཟེའི་བུ་གཞོན་ནུ་ གཅེས་པར་ཞེས་བྱ་བ་ཞིག་བློ་བུར་དུ་ཤི་བས། བྲམ་ཟེ་དེས་རྒྱལ་པོ་ཁྱོད་ཀྱི་རྒྱལ་སྲིད་ཆོས་བཞིན་དུ་མ་བསྐྱངས་བའི་རྐྱེན་གྱིས་འབངས་དུས་མིན་དུ་འཆི་བས་ཉེན་ཏེ་བདག་གི་བུ་ཤི་བར་འགྱུར་རོ། གལ་སྲིད་བདག་གི་བུའི་རོ་འདི་རྒྱལ་པོ་ཁྱེད་ཀྱི་གསོན་པོ་སློང་བར་མ་བྱས་ན་ཁོ་བོ་འདི་ལྕེབ་ནས་འཆི་བ་བྱའོ་ཞེས་བརྗོད་པས།  རྒྱལ་པོས་ཐབས་གཞན་མ་རྙེད་པར་བྲམ་ཟེ་དེ་ཁྲིད་ནས་འཆི་བདག་གཤིན་རྗེའི་དྲུང་དུ་ཕྱིན་པ་ན་ཕྱག་འཚལ་ནས་བྲམ་ཟེའི་བུ་སྩལ་དུ་གསོལ་བ་དང་། གཤིན་རྗེ་ཆོས་རྒྱལ་གྱིས་བདག་ལན་པར་མི་འགྱུར་བས་བྲམ་ཟེའི་བུ་ཁོ་རང་ལས་ཟད་ནས་འཆི་བར་ཡིན་ནོ་ཞེས་སྨྲས་པ་དང་། རྒྱལ་པོའི་སླར་ཡང་བྱིན་ཅིག་ཅེས་བརྗོད་པ་ན་གཤིན་རྗེའི་མི་རུང་ངོ་ཞེས་མ་གནང་བས་མཐར་རྒྱལ་པོ་གཉིས་ཕན་ཚུན་གཡུལ་གཤམས་ནས་མཚོན་ཆའི་ཆར་ཕབ་པ་ན་རྒྱལ་པོའི་ལྷའི་མཚོན་གྱིས་གཤིན་རྗེའི་འཁོར་ཐམས་ཅད་ཕམ་པར་མཛད་དེ།  གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དབྱུག་པ་ཐོགས་པ་དང་། རྒྱལ་པོས་ཀྱང་དབྱུག་པ་ཚངས་མགོ་ཅན་ཐོགས་ཏེ་ཐམས་ཅད་ཀྱང་འཇིགས་སྐྲག་གིས་ཉེས་པ་ན།  ལྷ་ཚངས་པས་ལྷའི་མིག་རྣམ་པ་དག་པས་གཟིགས་ནས་དེར་གཤེགས་ཏེ་ཐམས་ཅད་ལས་སུ་ཟད་དེ་འཆི་བ་ལས་གཤིན་རྗེའི་ལན་པར་མི་འགྱུར་རོ།།དེ་ལྟར་ནའང་བྲམ་ཟེའི་བུ་རི་མོ་ཕྲིས་ཤིག་ཅེས་རྒྱལ་པོ་ལ་སྐུལ་བ་དང་།  རྒྱལ་པོས་ཀྱང་ཚངས་པའི་བཀའ་ལྟར་བྲམ་ཟེའི་བུ་ཇི་ལྟར་བ་བཞིན་རི་མོ་བྲིས་པས་ལྷ་ཚངས་པས་བྱིན་གྱིས་བརླབས་ཏེ་བྲམ་ཟེའི་བུ་སློང་ནས་བྲམ་ཟེ་ལ་གཏད། དེ་ལྟར་རི་མོ་ཐོག་མར་འབྲི་བའི་སྲོལ་དེ་ནས་བྱུང་བ་ཡིན་པས་དང་པོར་འབྲི་བ་ཞེས་རྒྱལ་པོ་ལ་མིང་དེ་ལྟར་ཐོགས་པར་གྲགས།  སླར་ཡང་རྒྱལ་པོ་ཚངས་པའི་འཇིག་རྟེན་དུ་སོང་ནས་རི་མོ་ཇི་ལྟར་འབྲི་ཚུལ་ཞུས་པས། ཚངས་པས་འདི་ལྟར་ཏེ། རི་ཡི་མཆོག་ནི་རི་རབས་ཡིན། །སྒོང་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོའི་སྒྱུ་རྩལ་གཙོ། །ཞེས་བརྗོད་པ་ལ་བརྟེན་ལྷའི་བཟོ་བོ་བི་ཤྭ་ཀརྨས་ལུང་བསྟན་པ་ལྟར་འཁོར་ལོའི་སྒྱུར་བའི་ཚད་གཙོ་བོ་བྱས་ཏེ་ཚད་དང་མི་ལྡན་པའི་ཉེས་དམིགས།  ལྡན་པའི་ཕན་ཡོན་སོགས་དང་། ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ་ཞེས་མཛེས་བཟོ་གཙོ་བོ་བྱས་ཏེ་གནའ་རབས་རྒྱ་གར་ཤར་ནུབ་ཀྱི་རི་མོ་མཁན་རྣམས་ཀྱིས་ཡུལ་དེའི་རྒྱལ་པོ་དང་བཙུན་མོའི་ཆ་བྱད་གཞིར་བཟུང་ནས་དེ་ལ་རྒྱན་གྱི་ཁྱད་པར་སྦྱོར་བ་ལས་མཛེས་རྩལ་གྱིས་བསམ་བློའི་འདུ་ཤེས་བསྒྱུར་ནས་ལྷའི་མངོན་ཞེན་མ་ལྡོག་པར་དད་པའི་རྟེན་དུ་གྱུར་པ་དང་།  དེ་བཞིན་དུ་རྒྱལ་ངན་དང་བྲམ་ཟེ་གདོལ་བའི་རིགས་སོགས་མི་སྡུག་པའི་གཟུགས་དང་ལང་ཚོ་གཞིར་བཟུང་ནས་དེ་ཉིད་ཁྲོ་བའི་རྣམ་པར་དམིགས་ཡུལ་དུ་བྱས་ཏེ་མི་ལྤགས་ཀྱི་གཡང་གཞི་དང་མི་མགོ་སྐམ་རློན་གྱི་དབུ་རྒྱན་དང་དོ་ཤལ། ཁྲག་གི་ཐིག་ལེ་དང་ཞག་གི་ཟོར་རིས་ཐལ་ཆེན་གྱིས་ཚོམ་བུ་བྱས་པའི་རི་མོར་བགྱིས་པས་བདུད་དང་སྲིན་པོའི་རྣམ་པར་རློམ་ནས་འཇིགས་སྣང་བསྐུལ་བ།   སྐྱོ་ངལ་གྱིས་གདུང་བ་དང་ཟས་གོས་དང་ནད་ཀྱི་ཉེས་ཤིང་ཉམ་ང་བའི་སེམས་ཅན་གྱི་རིགས་སྣ་ཚོགས་དམིགས་ཡུལ་དུ་བྱས་ཏེ་སྐྲ་ལིངས་བ་ཤ་སྐམ་པ་ཡན་ལག་ཕྲ་བ་མདོག་ངན་པ་སོགས་བཟོ་རྩལ་གྱི་རི་མོའི་ཉམས་ལ་བརྟེན་ནས་ཡི་དྭགས་དང་གདོན་འདྲེའི་གཟུགས་ཀྱི་སྣང་བ་བསྒྱུར་ནས་ཡིད་སྐྱོ་བས་དྲངས་བའི་བསམ་བློའི་གོམས་གཤིས་རྒྱུན་འཇགས་སུ་གྱུར་ཏེ་དམངས་དད་དང་ལྷ་འདྲེའི་ཕན་གནོད་སོགས་རྣམ་རྟོག་གི་ལྷན་པ་འདེབས་ཤིང་བག་ཆགས་ཀྱི་ས་བོན་སེམས་ལ་ཉར་བ་ཡིན་ནོ།།   

གཞུག་ཏུ་བདག་ཅག་གི་སྟོན་པ་བྱོན་ནས་འཁོར་རྣམས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བརྟེན། སྐབས་དེར་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་མཐའ་འཁོབ་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ནས་རིན་པོ་ཆེའི་ཁྲབ་རིན་ཐང་ཅན་ཞིག་སྐྱེས་སུ་བསྐུར་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་དེའི་སྐྱེས་ལན་སྟོན་པའི་སྐུ་རས་ལ་བྲིས་ནས་བསྐུར་བ་བརྩམ་པ་ན་སྟོན་པའི་སྐུའི་མཚན་དཔེའི་གཟི་བྱིན་འབར་བར་ལྟ་བས་མ་བཟོད་ནས་བཟོ་བོས་འབྲི་མ་ནུས་པར་ཁྲུས་རྫིང་གི་ཉེ་འགྲམ་དུ་སྟོན་པ་བཞུགས་པའི་ཆུ་ནང་དུ་སྟོན་པའི་གཟུགས་སྐུ་ཤར་བ་ཇི་ལྟར་བ་བཞིན་རས་ལ་བྲིས་ཏེ་སྟེང་འོག་ཏུ་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་སྲིད་པར་འཕོ་ཚུལ་རིགས་དྲུག་གི་ལས་སྣང་བཅས་བྲིས་པ་བསྐུར་བས་རྒྱལ་པོ་ཨུ་ཏྲ་ཡ་ན་སོགས་འདིའི་གདུལ་བྱ་སྐལ་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པས་འདི་མཇལ་བ་ལ་བརྟེན་ནས། འཁོར་བ་འདིར་བདེ་སྡུག་རྒྱུ་འབྲས་སུ་གྲུབ་པར་ཁོང་དུ་ཆུད་ཅིང་བླང་དོར་འབྱེད་པའི་བློ་གྲོས་ཀྱི་མིག་དྲི་མ་མེད་པ་ལེགས་པར་ཐོབ།   འདི་ལ་ད་ལྟའི་ལྷ་བཟོ་རྣམས་ཀྱིས་སྟོན་པའི་ཆོས་གོས་ལ་ཆུ་རིས་ཀྱི་རི་མོ་ལྟར་བྲིས་ཡོད་པ་དེ་ཡིན་ཞིང་འདི་ལ་སྟོན་པ་ཆུན་ལོན་མ་ཞེས་གདགས་གཞི་དེ་བྱུང་བ་ཡིན།  འདུལ་བ་ལུང་རྣམ་འབྱེད་ལས། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་སྐབས་སུ། སྡོམ་ལྡན་བསླབ་ཁྲིམས་ལས་གཡེལ་རིགས་གང་དག་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས་འདུལ་སྐལ་ཅན་རྣམས་ལ། རིགས་དྲུག་སོ་སོར་བསྐོར་བའི་གཟིགས་ཚུལ་རྣམས་བཤད་དེ་འདུལ་དུ་གནང་བའི་སྐབས་ཤིག་ལ། སྟོན་པས་ཀུན་དགའ་བོ་ལ་དུས་རྟག་ཏུ་མཆོག་ཟུང་གཉིས་ལྟ་བུ་མི་འབྱུང་བས་དེའི་ཚབ་ཏུ་ཐབས་གཞན་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་དགོས་ཞེས་སྐུལ་བ་དང་། དེ་དག་གི་མཚོན་དོན་གཞན་ལ་ལེགས་པར་འཆད་མཁན་ཡང་འཇོག་དགོས་ཞེས་བཀའ་གནང་བ་དེ་ནི་དེང་སང་དགོན་སྡེ་ཁག་གི་གཙུག་ལག་ཁང་གི་སྒོ་འགྲམ་རིགས་དྲུག་གི་གནས་སྲིད་པ་འཁོར་ལོ་ཆ་ལྔའི་འབྲི་སྲོལ་འདི་འབྱུང་བ་ཡིན། ཡང་སྟོན་པ་སེར་སྐྱའི་གྲོང་དུ་བཞུགས་ནས་ཆོས་གསུངས་པའི་ཚེ་མེད་ཆེན་གྱི་ཆུང་མས་འབངས་མོ་རོ་ཧི་ཏ་ཞེས་པ་དེ་ཉིད་དོ་ཤལ་ལེན་དུ་བཏང་བར་ལམ་དུ་བ་དྲུས་མས་བརྡུངས་ནས་འཆི་བ་ལ་ཐུག་སྟེ་ཁོ་མོ་སངས་རྒྱས་ལ་དད་པའི་སྟོབས་ཀྱིས་ཤི་མ་ཐག་སེངྒ་ལའི་རྒྱལ་པོ་དེ་ཡིས་བཙུན་མོའི་མངལ་དུ་ཞུགས་ནས་བཙས་པ་ན་མུ་ཏིག་གི་ཆར་བབས་ཏེ་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་དུ་བཏགས་པས།  བུ་མོ་དེས་ཡུལ་དབུས་ཀྱི་ཚོང་དཔོན་རྣམས་ཀྱི་ཞལ་ནས་སངས་རྒྱས་ཀྱི་གཏམ་ཐོས་པས་ཤིན་ཏུ་དད་པ་གྱུར་ཏེ་ཚོང་དཔོན་ཞིག་ལ་བཅོམ་ལྡན་འདས་ལ་འཕྲིན་ཡིག་བསྐུར་བ་དང་།  བཅོམ་ལྡན་འདས་ཀྱི་རས་ཀྱི་ངོས་སུ་འོད་ཟེར་བཀྱེ་བ་ལྟར་རི་མོ་བས་བྲིས་པ་དང་།  དེའི་མཐར་བཀའི་ཚིགས་བཅད་བཅས་སྐྱེས་ལན་དུ་བསྐུར་བ་མཐོང་བས་བུ་མོ་དེ་མི་ཕྱེད་པའི་དད་པ་བརྟས་ནས་བདེན་པ་མཐོང་བ་གྲགས།  དེ་ལ་ཐུབ་པ་འོད་ཟེར་མ་ཞེས་ཡོངས་སུ་གྲགས།  དེང་སང་ལྷ་བཟོ་རྣམས་ཀྱི་སྟོན་པའི་སྐུ་རྒྱབ་འོད་ཀྱི་དྲ་བ་ལྟར་བྲིས་ཡོད་པ་དེ་ཡིན།

སྤྱིར་རྒྱ་གར་གྱི་རི་མོ་རྣམས་ཡུལ་གྱི་གོམས་སྲོལ་ལ་ལྟོས་ནས་དེའི་བྱད་གཟུགས་རི་མོའི་ལམ་ནས་མཚོན་པར་བྱས་པ་ཞིག་ཡིན་ཏེ།  སྔོན་རྒྱ་གར་རང་སར་གྱི་རྒྱལ་པོ་དང་བཙུན་མོའི་ཆ་བྱད་དང་བསྟུན་ནས་ལྷ་ཡི་གཙོ་བོའི་གཟུགས་རིས་རྣམས་ཀྱང་དེ་དང་དེའི་རྣམ་པར་ཇི་ལྟར་བྲིས་ཡོད་པ་དང་།  དགེ་སློང་དང་ཁྱིམ་བདག་བྲམ་ཟེའི་ཆ་བྱད་ལ་ལྟོས་ནས་འཁོར་གྱི་རྣམ་པ་བཀོད་པ་དང་། ཁ་ཟས་དང་རྒྱན་གོས་ཡོ་བྱད་སོགས་མཆོད་པའི་བྱེ་བྲག་རྣམས་དང་། ཤིང་རྟ་དང་གླང་པོ་ཆེ་སོགས་སྲོག་ཆགས་ཀྱི་རིགས་རྣམས་ཡུལ་དུས་ཀྱི་དངོས་སྣང་འཚོ་བའི་གོམས་གཤིས་དང་མཐུན་པར་བསམ་པའི་འཁྱེར་སོ་མ་ཉམས་པར་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བཞེངས་བསྐྲུན་བྱས་པ་ཞིག་ཡིན་ལ།  སྔོན་གྱི་དུས་སུ་རི་མོའི་ལག་རྩལ་ལ་བྱང་ཚད་ཀྱི་ཁྱད་པར་ཙམ་ལས་སྤྱི་མཐུན་གྱི་འདི་ཡིན་ཞེས་པའི་ཐིག་རྩ་ཞིག་ཡོད་པ་མ་མཐོང་བས། ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པ་བྱོན་ནས་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཐབས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ། སྐུ་གསུང་ཐུགས་ཀྱི་ངོ་བོར་བརྟེན་གཞལ་ཡས་ཁང་གི་རྣམ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྟེན་པ་ལྷ་ཡི་རྣམ་བཞག་སོགས་གསལ་བར་གསུངས་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་ལ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་རྒྱུད་ལ་སྐྱེ་བའི་ཐབས་ཡི་དམ་གྱི་ལྷ་མཉེས་པར་མ་བྱས་ན་དངོས་གྲུབ་ཐོབ་པར་མི་འགྱུར་བས།  ཡི་དམ་གྱི་ལྷ་དེ་ཉིད་དག་སྣང་སྦྱངས་བྱེད་དུ་འགྱུར་བས་ཚད་དང་ལྡན་པ་ཞིག་དགོས་ཏེ། དེའང་ལས་དང་པོ་པས་བྲིས་སྐུ་སོགས་ལ་རྟེན་ནས་བསྐྱེད་རིམ་ལ་གསལ་སྣང་ཐོན་པའི་ཐབས་སུ་སྐུ་རྟེན་ཚད་དང་ལྡན་པ་བཞེངས་པ་བྱ་བ་ལ། བདེ་མཆོག་སྡོམ་འབྱུང་ལེའུ་སུམ་ཅུ་པ་ལས་ལྷ་ཡི་རི་མོ་གཟུགས་དག་གི། ཁྱོན་དང་གཟུགས་ཀྱི་མཚན་ཉིད་དོ། །ཚངས་པའི་རི་མོའི་གཟུགས་ཀྱི་སྔར། །ཆ་ལྔ་དག་ནི་གདན་ཡིན་ནོ། །སྐུ་ནི་དུམ་བུ་གསུམ་ཅན་གྱི། །ཞེས་སོཊ་ཀྱིས་སོར་མོ་བརྒྱ་ཉི་ཤུ་པ་ལས་དབྱེ་བའི་ཐལ་མོ་བཅུ་གཉིས་པ། བཅུ་པ། དགུ་པ་སོགས་གསལ་བར་གསུངས་ཡོད་པ་དང་།  དུས་འཁོར་སྡོམ་འབྱུང་ལྟར་ན། །གསུམ་པ་བཞི་པ་ཐལ་མོ་དགུ་བརྒྱད་དེ། །མདོ་རྒྱུད་དངོས་བསྟན་ཡིན་གྱི་བསྒྲིམས་ཏེ་འབད། །དེ་དག་ལ་འཇལ་བྱེད་ཀྱི་བརྡ་ཁྱད་ཀྱང་། སྐུ་གཟུགས་དེ་ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གསུམ་མམ་བཅུ་གཉིས་རེ་ལ་ཞལ་ཚད་གཅིག་ཟེར། ཞལ་ཚད་དེ་ལ་མཐོ། ཐལ་མོ། མཐིལ། ཆ་ཆེན་ཏེ་མིང་གི་རྣམ་གྲངས་ལྔ། ཞལ་ཚད་ཆེ་ཆུང་དེ་དག་རྒྱུད་ཀྱི་ལུགས་གཉིས་སྐབས་དང་སྦྱར་བ་ཡིན་ནོ། །རང་སོར་གཅིག་ལ་ཆ་ཆུང་། དེའི་བཞི་ཆ་ལ་རྐང་པ། བརྒྱད་ཆ་ལ་ནས་ཞེས་བྱ་ཞིང་། དེས་གཞལ་བའི་ཆ་ཚད་རྩ་བ་ནི་རྣམ་པ་ལྔ་སྟེ། དང་པོ་བརྒྱ་དང་ཉེར་ལྔ་པ། གཉིས་པ་བརྒྱ་དང་ཉི་ཤུ་པ་གཉིས་དུས་འཁོར་དང་སྡོམ་འབྱུང་གི་ལུགས་ལྟར་དང་། གསུམ་པ་དང་བཞི་པ་ནི་ཐལ་མོ་དགུ་པ་དང་བརྒྱད་པ་སྟེ། ལྷའི་ཆ་ཚད་བཞི་པོ་འདི་དག་མདོ་རྒྱུད་ཀྱི་དངོས་བསྟན། མཁས་པའི་རིག་བཟོས་མ་བསླད་པ་ཡིན་པས་བློ་ལྡན་རྣམས་བསྒྲིམས་ཏེ་འབད་པར་བྱའོ་ཞེས་སོ། ཀོང་སྤྲུལ་རིན་པོ་ཆེའི་ཞལ་ནས་ཀྱང་། གཤེགས་སེམས་ཁྲོ་དང་ཆགས་བྲལ་གང་འོས་སྦྱར།།བཞི་པ་ཤིན་ཏུ་ཁྲོས་པ་རྣམས་ལའོ། །ཐལ་མོ་དྲུག་པ་ཕྱིས་བྱུང་བོད་ཀྱི་ལུགས།།ཆ་ཚད་གསུམ་པོ་དེ་ནི་གཤེགས་པ་དང་གཤེགས་མ། སེམས་དཔའ་སེམས་མ། དཀྱིལ་འཁོར་གྱི་གཙོ་བོ་ཁྲོ་བོ་ཁྲོ་མོ། མཆོག་ནི་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་སོགས་གང་ལ་གང་འོས་རིགས་པས་དཔྱད་དེ་སྦྱར་ཞིང་། ཆ་ཚད་བཞི་པ་དེ་ནི་ཤིན་ཏུ་ཁྲོས་པ་སྟེ་གཤིན་རྗེ་གཤེད་དང་ཕྱག་རྡོར་ལ་སོགས་པ་རྣམས་ལ་སྦྱར་བར་བྱའོ། །ཆ་ཚད་ལྔ་པ་ཐལ་མོ་དྲུག་པའི་ཚད་ཀྱིས་ནག་པོ་ཆེན་པོས་མཚོན་ཕོ་ཉ་སྲིན་པོའི་གཟུཊ་ཅན་སོགས་འབྲི་བར་བཤད་པ་དང་། མ་ཧཱ་ཀཱ་ལ་ཞལ་ཚད་གསུམ་པར་བཤད་པ་སོགས་རྒྱུད་དོན་མཁས་པའི་དགོངས་པ་འདི་དག་ལ་རྟེན་ནས་རྒྱ་གར་དང་བལ་པོའི་ལྷ་བཟོ་རྣམས་ཀྱི་ཐིག་ཚད་ལ་གཞལ་ནས་སྐུ་གཟུགས་བཞེངས་པའི་ལུགས་འདི་ཕྱིས་སུ་བྱུང་བ་ཡིན་ཞེས་གསུངས་པ་དང་།   གོང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་ཇི་ལྟར་བྱུང་བ་བཞིན་སོར་མོའི་ཚད་ཀྱི་ཞལ་ཚད་དང་ཆ་ཆེན་ཆ་ཕྲན་སོགས་བགོས་ནས་ཐིག་ཁོག་སྦྲེལ་བའི་རྒྱ་བལ་ལུགས་ཀྱི་སྐུ་གཟུགས་འབྲི་བཞེངས་ཀྱི་སྲོལ་དེ་ལ་རྟེན་ནས་ཕྱིས་སུ་བོད་ཀྱི་ལྷ་བྲིས་པ་དག་གི་རྒྱུན་འཛིན་བྱས་པ་ཡིན་ནོ།།

བཞི། བོད་དུ་རི་མོའི་དར་ཁྱབ་ཇི་ལྟར་བྱུང་བ།

བོད་ཡུལ་འདིར་རི་མོའི་དར་ཁྱབ་ཇི་ལྟར་བྱུང་བ་ནི་རྒྱ་གར་འཕགས་པའི་ཡུལ་ནས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་རྒྱུད་སྡེ་ཆེན་པོ་བཞི་སོགས་དམ་པའི་ཆོས་ཇི་སྙེད་ཅིག་གསུངས་པའི་མདོ་སྔགས་ཟུང་གི་དགོངས་དོན་རྣམས་གསལ་བར་བཀྲ་བའི་འཛམ་གླིང་མཁས་པའི་རྒྱན་དྲུག་མཆོག་གཉིས་དང་།  གྲུབ་ཆེན་བརྒྱད་བཅུ་འཕགས་པའི་གནས་བརྟན་བཅུ་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བཀའ་བསྡུ་མཛད་ནས་བཤད་སྒྲུབ་ཀྱི་བསྟན་པ་འཆད་ཉན་སྤེལ་གསུམ་གྱི་དར་ཞིང་རྒྱས་པ་མཛད་པ་ལ་བརྟེན།   འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་རང་གཟུགས་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱང་ཕྱོགས་ཁ་བ་ཅན་གྱི་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཞབས་སོར་བཀོད་དེ་གནས་སྐབས་དང་མཐར་ཐུག་གི་བདེ་བའི་རྒྱུ་ལ་དམིགས་ནས་ཆོས་སྲིད་གཉིས་ཀྱི་བསྟན་འགྲོའི་དོན་ལ་བོད་གཅིག་འགྱུར་གྱི་དབང་བསྒྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ལ་འབད་ནས་སྤྱི་ལོ་633་པའི་ཆུ་སྦྲུལ་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་སཾ་བྷོ་ཊ་སོགས་བོད་ཕྲུག་མཛངས་མ་བདུན་འཕགས་ཡུལ་དུ་ཆོས་དང་རིག་གཞུང་སོགས་སྦྱོང་བར་བཏང་ནས་སློབ་དཔོན་ཐོན་མི་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་ནས། དེའི་ཚེ་སྒྲ་དང་ཡི་གེར་མཁས་པ་བྲམ་ཟེ་ལི་བྱིན་ལ་གསེར་རྣམས་ཕུལ་ནས་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཅིང་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས། དེ་ནས་བྲམ་ཟེའི་བཀའ་བཞིན་པཎ་ཌི་ཏ་ལྷ་རིག་པའི་སེངྒེ་བསྟེན་ནས་སྒྲ་དང་ཚད་མ། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་བཅས་པ་སྦྱངས། དེ་ལྟར་ཐོན་མི་རྒྱ་གར་དུ་ལོ་བདུན་གྱི་བར་བཞུགས་ནས་ཕྱིར་བོད་དུ་ལོག་པའི་ཚེ། སྒྲ་རིག་པའི་བསྟན་བཅོས་དག་དང༌། འདུས་པ་རིན་པོ་ཆེའི་ཏོག ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག །དགེ་བ་བཅུའི་མདོ་ལ་སོགས་པ་གདན་དྲངས་པ་དང༌། རྒྱ་གར་རྒྱལ་པོའི་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྐྱེས་ལེན་བསྐུར་བའི་མདོ་སྡེ་དཀོན་མཆོག་སྤྲིན། དམ་ཆོས་པད་དཀར། གཙུག་ཏོར་དྲི་མེད་ཀྱི་གཟུངས། ནོར་བུ་ཀཻ་ཏུ་སྟེ་འོད་ཟེར་ཅན་ཞིག་བསྐུར་་བ་རྣམས་བསྣམས་ནས་བྱོན། དེ་ནས་ཆོས་རྒྱལ་གྱིས་དགའ་སྟོན་མཛད་ཅིང་ཆོས་རྒྱལ་རང་ཉིད་ཀྱིས་ཀྱང་ལོ་གསུམ་གྱི་བར་མཚམས་བཅད་ཀྱིས་སྐུ་མཁར་ཕ་བོང་ཁར་བཞུགས་ནས་ཡི་གེ་སྦྱངས་ཤིང༌། བློན་འབངས་དག་ལ་ཡང་སྦྱོང་དུ་གཅུགས་པས་བོད་གངས་ཅན་གྱི་ལྗོངས་སུ་རིག་གནས་ཀུན་གྱི་གཞི་མ་ཡི་གེ་དར་ཁྱབ་བྱུང༌། ཐོན་མི་དེ་བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་བགྲངས་པ་ཡིན་མོད་ཀྱང༌། དེ་དག་གཞན་ལས་ལྷག་པ་བོད་ལོང་བའི་གླིང་དུ་ཡི་གེའི་མིག་འབྱིན་པར་བྱེད་པོ་ཡིན་པས་གཞན་ལས་བཀའ་དྲིན་ལྷག་པར་དུ་ཆེ།  དེ་ནས་བཟུང་ཡི་གེ་ལ་བསྟེན་ནས་རི་མོའི་རིག་གནས་ཀྱི་སྒྱུ་རྩལ་ཡང་དར་ཁྱབ་དང་འཕེལ་རྒྱས་ཆེ་རུ་ཕྱིན་ཡོད་དེ།  སྤྱིར་ཡི་གེ་འབྲི་བ་དེ་ཡང་རི་མོའི་ཁོངས་སུ་འདུས་པ་དང་དཔེ་ཆའི་གཞུང་གསུང་རབ་ཀྱི་བརྗོད་བྱ་བྱས་པ་གང་དེ་བཟོ་རིག་པའི་ལམ་ནས་གཟུགས་རིས་སུ་ཕབ་པ་ཞིག་ཡིན་ཏེ།  འཕགས་ཡུལ་ནས་གདན་དྲངས་བའི་མདོ་རྒྱུད་ཀྱི་དགོངས་དོན་རྣམས་ཐིག་དང་རྡུལ་ཚོན་གྱི་ལམ་ནས་བརྟེན་ཕྱི་གཞལ་ཡས་ཁང་གི་རྣམ་པ་དགོད་པ་དང་།  རྟེན་པ་སྐུ་གསུང་ཐུགས་ཀྱི་ངོ་བོར་ནང་ལྷག་པའི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བཀོད་པ།  གཞན་ཡང་བཟོ་རྩལ་གྱི་ལམ་ནས་ཕྱི་བསྐྱེད་པའི་རིམ་པ་གདན་གསུམ་ཚང་བའི་ལྷ་ཚོགས་གཙོ་འཁོར་གྱི་རྣམ་པར་བཞེངས་པ།  ནང་རྫོགས་པའི་རིམ་པ་ཕྲ་ཐིག་རླུང་གསུམ་དཔའ་བོ་དང་མཁའ་འགྲོའི་གཟུགས་སུ་བཞེངས་པ།  མདོར་ན་སྣང་སྲིད་སྣོད་བཅུད་སོགས་མཐོང་ཐོས་དྲན་རེག་གི་ཆོས་སོ་ཅོག་བྲིས་འབུར་གྱི་ལམ་ནས་དངོས་པོ་གང་དང་གང་ཡིན་པ་དེ་དང་དེའི་རྣམ་པ་རི་མོ་དང་འདྲ་གཟུགས་སུ་བཞེངས་པའི་སྲོལ་བྱུང་བ་ཡིན།  གཞན་ཡང་སྤྱི་ལོ་632ཏེ་ཆུ་འབྲུག་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ནས་རྒྱལ་པོའི་དགྱེས་སྟོན་གྱི་མཛད་སྒོའི་སྐབས་རྐང་རྩལ་འགྲན་པ་དང་། རྡོ་བསྒྱོགས་འཕེན་པ་ཤུགས་སྐོར་སོགས་འགྲན་རྩེད་བྱས་པའི་རྣམ་པ་མང་པོ་ དེའི་དུས་བལ་པོའོ་ལྷ་བཟོ་མང་པོ་གདན་འདྲེན་བྱས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་མོ་བཞེངས་ནས་དེའི་ལྡེབས་ཞལ་ངོས་བྲིས་ཡོད་པ་གྲགས་ལ། གཙུག་ལག་ཁང་ཆེན་མོ་དེ་ཐོག་མར་བཞེངས་སྐབས་ས་དཔྱད་མཁན་རྣམས་ཀྱི་བོད་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་དབྱིབས་དང་མཚུངས་ཤིང་འོ་ཐང་གི་མཚོ་དེ་སྲིན་མོའི་སྙིང་ཁྲག་ངན་སོང་གི་སྒོ་ཡིན་པར་གཟིགས་ནས་དེ་བསུབས་ནས་ལྷ་ཁང་བརྩིག་དགོས་པར་བསྟན་པ་དང་།  གཞན་ཡང་སྲིན་མོའི་དཔུང་མགོ་གཉིས་དང་།  དཔྱི་མགོ་གཉིས་ཏེ་ཚིགས་ཆེན་བཞི་དང་གྲུ་མོ་གཉིས་དང་པུས་མོ་གཉིས་ཏེ་ཚིགས་ཕྲན་བཞི།  ལག་མཐིལ་གཉིས་དང་རྐང་མཐིལ་གཉིས་ཏེ་མཐིལ་ཆེན་བཞི་བཅས་གནོན་པའི་ཆེད་དེ་དག་ལ་ལྷ་ཁང་རེ་བཞེངས་དགོས་པ་དང་།  ར་མོ་ཆེ་ན་ཀླུ་བདུད་ཀྱི་ཕོ་བྲང་ཡོད་པས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཡིས་གནོན་པར་བཤད།  དེའི་དུས་རྒྱལ་བལ་གྱི་འབྲེལ་བ་ཆེས་ཟབ་པའི་དུས་རིམ་ནང་ལྷ་ཁང་དེ་དག་དང་དབུས་གཙང་གི་ཡུལ་གྲུ་ཁག་གང་སར་ཕོ་བྲང་དང་གཙུག་ལག་ཁང་རྣམས་སུ་བལ་པོའི་ཡུལ་ནས་རིག་བྱེད་ལ་མཁས་པའི་ལྷ་བཟོ་མང་པོ་བཀུག་པ་རྣམས་ཀྱིས་བྲིས་པའི་ལྡེབས་རིས་ཁྱབ་རྒྱ་ཆེར་བྱུང་བ་དང་།    དེ་རྗེས་སུ་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་ནས་བོད་ལ་ཕེབས་པ་དང་སླར་ཡང་སྐབས་དེར་གླང་ཆེན་བྲེས་སུ་ཉལ་བ་ལྟ་བུའི་དམར་པོ་རི།  སེང་གེ་གནམ་ལ་འཆོངས་པ་ལྟ་བུའི་ལྕགས་པོ་རི།  སྟག་མོ་ཚང་དུ་འཛུལ་བ་ལྟ་བུའི་བ་མ་རི་བཅས་རི་བོ་ཆེན་པོ་གསུམ་གྱི་སྟེང་ཕོ་བྲང་རེ་བཞེངས་པར་གྲགས་པའི་ནང་བལ་པོའི་ལྷ་བཟོ་རྣམས་ཀྱིས་སྨན་འཇིམ་དང་འདག་སྐུ་ལྡེབས་རིས་སོགས་མཛེས་རྩལ་གྱི་ ཕྱག་རྗེས་བོད་ཡུལ་ཀུན་ཏུ་ཁྱབ་པར་གྲགས།  དེ་རྗེས་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་མཁན་ཆེན་བྷོ་ངྷི་ས་ཏྭ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་རྗེས་སློབ་དཔོན་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྲུབ་པའི་གཙུག་ལག་ཁང་ས་དཔྱད་ལ་བརྟགས་ནས་ཆུ་སྟག་ལོར་རྨང་བཏིངས་ཏེ་ལོ་གསུམ་ལ་ལེགས་པར་ཡོངས་སུ་གྲུབ་། གཙུག་ལག་ཁང་འདི་ནི་ཐོག་བརྩེགས་རིམ་པ་གསུམ་པ་དང་ལྡན་ཞིང་། མཐའ་བཞི་ལྩགས་རིས་བསྐོར་ལ་གླིང་བཞིར་གླིང་ཕྲན་གྱིས་བརྒྱན་པ་སྟེ་། ཤར་སྟོད་དུ་སད་མི་བདུན་རབ་ཏུ་བྱུང་གནས་རྣམ་དག་ཚུལ་ཁྲིམས་གླིང་དང་། ཤར་དབུས་སུ་ཆོས་དཔྱད་བྱ་ཡུལ་མཁྱེན་རབ་བྱམས་དཔལ་གླིང་། ཤར་སྨད་དུ་བརྡ་དག་གླིང་། ལྷོ་སྟོད་དུ་བདུད་འདུལ་སྔགས་པ་གླིང་། ལྷོ་དབུས་སུ་བཙན་པོའི་རྟ་མགྲིན་སྒྲུབ་གནས་ཨརྱ་པ་ལོའི་གླིང་། ལྷོ་སྨད་དུ་སྒྲ་སྒྱུར་རྒྱ་གར་གླིང་། ནུབ་སྟོད་དུ་་ལུང་བསྟན་བེེ་རོ་ཙཱ་ནའི་གླིང་། ནུབ་དབུས་སུ་དགའ་ལྡན་བྱམས་པ་གླིང་། ནུབ་སྨད་དུ་མི་གཡོ་བསམ་གཏན་གླིང་། བྱང་སྟོད་དུ་རིན་ཆེན་གཏེར་མཛོད་གླིང་། བྱང་དབུས་སུ་ཐེག་ཆེན་བྱང་ཆུབ་གླིང་། བྱང་སྨད་དུ་པེ་ཧར་དཀོར་མཛོད་གླིང་། ལྕགས་རིའི་ཕྱི་ལོགས་སུ་ཀ་ཆུ་ལྷ་ཁང་དང་། ཁམས་གསུམ་ཟངས་ཁང་གླིང་། དགེ་རྒྱས་བྱེ་མ་གླིང་། བུ་ཚལ་གསེར་ཁང་གླིང་། གཙུག་ལག་ཁང་འདིའི་བཟོ་སྐྲུན་གྱི་བཀོད་པ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་འོག་ཁང་བོད་ལུགས་དང་། བར་ཁང་རྒྱ་ནག་ལུགས་། སྟེང་ཁང་རྒྱ་གར་ལུགས་བཅས་ལུགས་གསུམ་གྱི་ཁྱད་ཆོས་ཚང་བ་བྱས་ཡོད་།  དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་འདིའི་ལྡེབས་རིས་རྣམས་ཆོས་རྒྱལ་ཉིད་ཀྱིས་བལ་པོའི་ལྷ་བཟོ་བ་རྣམས་ལ་ཞལ་བཀོད་ལྟར་མཁན་སློབ་ཆོས་གསུམ་གྱི་མཛད་རྣམ་གཙོ་བོར་བྱས་པའི་གཙུག་ལག་ཁང་གི་མཛད་སྒོ་སྤེལ་བའི་རྣམ་པ་དང་།  མདོ་སྔགས་ཟུང་གི་དགོངས་དོན་རྣམས་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་དང་སྦྲག་མར་སྐུ་གཟུགས་དང་ཕྱག་མཚན་ས་བོན་སོགས་ཀྱི་ལྡེབས་རིས་སྤུས་དག་ལ་སྒྲོས་གཙང་བ་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་བཅས་བཞེངས་ཡོད་ཚུལ་སྔོན་གྱི་ལོ་རྒྱུས་རྣམས་སུ་འཁོད་ཡོད་པ་ནི་་ཀུན་གྱིས་ཤེས་གསལ་ལྟར་རེད།  དེ་རྗེས་སྤྱི་ལོའི་དུས་རབ་བཅུ་གསུམ་པའི་ནང་ཆོས་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་ཕྱིན་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལྷ་ཁང་དང་གཙུག་ལག་ཁང་གིས་གང་སར་ཁྱབ་ཏེ་དེའི་དུས་རི་མོ་བ་གྲགས་ཅན་མཁས་པ་ཆེན་པོ་སྤྲུལ་སྐུ་རི་མཁར་བ་ཞེས་བོད་རང་ཉིད་ཀྱི་སྐུ་གཟུགས་འབྲི་བཞེངས་ལ་རང་བྱན་ཚུད་པ་ཞིག་ཐོག་མར་བྱོན་པར་གྲགས་ལ་ཁོང་གིས་སློབ་དཔོན་གང་དང་རི་མོའི་འབྲི་རྒྱུན་འདི་ཡིན་ཞེས་ད་ལྟ་གསལ་པོ་མི་འདུག  ལོ་རྒྱུས་ཐོག་སྔོན་གྱི་རྒྱ་དཀར་ནག་དང་བལ་པོ་སོགས་ཀྱི་རི་མོར་ལྟ་ཞིབ་བྱས་ནས་དེ་དག་གི་ལེགས་ཆ་རྣམས་སྙིགས་དོར་བཅུད་ལེན་གྱི་ལག་ལེན་དང་འབྲེལ་ནས་སྐུ་གཟུགས་འབྲི་བཞེངས་བྱས་པར་གྲགས་ལ།  ཁོང་གིས་སློབ་མ་གཙོ་བོ་སྤྲུལ་སྐུ་སླེའུ་ཆུང་བ་ཞེས་རི་མོའི་སྒྱུ་རྩལ་ལ་རང་དབང་འབྱོར་བ་ཞིག་ཡོད་པར་དེ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་དུ་རི་མོའི་འབྲི་རྒྱུན་དང་བརྒྱུད་པར་ཟམ་མ་ཆད་པ་ད་ལྟའི་དར་ཁྱབ་ཏུ་ཕྱིན་ནས་གནས་བཞིན་པ་དང་བཅས་པ་ལགས་སོ།།

གཉིས་པ། བོད་ཀྱི་རི་མོའི་ལུགས་སོ་སོར་བཤད་པ།

དང་པོ།   བྱེའུ་སྒང་པའི་ལུགས་བཤད་པ།

སྤྲུལ་སྐུ་རི་མཁར་བ་ནི་དུས་རབས་བཅུ་གསུམ་པའི་དུས་མཇུག་དང་བཅུ་བཞི་པའི་མགོར་ཙམ་ནས་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡར་སྟོད་གྲོང་དུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་སྔོན་གོམས་ཀྱི་བག་ཆགས་སད་པའི་སྟོབས་ཀྱིས་ཆུང་དུས་ནས་བྱིས་པའི་རྩེད་འཇོ་རི་མོའི་སྒྱུ་རྩལ་གྱི་ལམ་ནས་དྲངས་བ་དང་ཡ་རབས་ཀྱི་མཛད་སྤྱོད་ལྷན་སྐྱེས་སུ་མངའ་བས།   དར་ལ་བབ་སྟེ་ན་སོན་པ་དང་རི་མོ་ལ་ལྷག་པར་མོས་པའི་མེ་ཏོག་གསར་པ་ཞིག་ཐུགས་སུ་བཞད་དེ་བཟོ་བོ་མཁས་པའི་དབང་པོ་དུ་མའི་ཞབས་ལ་བཏུད་ནས་བཟོ་གནས་མཁས་པའི་ཡང་རྩེར་སོན།  ཁོང་གིས་དཀའ་སྡུག་ལ་མ་ལྟོས་པར་རྒྱ་དཀར་ནག་དང་སྔོན་བྱོན་བོད་ཀྱི་མཁས་དབང་རྣམས་ཀྱིས་མཛད་རྗེས་འཚོལ་ཞིབ་ཏུ་ཕྱིན་ནས་དགོན་སྡེ་དང་བླ་བྲང་གཙུག་ལག་ཁང་ཆེ་ཕྲ་དང་། གནས་རྙིང་བསྒྲུབ་ཕུགས་དག་ལས་རི་མོའི་སྒྱུ་རྩལ་དང་མཛེས་ཉམས་རྣམས་སྙིགས་དོར་བཅུད་ལེན་བྱས་པ་རྒྱུད་ཐ་ན་པ་ཏྲ་དང་མེ་ཏོག་སོགས་སྒོ་དང་ཀ་བའི་ངོས་ཀྱི་རི་མོ་རྣམས་འཚོལ་ཞིབ་ངང་གཡས་གཡོན་དང་ཕྱོགས་རྣམས་སུ་ལྟ་སྟངས་ཀྱི་སྤྱོད་པ་ལ་བརྟག་ནས་དེའི་དུས་མི་རྣམས་མཚར་སྣང་སྐྱེས་ཏེ་སྤྲུལ་སྐུ་འདི་བྱེའུ་ཞིག་དང་མཚུངས་སོ་ཞེས་བརྗོད་པ་ལ་བརྟེན་དེ་ནས་བཟུང་བྱེའུ་སྒང་པ་ཞེས་མིང་དེ་ཐོགས་པ་གྲགས་སོ།།  དེ་ལྟར་ཁོང་གིས་སྙིང་སྟོབས་དང་འབད་འབུངས་ལ་བརྟེན་ནས་སྦྱོངས་འབྲས་རྫོགས་ལྡན་གསར་པའི་དགའ་སྟོན་ལ་རོལ་ཏེ་རི་མོ་མཁན་གྱི་སྙན་པའི་གྲགས་པས་ས་ཆེན་པོ་འདིར་འུར་གྱིས་ཁྱབ་པར་གྱུརད་ཏོ། ། དེ་ནས་ཁོང་གིས་རྣམ་དཔྱོད་དང་རིག་པའི་འཕྲུལ་གྱིས་སོར་མོའི་ཟློས་གར་སྒྱུར་བའི་ལུགས་འདིས་ཐུན་མོང་མ་ཡིན་པའི་སྐུ་གཟུགས་བཞེངས་པ་ལ་ཉམས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་སྐུ་གཟུགས་བྲིས་པའི་བཟོ་བཀོད་དང་ཁྱད་ཆོས་ནི་གཙོ་ལྷ་རྣམས་ཆེ་ཞིང་འཁོར་རྣམས་སྒོ་ཁྱིམ་ཆུང་ངུའི་ནང་བཀོད་པ། གདན་ཁྲི་དང་རྒྱབ་ཡོལ་རྣམས་ཅུང་ཆུང་ཞིང་རྒྱན་ཆ་མང་ལ་བཀའ་གདམས་པའི་ལུགས་དང་ཕྱོགས་ཙམ་ཆ་མཐུན་པ། ཚོན་མདངས་ཀྱི་རྣམ་པར་ཤེལ་ལྟར་དྭངས་གསལ་མ་འདྲེས་པར་རྒྱང་རྔམ་ཆུང་ཞིང་གསོན་ཉམས་ལྡན་པ།  ཚོན་གྱི་བྱེ་བྲག་ལི་ཁྲི་ཤས་ཆེ་བ་དང་གོས་འཁྱུད་དག་ལ་མདངས་མེད་པ།  ཁྲོ་བོ་རྣམས་དབུ་དང་གསུས་པ་ཆེ་ཞིང་སྐུ་མདོག་མཐིང་ནག་ཅན་རྣམས་ལ་ཤ་བཅད་དཀར་པོ་དང་མཐིང་གསལ་གྱིས་དྲངས་བ་བཅས་ཀྱི་ཁྱད་ཆོས་ཐོན་ཡོད།  ཁོང་གིས་དགོན་སྡེ་ཁག་ལ་བྲིས་རྒྱུན་གྱི་ཕྱག་རྗེས་འཇོག་པར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་།  སྐུ་འབུམ་བྱམས་པ་གླིང་སྣ་ཐང་དགོན་སོགས་སུ་གོས་སྐུ་དང་སྤར་ཤིང་ལྡེབས་རིས་སོགས་ཡོད་པར་གྲགས་ཀྱང་དུས་འགྱུར་གྱིས་འགལ་རྐྱེན་འོག་དེང་སང་ཕལ་ཆེར་བརླགས་ཟིན་པར་མངོན་ནོ།།

གཉིས་པ།  རྡོ་པ་བཀྲ་ཤིས་རྒྱལ་པོའི་རི་མོའི་ལུགས་བཤད་པ། 

རྡོ་པ་བཀྲ་ཤིས་རྒྱལ་པོ་ནི་གཙང་སྟོད་དུ་སྐུ་འཁྲུངས་ཤིང་ཁོང་གིས་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་ཞིག་མ་མཐོང་ཡང་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་པིར་ཐོགས་པ་ཞིག་ཡིན་པ་གྲགས་ལ་སྤྲུལ་སྐུ་སླེའུ་ཆུང་བའི་བྲིས་རྒྱུན་ལ་སྦྱོང་བརྩོན་བྱས་ཏེ་བྱེའུ་སྒང་པའི་ལུགས་ཀྱི་རི་མོའི་ཁྱད་ཆོས་གཞི་བཟུང་ནས་རང་ཉིད་ཀྱི་རྣམ་དཔྱོད་ལས་འཕྲོས་པའི་སྒྱུ་རྩལ་ལ་མཛེས་སྡུག་གི་གཟི་འོད་ལྷམ་མེར་འཕྲོ་བའི་སྐུ་གཟུགས་བྲིས་འབུར་ལ་གཞན་དྲིན་མི་འཇོག་པར་བཟོ་རིག་ལ་མངའ་བརྙེས་པ་ཞིག་ཡིན།  ཁོང་གིས་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཕུལ་བྱུང་གི་བརྒྱུད་འཛིན་སློབ་མ་ཉི་ཟླ་ལྟར་གྲགས་པ་གཉིས་བྱུང་བ་ནི་སྨན་ལྷ་དོན་འགྲུབ་རྒྱ་མཚོ་དང་མཁྱེན་བརྩེ་ཆེན་པོ་གཉིས་ཡིན་ཞིང་གཞན་ཡང་དབུས་གཙང་སྟོད་སྨད་དུ་ལྷ་བྲིས་བརྒྱུད་འཛིན་པ་མང་ཙམ་བྱུང་བ་གྲགས་ལ།  ད་ལྟ་ཁོང་གི་ལོ་རྒྱུས་དང་མཛད་རྣམ་སོགས་ཡིག་ཆ་གསལ་པོ་མི་འདུག་མོད་མཁས་པ་གཞན་གྱི་ལོ་རྒྱུས་ལས་ཐ་ཐོར་འཁོད་པར་གཞིར་བཟུང་ནས་ཁོ་བོས་ས་བཅད་ཀྱི་གཡར་ཁྲལ་མི་སྟོང་བ་ཙམ་འདིར་བཀོད་པ་ནི་རང་རེ་མི་རིགས་འདིའི་རིག་གནས་དང་ལག་རྩལ་ལ་མ་འོངས་པར་དཔྱད་ཞིབ་དང་རྒྱུས་ལོན་བྱ་རྒྱུའི་རེ་སྨོན་གྱིས་བསྐུལ་འདེད་བྱ་བ་ཡིན་ལ་། དམིགས་ཡུལ་ནི་རིག་གསར་བ་རྣམས་ལེ་ལོ་དང་གཏི་མུག་གི་མུན་པའི་གླིང་ནས་གཉིད་དུ་མ་ཡུར་བར་རིག་པ་སྲང་ལ་བཞུར་བའི་ནམ་ལངས་ཀྱི་་སྐྱ་རེངས་གསར་པའི་ཤིང་རྟ་ལས་དྲངས་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་འོད་ཀྱི་འཛུམ་ཟེར་ལྷག་བསམ་གྱི་ཤར་རིའི་རྩེ་ནས་ཟོལ་མེད་དུ་ལྷམ་མེར་གསལ་བར་སྤྲོས་ནས་བརྩོན་འགྲུས་ཀྱི་མེ་ཏོག་མཉམ་དུ་བཞད་པའི་སྤོབས་པ་ཆེར་སྐྱེད་པར་གྱིས་ཤིག་ཅེས་བསྐུལ་བའོ།།

གསུམ་པ།  སྨན་རྙིང་གི་ལུགས་བཤད་པ།

སྨན་རྙིང་ལུགས་འདིའི་ཤིང་རྟའི་སྲོལ་ཐོག་མར་གཏོད་པ་པོ་སྨན་བླ་དོན་གྲུབ་རྒྱ་མཚོ་ནི་དུས་རབས་བཅོ་ལྔ་པའི་ལོ་རབས་ཉི་ཤུ་དང་སུམ་ཅུ་ཡས་མས་སུ་ལྷོ་བྲག་སྨན་ཐང་དུ་མངལ་གྱི་ཆུ་འཛིན་སྲིད་པའི་ཚུལ་དུ་གྲོལ།  ཆུང་དུས་ནས་རི་མོ་དང་ཡིག་གཟུགས་འབྲི་རྒྱུར་བག་ཆགས་ཟབ་མོ་ཡོད་པ་མ་ཟད་རིག་པའི་གནས་གཞན་ལའང་ཐོས་བསམ་ཕྱོགས་མེད་མཛད།   སྐབས་དེར་ལྷ་རིས་པ་གྲགས་ཅན་གཙང་གི་རྡོ་པ་བཀྲ་ཤིས་རྒྱལ་པོ་དགེ་རྒན་དུ་བསྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་པར་བརྒྱུད་བོད་དང་། རྒྱ་དཀར་ནག་བལ་པོ་སོགས་ཀྱི་རི་མོའི་ལག་ལེན་དང་གཞུང་ལུགས་བྱང་ཆུབ་པ་ཞིག་བྱུང་ནས་བོད་ཀྱི་རི་མོའི་རིག་གཞུང་ཐོག་མ《སྐུའི་ཆ་ཚད་ཡིད་བཞིན་ནོར་བུ》ཞེས་པ་དེ་མཛད་ནས་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་གྱི་སྲོལ་བཏོད། ཁོང་དང་མཁྱེན་བརྩེ་ཆེན་མོ་གཉིས་གཙང་པ་རྡོ་བཀྲའི་སློབ་རྒྱུད་གཅིག་ན་ཡང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ཆེད་དུ་འདོན་པ་ལ་བརྟེན་ནས་ལུགས་གཉིས་ཀྱི་རང་རང་གི་ཁྱད་ཆོས་འབུར་དུ་དོད་པ་རེ་སྟོན་ཡོད། སྤྱི་ལོ་1447ལོར་ཁོང་གིས་རྒྱལ་བ་དགེ་འདུན་གྲུབ་པས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པ་གསར་བཞེངས་སྐབས་ལྷ་བཟོ་གདན་ཞུས་ཀྱི་བཀའ་ཕེབས་པ་ལྟར་གཙུག་ལག་ཁང་བྱང་ངོས་ཀྱི་ལོགས་གཉིས་ལ་འོག་མིན་ཞིང་གི་སྟོན་པ་རྡོ་རྗེ་འཆང་ཆེན་ལ་འཁོར་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་། མི་མཇེད་ཞིང་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་འཁོར་འཕགས་པའི་གནས་རྟེན་བཅུ་དྲུག་གིས་བསྐོར་བའི་ལྡེབས་རིས་གསར་བཞེངས་གནང་བ་མ་ཟད།ནུབ་ཀྱི་གྱང་ལྡེབས་ངོས་ཁོང་སྐུ་དངོས་ཀྱིས་ཐུབ་པའི་མཛད་པ་བཅུ་གཉིས་ཀྱི་སྐྱ་རིས་བྲིས་ཡོད་པ་དང་།ད་དུང་དགོན་པ་དེའི་ཚོམས་ཆེན་གྱི་གཙང་ཁང་སོགས་ལའང་ལྡེབས་རིས་དང་ཐང་ག གོས་སྐུ་འབུར་མ་སོགས་ཇི་སྙེད་ཅིག་ལེགས་གྲུབ་བྱུང་བས་དེ་དག་ལས་ཆེས་གྲགས་ཆེ་བ་ནི་རིང་ཚད་ལ་སྨི་32.9དང་ཞེང་ལ་སྨི་19.3ཡོད་པའི་སྟོན་པ་ཤཱཀྱ་མུ་ནེ་ཡི་གོས་སྐུ་འབུར་མ་དེ་ཡིན། སྨན་ཐང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཚོན་མཐུག་ཅིང་མདངས་ཤས་ཆེ་བ། སྤང་མཐིང་གི་ཚོན་གར་བ།སྐུའི་མགྲིན་པ་དང་ཕྲག་པ་མཐོ་བ།ཤ་ཚུགས་ཀྱི་འབུར་ཉམས་དོད་པ།རྒྱང་ནས་བལྟས་ན་རྔམ་ཞིང་ཉེ་བར་བཅར་ན་ཞི་འཇམ་གྱི་སྣང་བས་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པ། ལྷ་རྣམས་ཕྱོགས་གཅིག་ཏུ་ཚོམ་བུར་ལྟར་མ་བཀོད་པར་སྤྲིན་རུམ་གྱི་དབུས་སུ་བཀྲམ་པ་ལྟར་བཀོད་པ། གྲིབ་ངོས་གསེར་རིས་ཀྱིས་བརྒྱན་པའི་ལུགས་དེ་ཞི་བའི་ལྷ་སྐུ་འབྲི་བར་མཆོག་ཏུ་གྱུར་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་འགྱུར་བ་ཡིན་ནོ།།

བཞི་པ།  མཁྱེན་བརྩེ་ཆེན་མོའི་ལུགས་བཤད་པ།

མཁྱེན་བརྩེ་ཆེན་མོའམ་དགེ་བསྙེན་རྣམ་པར་རྒྱལ་བའི་སྡེ་ཞེས་པ་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཡས་མས་སུ་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་གངས་དཀར་སྒང་སྟོད་དུ་གཟུགས་སྐུའི་མེ་ཏོག་གསར་དུ་བཞད་ནས་སྔོན་སྦྱངས་གོམ་པའི་བློ་གྲོས་ཀྱི་མཐུ་བརྟས་ཏེ་རྟོག་པའི་ཉམས་རྨི་ལམ་སད་པ་ལྟར་རིག་གནས་སྤྱི་ལ་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་།  བྱེ་བྲག་ཆུང་དུས་ནས་བྱིས་པའི་རྩེད་འཇོ་སོར་མོའི་འདུ་བྱེད་ཀྱི་སྒྱུ་རྩལ་ལས་གྲོལ་བའི་རི་མོའི་བག་ཆགས་ནམ་ལངས་པ་ལྟར་སངས་བ་དང་ལྷན་དུ། སྐུ་གཟུགས་འབྲི་བཞེངས་ཀྱི་ཕན་ཡོན་མཁྱེན་ནས་བཟོ་རིག་ལ་སྦྱོང་བརྩོན་གནང་རྒྱུའི་འདོད་པ་འགོག་མེད་དུ་ཐུགས་ལ་འཁྲུངས། སྔོན་དུས་བོད་ཀྱི་རི་མོ་བ་རྣམས་ཀྱི་ཐང་ག་དང་ཐིག་ཚོན་སོགས་རྒྱལ་བལ་གྱི་སྲོལ་ལག་ལེན་དུ་བསྟར་བ་མ་གཏོགས་བོད་ལ་རང་རྐྱ་ཐུབ་པའི་ཐིག་ཚོན་གྱི་སྲོལ་འདི་རེད་ཅེས་པ་ཞིག་བྱུང་མེད།  སྐབས་དེར་ཁོང་གིས་བཟོ་རིག་ལ་མཁས་པའི་དབང་པོ་རྡོ་པ་བཀྲ་ཤིས་རྒྱལ་པོ་ཚུལ་བཞིན་སློབ་དཔོན་དུ་བསྟེན་ནས་རི་མོ་སྦྱོང་བརྩོན་ལ་འབུངས་ནས་མི་རིང་བར་མཁས་པའི་གོ་འཕང་མངོན་དུ་གྱུར།  དེའི་དུས་ལྷོ་ཁ་རྡོ་རྗེ་གདན་དགོན་གྱི་ལྡེབས་རིས་ཕལ་ཆེར་མཁྱེན་བརྩེ་ཆེན་མོའི་ཕྱག་སོར་ལས་འཁྲུངས་པར་གྲགས།  དེ་ནས་བཟུང་རྒྱ་བལ་གྱི་བྲིས་རྒྱུན་ཁོ་ན་ལ་བརྟེན་མི་དགོས་པར་དུས་རབས་བར་མའི་རྗེས་ཀྱི་རང་ལུགས་སྨན་མཁྱེན་རྣམ་གཉིས་ཀྱི་བྲིས་རྒྱུན་དབུས་གཙང་དང་ལྷོ་ཁ་ས་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བར་གྲགས།  མཁྱེན་བརྩེ་ལུགས་ཀྱིས་བྲིས་རྒྱུན་འདིར་ཚོན་མདངས་ཞིབ་ཚགས་ཆེ་བ་དང་། སྐུ་གཟུགས་རྒྱན་སྤྲོས་ཆེ་བའི་ཁྱད་ཆོས་ལྡན་པ་དང་།རྒྱབ་ལྗོངས་བཀོད་འབྲི་བྱེད་སྐབས་རྒྱ་ནག་གི་བྲིས་རྒྱུན་དང་མཉམ་འདྲེས་བྱུང་བ་དང་རིམ་གྱིས་བོད་མི་རིགས་རང་གི་བྲིས་ཆ་མ་ལག་དང་ལྡན་པ་ཞིག་གྲུབ་ཡོད།ལྷག་པར་དུ་ཁྲོ་བོའི་རིགས་ལ་ཞལ་བགྲད་ཅིང་ལྗགས་འདྲིལ་བ། ཡན་ལག་འཕེན་སྟབས་ཀྱིས་ཤ་ཚུགས་འཛིན་པ་དང་བརྗིད་ཅིང་འགྱིང་བའི་ཉམས་ཀྱི་གར་སྟབས་བསྒྱུར་བ།  དཀྱིལ་འཁོར་བཞེངས་པ་ལའང་ཤིན་ཏུ་མཁས་པ་ཡིན་ཞེས་གྲགས་སོ།།

ལྔ་པ།   སྨན་གསར་གྱི་ལུགས་བཤད་པ།

སྨན་གསར་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་མཆོག་ནི་དུས་ 

རབས་བཅུ་བདུན་པའི་དུས་སྟོད་དུ་གཙང་སྟོད་རྟ་ནག་ལྷུན་གྲུབ་རྩེར་ལང་ཚོའི་མྱུ་གུ་གསར་དུ་འབུས།  ཆུང་དུས་ནས་རིག་གནས་སྤྱི་དང་བྱེ་བྲག་སྨན་མཁྱེན་རྣམ་གཉིས་ཀྱི་བཟོ་རིག་ལུགས་ཟུང་གསེར་གྱི་འཁོར་ལོ་ལ་དབང་བསྒྱུར་ཞིང་། རྣམ་དཔྱོད་ཀྱི་རྩིབས་སྟོང་སྒྱུ་རྩལ་གྱི་ལམ་དུ་འཕོས་པའི་བཟོ་རིག་སྙིང་ནོར་ཀུན་འདུས་སྨན་གསར་ལུགས་ཀྱི་སྲོལ་འདི་ཐོག་མར་གཏོད།  ཁྱད་པར་དུ་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་འཛིན་ཞིང་གྲུབ་པའི་ས་མཐོར་གཤེགས་པའི་པཎ་ཆེན་སྐུ་ཕྲེང་བཞི་པ་བླ་མ་བློ་བཟང་ཆོས་རྒྱན་སློབ་དཔོན་དུ་བསྟེན་པས་ཐུགས་བརྩེའི་དགོངས་པའི་ཀློང་ནས་རྗེས་སུ་བཟུང་།   ཁོང་གིས་སྨན་བླ་དོན་གྲུབ་ཀྱི་རི་མོ་གཞིར་བཟུང་ནས་མཁྱེན་ལུགས་ཀྱི་ལེགས་ཆ་དང་།  སྒར་བྲིས་ཀྱི་མདངས།

རྒྱ་ནག་གི་ཕོ་བྲང་དང་ཁང་བཟང་ཞིབ་འབྲིའི་རི་མོ།  རྒྱ་གར་དང་བལ་པོའི་བཟོ་རྩལ་གྱི་ལེགས་ཆ་རྣམས་གསར་བསྣན་བྱས་ཏེ་ལྡེབས་རིས་དང་ཐང་ག་མང་པོ་བཞེངས་པ་ལ་བརྟེན་ཀུན་གྱིས་ཡིད་དབང་འཕྲོགས་པ་དང་།  ལྷག་པར་དུ་རྩ་བའི་བླ་མ་པཎ་ཆེན་བློ་བཟང་ཆོས་རྒྱན་ཐུགས་རབ་ཏུ་དགྱེས་ནས་དེ་འདྲའི་འབྲི་རྒྱུན་གྱི་སྲོལ་འཇོག་དགོས་པའི་ཞལ་བཞེས་ཀྱང་གནང་།  མི་རིང་བར་པཎ་ཆེན་རིན་པོ་ཆེས་སྐུ་བཅར་རི་མོའི་དབུ་ཆེར་གྱི་ཞལ་བཀོད་ཐོབ་པར་མ་ཟད་པིར་ཐོགས་དབང་པོའི་མཚན་སྙན་བསྩལ་བ་དང་།  དེ་བཞིན་དུ་རྒྱལ་མཆོག་ལྔ་པ་ཆེན་པོས་ཀྱང་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་གནང་སྐབས་ཚོམས་ཆེན་ཤར་གྱི་ལྡེབས་རིས་ལ་བོད་མིའི་འབྱུང་ཚུལ་དང་རྒྱལ་དབང་སྐུ་གོང་མ་རྣམས་ཀྱི་མཛད་རྣམ་སོགས་ལྡེབས་རིས་གལ་ཆེན་རྣམས་འབྲི་བཞེངས་ཀྱི་དབུ་ཆེར་བཀའ་བཀོད་གནང་ཞེས་གྲགས།  སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་།  ཚོན་དང་རི་མོའི་ཉམས་རྣམ་འགྱུར།།རྒྱ་ནག་མཁས་པའི་རྗེས་འབྲང་ནས།།ཡུལ་དང་ཆ་ལུགས་ཁང་བཟང་སོགས། ། འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སྨན་ཐང་གསར་རྙིང་མཁྱེན་ལུགས་པ།།བྱེའུ་སྒང་པ་སྒར་བྲིས་པའི།།རྣམ་དཔྱོད་དེ་ཀུན་འདིར་ལྡན་ཡང་།།ཉམས་འགྱུར་འབུམ་གྱི་ཁྱད་པར་བྱས།།ཞེས་ཚིགས་སུ་བཅད་པའི་བསྟོད་བསྔགས་ཀྱི་སྒྲ་དབྱངས་ས་ཆེན་པོ་འདིར་འུར་གྱིས་ཁྱབ་པར་བསྒྲོགས་སོ།། དེ་ལྟར་ཁོང་གིས་བོད་ཡུལ་འདིར་གལ་ཆེ་བའི་རི་མོའི་ཕྱག་ལས་མང་པོ་གནང་བར་བརྟེན་དབུས་གཙང་ཁམས་གསུམ་དུ་ཤུགས་རྐྱེན་ཆེ་ཤོས་དང་རི་མོ་བ་གྲགས་ཅན་ཞིག་ཏུ་གྱུར་ཡོད་ལ། ཁོང་གིས་ཁྱད་ཆོས་ཐུན་མིན་གྱི་འབྲི་རྒྱུན་དེ་མ་ཉམས་པར་ད་ལྟའི་བར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱུང་བར་བརྟེན་སྨན་གསར་ལུགས་ཀྱི་ལྷ་སྐུའི་ཆ་ཚད་དང་།སྐུའི་ཚུགས།ལྷ་སྐུ་འཆར་བཀོད་བྱེད་སྟངས་ཐད་སྨན་ལུགས་ཇི་བཞིན་གཙོ་ལྷ་དཀྱིལ་ངོས་སུ་ཆེ་ཙམ་འབྲི་བ་དང་།དེའི་མཐའ་སྐོར་དུ་ལྷ་མགྲོན་རྣམས་རྒྱུད་སྡེའི་རིམ་པ་བཞིན་ཅུང་ཟད་ཆུང་ཙམ་འབྲི་བ་རྣམས་གཅིག་མཚུངས་ཡིན་ལ།རྩ་བའི་ཚོན་མདོག་རྣམས་ཀྱང་སྨན་ལུགས་གཞིར་བཞག་ཐོགགཙོ་བོའི་ཁྱད་ཆོས་ནི།ལྷ་དང་མི་སྣ་ལ་སོགས་པའི་སྲོག་ལྡན་གང་ཞིག་བྲིས་རུང་།དེ་དག་གི་རྣམ་འགྱུར་དང་།དབྱིབས།ཉམས་བཅས་གཅིག་རང་མ་ཡིན་པར།རང་རང་གི་ཉམས་དང་རྣམ་འགྱུར་གང་ཡོད་གསལ་པོར་མངོན་ཐུབ་ཀྱི་ཡོད་ལ།དེ་བཞིན་གསེར་རིས་ཞིབ་ཚགས་ཤིང་ཚོན་མདངས་གསོན་ཉམས་དོད་པ།བཅད་ཅུང་ཟད་ཕྲ་ཞིང་བཅད་ཀྱི་ནུས་པ་ཆེ་བ།མེ་རིས་རྣམས་ཤུགས་དྲག་ཆེ་ལ།རླུང་རིས་ལ་གསེར་བཅད་མེད་པ།བྲག་རི་དང་།སྤང་ལྗོངས་སོགས་སུ་རྩི་ཤིང་ཆུང་ངུ་དང་།བྱ་བྱེའུ།རི་དྭགས།གཅན་ཟན་ལ་སོགས་པ་རྣམས་གསོན་ཉམས་དོད་པོར་འབྲི་བ།ཐང་ག་དང་ལྡེབས་རིས་གང་བྲིས་རུང་རི་མོ་ཧ་ཅང་ཞིབ་ཚགས་ཤིང་སྟོང་ཆ་ཉུང་བ་སོགས་ཡིན་ནོ།

དྲུག་པ།   སྒར་བྲིས་ལུགས་བཤད་པ།

སྒར་བྲིས་ལུགས་ནི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ཡར་སྟོད་ནམ་མཁའ་བཀྲ་ཤིས་ཀྱི་སྲོལ་བཏོད་གནང་བ་ཞིག་ཡིན།ནམ་མཁའ་བཀྲ་ཤིས་ནི་ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཡར་སྟོད་གྲོང་དུ་གཟུགས་སྐུའི་ལང་ཚོའི་མྱུ་གུ་ལ་རྣམ་དཔྱོད་ཀྱི་འདབ་མ་གསར་དུ་བཞད།ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེ་མཆོག་གིས་ཉིད་ཀྱི་ཕྲིན་ལས་ཀྱི་ཟློས་གར་བཟོ་གནས་རིག་པའི་རང་རྩལ་ཐུགས་རྗེའི་སྤྲུལ་པའི་ཞལ་སྐྱིན་འཁྲུལ་མེད་དུ་ངོས་འཛིན་མཛད། ཁོང་གིས་རིག་གནས་སྤྱི་དང་བྱེ་བྲག་བཟོ་རྒྱལ་དཀོན་མཆོག་ཕན་བདེ་བྱ་བ་སློབ་དཔོན་དུ་བསྟེན་ནས་སྨན་ལུགས་ཀྱི་རི་མོར་དཔྱིས་ཕྱིན་པ་སྦྱངས་པར་མཛད་དེ་་སྨན་ལུགས་ཀྱི་ལྷ་སྐུའི་ཆ་ཚད་སོར་བཞག་ཐོག་རྒྱ་ནག་གི་ཞིབ་འབྲིའི་རི་མོ་དང་ཡུལ་ལྗོངས་ཀྱི་བཀོད་པ།ཁང་བཟང་།སྲོག་ཆགས།མཚོན་མདངས་སོགས་ཀྱི་ལེགས་ཆ་བཞེས་པ་མ་ཟད་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཁྱད་ཆོས་མང་པོས་ཟུར་བརྒྱན་དང་གསབ་བསྣན་བྱས་ཏེ་སྒར་བྲིས་ཀྱི་སྲོལ་གསར་བཏོད་གནང་།དེ་རྗེས་ཆོས་བཀྲ་ཤིས་དང་།ཀར་ཤོད་ཀརྨ་བཀྲ་ཤིས་སོགས་ལུགས་དེའི་མཁས་པའི་ཁྱུ་མཆོག་དེ་རྣམས་ཀྱིས་མུ་མཐུད་རྒྱུན་འཛིན་དང་འཕེལ་རྒྱས་ཤུགས་ཆེན་བཏང་བ་མཛད་པར་བརྟེན་ཁོང་གསུམ་ལ་བཀྲ་ཤིས་རྣམ་གསུམ་ཞེས་འབོད། དེ་དག་ནི་སྒར་བྲིས་རྙིང་མའི་ལུགས་སྲོལ་གསར་བཏོད་དང་རྒྱུད་འཛིན་པ་ཡིན་ལ།  དེ་རྗེས་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་མཆོག་གིས་རི་མོ་བ་གྲགས་ཅན་ལྷོ་བྲག་སྤྲུལ་སྐུ་ཚེ་རིང་བྱ་བ་སློབ་དཔོན་དུ་བསྟེན་ཏེ་སྨན་ལུགས་ཀྱི་རི་མོར་ཕྱག་བཞེས་མཛད་དེ་སི་ཐང་རིགས་འདྲ་མིན་དང་། རྒྱ་ནག་དང་ཁ་ཆེའི་རི་མོའི་ལེགས་ཆ་བཞེས་ནས་བྲིས་འབུར་གཉིས་ལ་དམིགས་གསལ་གྱི་ཁྱད་ཆོས་ཆེན་པོ་ཐོན་པར་བརྟེན་སྒར་བྲིས་གསར་མའམ་ཀརྨ་སྒར་བྲིས་ཀྱི་སྲོལ་ཐོགས་པར་གྲགས། དེ་རྗེས་བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་དབང་པོ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་གིས་ཀྱང་རི་མོར་སྦྱངས་པ་མཛད་དེ་རྒྱ་ནག་དང་།ཁ་ཆེ་སོགས་ཀྱི་བྲིས་འབུར་སྒྱུ་རྩལ་ཐད་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ལས་འཁྲུངས་བའི་ལུགས་འདིའི་རི་མོའི་བརྩམ་བྱ་མང་པོ་ཐོན་པ་དེ་དག་ ་དར་སྤེལ་ཤུགས་ཆེར་འདོན་པར་མ་ཟད་ད་ལྟའི་བར་དུ་རྒྱུད་འཛིན་གྱི་རི་མོ་བ་དབྱར་གྱི་ཤ་མོ་རྡོལ་བ་ལྟར་མདོ་དབུས་ཁམས་གསུམ་དུ་ཁྱབ་གདལ་དུ་ཕྱིན་ཡོད།།

གསུམ་པ།   ཞལ་བྱུང་དུ་ལྡེབས་རིས་སྐོར་བཤད་པ།

གཉིས། བོད་ཀྱི་དགོན་སྡེ་སོ་སོར་ལྡེབས་རིས་ཀྱི་འབྲི་སྲོལ་དར་ཚུལ།

བོད་ཀྱི་དགོན་སྡེ་ཁག་ལ་ལྡེབས་རིས་འབྲི་བའི་སྲོལ་དུས་ནམ་ཞིག་དར་བ་དང་གང་ཟག་གང་གིས་གཏོད་པ་སོགས་གསལ་པོ་ཞིག་མཐོང་ཐོས་སུ་མ་གྱུརད་ཀྱང་།  བོད་རྗེ་ཐོག་མ་

གཉའ་ཁྲི་བཙན་པོའི་སྐབས་བཞེངས་པའི་མཁར་ཕོ་བྲང་ཡུམ་བུ་བླ་སྒང་གི་ལྡེབས་ཞལ་གྱི་ངོས་སུ་རྒྱལ་པོ་ཉིད་ཀྱི་ལོ་རྒྱུས་དང་མཛད་རྣམ་གྱི་ལྡེབས་རིས་ཡོད་པ་གྲགས་ལ་དེ་ཉིད་དུས་འགྱུར་གྱི་དབང་གིས་ཉམས་རྒུད་དང་ཞིག་རལ་སོགས་ཆགས་འཇིག་གི་ཆར་རླུང་ཁྲོད་ནས་སོང་བའི་ལྡེབས་ཞལ་གྱི་ས་རོ་བོར་ཤུལ་ལ་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་པས་མངོན་སུམ་མཐོང་བའི་ལོ་རྒྱུས་ད་ལྟ་ཡིག་ཐོག་ཏུ་འཁོད་ཡོད་པ་ལ་བརྟག་ན་མ་མཐར་ཡང་ལོ་ངོ་སྟོང་གཉིས་ལྷག་གི་ལོ་རྒྱུས་ཡོད་པ་ར་སྤྲོད་བྱེད་ཐུབ་ལ།  དེ་མ་ཚད་ད་དུང་གཞན་ཡང་ལོ་ཉིས་སྟོང་སྔོན་གྱི་ལོ་རྒྱུས་ལྡན་པའི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་ལ་སྤྱི་ལེ་ཉེར་ལྔ་ཙམ་གྱི་མཚམས་མོ་ཀོ་ཁུའུ་འམ་ལྷ་སྐུ་སྟོང་གི་བྲག་ཕུག་ཟེར་བ་ཞིག་ཡོད་པ་དེ་ཡོངས་གྲགས་སུ་ལོ་ངོ་ཕལ་ཆེར་སྟོང་གཉིས་ལྷག་གི་ལོ་རྒྱུས་ཡོད་ལ། དེ་ནི་གནའ་དུས་སུ་རང་རེ་དང་ཕྱི་གླིང་བར་གྱི་འགྲིམ་འགྲུལ་གྱི་རྒྱུ་ལམ་འགངས་ཆེན་ཞིག་དང་། རྒྱལ་ཁབ་སོ་སོའི་ཚོང་པ། ལག་ཤེས་བཟོ་པ། རབ་བྱུང་བཙུན་པ་རྣམས་ཡུལ་དེར་འཛོམས་ཏེ། རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་བ་ལྟ་བུ་ཞིག་བར་སྐབས་ཀྱི་རིང་ལ་གྱུར་མྱངས་ཡོད་པ་ཞིག་རེད།  ད་ལྟའང་ད་དུང་བྲག་ཕུག་492ཡོད་པ་དང་ལྡེབས་རིས་སྨི་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག་མཇལ་རྒྱུ་ཡོད་པ་དེ་བོད་བཙན་པོའི་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཏུན་ཧོང་བདག་གིར་དང་དབང་བསྒྱུར་མཛད་མྱངས་བའི་ལོ་རྒྱུས་ཡོད་པ་དང་།  དེར་བརྟེན་ཆོས་ལྡན་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་བདག་རྐྱེན་འོག་རྒྱ་དཀར་ནག་སོགས་ནས་ལོ་པཎ་མང་པོ་སྤྱན་དྲངས་ཏེ་ཆོས་དང་རིག་གཞུང་སོགས་འཆད་ཉན་སྤེལ་གསུམ་གྱིས་བཤད་བསྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་བོད་ཆོལ་ཁ་གསུམ་གྱི་ས་གནས་དང་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཏུ་ཕྱིན་ཏེ་ལྷ་ཁང་དང་གཙུག་ལག་ཁང་སོགས་བཞེངས་པའི་མཛད་སྒོ་སྤེལ་ནས་དེ་དག་ལས་ལྡེབས་རིས་དང་འདྲ་སྐུ་བཞེངས་པའི་སྲོལ་བྱུང་བ་དང་།  ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་གྱི་སྐུ་རིང་དུ་རྒྱ་བལ་བཙུན་མོ་ཟུང་གིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་རྣམ་གཉིས་དང་དམར་པོ་རིའི་ཕོ་བྲང་སོགས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་དག་གི་སྐབས་བཞེངས་པའི་ལྡེབས་རིས་དང་། མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་སོགས་བཞེངས་པའི་ཐོག་མ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་དུ་ལྷ་ཁང་ནང་གི་ལྡེབས་རིས་དང་།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་གླིང་བཞི་གླིང་ཕྲན་དང་བཅས་རྒྱ་བོད་ཧོར་གསུམ་གྱི་ཁྱད་ཆོས་མངོན་པའི་སྟེང་ཐོག་རིམ་པ་གསུམ་བཞེངས་པའི་ཕྱིའི་བཀོད་པ་དང་ནང་གི་རྟེན་གསུམ་སོགས་འཛམ་གླིང་ན་ཆེས་དཀོན་པའི་གཙུག་ལག་ཁང་ཆེན་མོའི་ལྡེབས་རིས་དང་། རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་རྣམ་གཉིས་ཀྱིས་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ཐོག་བརྩེགས་རིམ་པ་དགུ་དང་ལྡན་ཞིང་སྒོ་མང་བརྒྱ་རྩ་བརྒྱད་དེ་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལུགས་སུ་བཞེངས་པའི་ལྷ་ཁང་བདུན་ཅུ་དོན་བདུན་ནང་གི་ལྡེབས་རིས་བཅས་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བདུན་པའི་བར་གྱི་དུས་སྐབས་དེར་བོད་ཀྱི་རི་མོའི་ལག་རྩལ་ཡང་རྩེར་སོན་པའི་དུས་སྐབས་ཡིན། དུས་སྐབས་དེའི་རི་མོའི་མཚོན་བྱེད་ནི་ཕོ་བྲང་དཀར་པོ་དང། དམར་པོའི་ཚོམས་ཆེན་དང་། གཟིམ་ཆུང་ཁག་གི་ལྡེབས་བྲིས། སྐུ་ཕྲེང་བདུན་པས་དངོས་སུ་ལྗགས་བཀོད་གནང་ནས་བྲིས་པའི་ཕོ་བྲང་དམར་པོའི་བློས་བསླངས་ཁང་གི་ལྡེབས་བྲིས་བཅས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་དུས་ནས་བཟུང་བོད་ཀྱི་རི་མོའི་ལག་རྩལ་ཐོག་ཁག་གཉིས་ཆགས་ཏེ། ཁག་གཅིག་གིས་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་དང་། ཁག་གཅིག་གིས་རང་ཉིད་ཀྱི་ཁྱད་ཆོས་ལ་སྣང་ཆུང་བྱས་ཏེ་ཙི་ནའི་རིགས་ཀྱི་རི་མོའི་ལད་ཟློས་བྱས་སྟབས་ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས། བུ་མོ་རང་གི་འགྲོ་སྟངས་ཡང་ཤོར་འདུག་ཟེར་བའི་གཏམ་དཔེ་ལྟར་གྱུར་ཡོད་པ་ནི་སྐབས་དེར་བྲིས་པའི་རི་མོ་ཁག་གཅིག་སེ་འབྲས་གཉིས་དང་། ནོར་བུ་གླིང་ཁར་ཡོད་པ་གསལ་ལ། པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་བོད་ཀྱི་རི་མོའི་ལག་རྩལ་མཁས་པ་ཡོངས་རྫོགས་བསྡུས་པའི་ནང་རིམ་པ་བཞིར་ཕྱེས་ནས། རིམ་པ་དང་པོ་ནི་དབུ་ཆེན་ཡིན་ཞིང་། དེའི་ལས་འགན་ནི་ལྷ་ཁང་དང་། གཟིམས་ཆུང་ཁག་གི་ལྡེབས་བྲིས་དང་། ལྷ་སྐུའི་ཐང་ག། གསུང་རབས་གསེར་བྲིས་དང་། དངུལ་བྲིས་ཁག་གི་དབུ་ལྷ། འཇིམ་བཟོ་དང་འབུར་སྐུ་ཁག་གི་སྐྱ་རིས་བྲིས་རྒྱུ་སོགས་གལ་ཆེའི་རི་མོ་རྣམས་རང་ཉིད་ཀྱིས་དངོས་སུ་ལག་བསྟར་བྱས་ནས་བྲིས་དགོས་པ་དང་། ཤིང་ཚོན་ཁག་གི་བཙབས་དཔར་འབྲི་རྒྱུ་དང་། རི་མོ་འབྲི་མཁན་ཡོངས་རྫོགས་ལ་ཞིབ་ཕྲའི་བཀོད་འདོམས་བྱ་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན་ཅིང་། དེས་ལྡེབས་བྲིས་དང་ལྷ་སྐུའི་ཐང་ཀ་ཁག་མང་ཆེ་བ་རང་ཉིད་ཀྱིས་ལག་བསྟར་བྱས་ནས་འབྲི་དགོས་པའི་ཐོག་དབུ་ཆེན་ལ་རོགས་རམ་གྱིས་ལས་འགན་བསྒྲུབ་རྒྱུ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན། ཁོ་ཚོས་དབུ་ཆེན་གྱིས་བྲིས་པའི་སྐྱ་བྲིས་དང་བཙབས་དཔར་གཞིར་བཟུང་ནས་ཤིང་ཚོན་རི་མོ་རྣམས་འབྲི་རྒྱུ་དང་ཚོན་རྩི་གཏོང་དགོས། རིམ་པ་བཞི་པ་ནི་དཀྱུས་མའི་གྲས་ཡིན། ཁོ་ཚོས་སྤྱིར་བཏང་གི་རི་མོའི་གྲས་དང་། ཚོན་གཏོང་རྒྱུ་དང་། ཚོན་བྱུགས་རྒྱུ། །ཚོན་འདུལ་རྒྱུ། ཚོན་མདངས་སྣ་ཚོགས་བཟོ་རྒྱུ། ཚོན་རྩི་གཏོང་རྒྱུ་བཅས་ཡིན། དེང་དུས་འཛམ་གླིང་གི་མཆོད་གནས་སུ་བསྙེན་པའི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་གཙུག་ལག་ཁང་ལྷ་ཁང་སོགས་ཀྱི་ལྡེབས་རིས་དེ་དག་རིག་གནས་དང་ལོ་རྒྱུས་སྒྱུ་རྩལ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་བཞེངས་སྲོལ་དེ་གཉའ་ཁྲི་བཙན་པོའི་དུས་ནས་དར་ཞིང་མཆེད་པར་གྱུར་པ་ནི་གོར་མ་ཆགས་སོ།།

གསུམ།   ལྡེབས་རིས་ཀྱི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ།

ལྡེབས་རིས་ཀྱི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་ནི་ལྡེབས་ཞལ་བཟོ་རྒྱུའི་ལག་རྩལ་དང་ལྷ་བཟོའི་ལག་རྩལ་གཙོ་བོ་ཡིན་ལ།  དང་པོ་ལྡེབས་རིས་འབྲི་བའི་གཞི་ལྡེབས་ཞལ་དེ་ཤིང་དང་གྱང་སར་མ་གང་ཡིན་རུང་གཞི་གབ་འབུར་སོགས་མེད་པར་ངོས་སྙོམས་ཤིང་འཇམ་སང་ཡོད་པ་བཟོ་རྒྱུའི་ཁྱད་ཆོས་གཙོ་བོ་གཅིག་ཡིན་ལ།  ལྡེབས་ཞལ་དེ་དུས་ཡུན་རིང་པོ་གནས་ཐུབ་པའི་རྒྱུ་ས་རྩི་དམ་ལྷོད་རན་པོ་སྡེབ་ཤེས་པའི་ཚོད་འཛིན་དང་ཉམས་མྱོང་ལྡན་པ། བྱེ་ཧྲོམ་དང་དྲེས་མ་ས་དམར་གསུམ་འཕྲི་བསྣོན་མེད་པར་མང་ཉུང་དབྱེ་འབྱེད་ཚད་རན་པར་འཇལ་ཤེས་པའི་ཁྱད་ཆོས་ལྡན་པ།  བྱེ་ཞིབ་དང་ས་རྩི་ཨར་ཀ་བསྲེས་མ་སྐ་སླ་དང་དམ་ལྷོད་རན་པ་སྡེབ་ཤེས་པ་ནི་ལྡེབས་ཞལ་བཟོ་བའི་གཞི་རྩའི་ཁྱད་ཆོས་གཙོ་བོ་དག་ཡིན། འདིར་བཤད་པ་ནི་ལས་བཟོ་བའི་ལག་རྩལ་གྱི་ཁྱད་ཆོས་ཡིན་ཞིང་ལྡེབས་ཞལ་བཟོ་སྟངས་དངོས་ནི་འོག་ཏུ་འཆད་པར་འགྱུར་རོ།   དེ་ལྟར་གས་སྲུབ་དང་གབ་འབུར་མེད་པ་ལྡེབས་ངོས་སྙོམས་པར་བྱུང་ཚེ། ཟེ་ཚྭ་ཡོད་སར་ཆང་ལེན་གཅིག་བྱུགས་ན་ཟེ་ཚྭ་རྣམས་མེད་པ་བཟོ་ཐུབ་པ་མ་ཟད་། ཕྱིན་ཆད་ཟེ་ཚྭ་མི་ཐོན་རྒྱུར་སྔོན་འགོག་བྱེད་ཐུབ་པ་ནི་མན་ངག་ཡིན་ནོ། གང་ལྟར་ཡང་ལྡེབས་ཞལ་ཚད་ལྡན་ལེགས་གྲུབ་བྱུང་ཚེ་ད་གཟོད་ལྷ་བཟོས་ལྡེབས་ངོས་སུ་ལྷ་བཀོད་ཀྱི་འཆར་གཞི་གདིང་བ་བྱས་ནས་ཚངས་ཐིག་བཏབ་སྟེ་དབུས་ཀྱི་ལྡེབས་ངོས་ལྷ་བཀོད་དང་འཚམ་པའི་བར་སྟོང་མཇལ་བར་བྱས་ཏེ་སྟེང་གི་ཕུར་མ་དང་འོག་གི་སྨད་ཤམ་གྱི་ཆ་ཕྱེ་བའི་འཕྲད་ཐིག་གི་ཚད་འཇོག་པ་ཡིན་ལ།  དེ་ནས་ལྷ་བཀོད་དང་འཚམ་པའི་གཙོ་འཁོར་གྱི་ལྷ་གྲངས་དང་སྐུ་ཆེ་ཆུང་གི་ཚད་རན་པར་འཇལ་བ་ལ་གོར་ཐིག་གི་རྟགས་འཇོག་པ་ནི་ལྷ་བཟོས་ལྷ་བཀོད་ཀྱི་སྔོན་འགྲོའི་ཁྱད་ཆོས་མཚོན་པ་ཡིན།  དེ་ནས་དབུས་ཀྱི་གོར་ཐིག་གི་རྟགས་དང་འཚམ་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་བསྲུང་ནོར་ལྷ་སོགས་གང་རུང་གི་གཙོ་བོ་གང་དེའི་ཐིག་བཏབ་ནས་སྐྱ་རིས་འབྲི་མགོ་བརྩམ་པ་ཡིན་ལ།  སྐྱ་རིས་འབྲི་བྱེད་ནི་ངེས་པར་དུ་སྦུབ་བསྲེགས་བྱས་པའི་སོལ་པིར་ཡིན་དགོས།  ཅིའི་ཕྱིར་སོར་པིར་གྱིས་ངེས་པར་དུ་འབྲི་དགོས་པ་ཡིན་ཞེ་ན།   སོར་པིར་གྱིས་བྲིས་པའི་རི་མོ་དེ་གལ་སྲིད་བཟོ་བཅོས་བྱ་དགོས་པ་བྱུང་ན་བྱ་སྒྲོ་ཞིག་གིས་ཡང་ཡང་དུ་རྡེབ་པ་ཙམ་གྱིས་སྟབས་བདེ་པོ་ཞིག་གི་ལྡེབས་ངོས་དཀར་གཞིའི་སྟེང་གི་རི་མོ་དེ་གཞི་མེད་དུ་ཡལ་ཐུབ་པའི་དགོས་པ་ཁྱད་པར་ཅན་ཞིག་ཡོད་པས་སོལ་པིར་ནི་མེད་ཐབས་མེད་པའི་ལྷ་བཟོའི་འབྲི་བྱེད་ཀྱི་ལག་ཆ་ཞིག་ཡིན།  སོར་པིར་གྱིས་བྲིས་པ་དེ་ཡང་གོས་རིས་སོགས་ལ་རི་མོ་སྦོམ་ཕྲ་གཏོང་བའི་ཚད་དེ་ལས་སླ་མོ་འབྲི་ཐུབ་པ་ཡིན། དེ་ནས་སོར་པིར་གྱི་སྐྱ་རིས་ལེགས་པར་འབྲི་བཞེངས་གྲུབ་རྗེས་དེའི་སྟེང་དུ་སྣག་ཚ་སླ་མོ་ཞིག་གིས་ནོན་རྒྱག་འཕྲལ་སོལ་པིར་གྱི་རི་མོ་རྣམས་བྱ་སྒྲོས་རྡེབ་པར་བྱ་བ་ཡིན།  ལྷ་སྐུ་གང་དང་གང་བཞེངས་པ་དེ་ཐིག་ཁོག་སྤྲད་ནས་སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ན་བཟའ་བཅས་བཞེངས་སྐུ་དང་བཞུགས་སྐུ་ཁྲི་གདན་བཅས་མདོ་རྒྱུད་གཞུང་ལུགས་ཀྱི་དགོངས་པ་དང་བླ་མ་དམ་པའི་མན་ངག་སོགས་དང་མཐུན་པ་བྱ་དགོས་པ་ཡིན་ལ། གཙོ་བོ་བྲིས་འབུར་སོགས་སྐུ་བརྙན་གང་བཞེངས་རུང་ལྷ་བཟོ་རྣམས་ཀྱིས་རང་རང་གི་རྣམ་དཔྱོད་དང་རིག་རྩལ་གྱི་ཁྱད་ཆོས་རེ་གསལ་བ་སྟོན་ཡོད་པ་ནི་ཆོས་ཉིད་ཡིན་ལ།  མདོར་ན་ཕྱི་ཡུལ་གྱི་བཀོད་པ་དང་ནང་ལྷ་སྐུའི་བཀོད་པ་རྣམས་གསང་བ་སེམས་ཀྱི་རྟོགས་ཚོགས་ཐམས་ཅད་རང་འགགས་སུ་འགྲོ་བའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་བསྒྱུར་ཐུབ་པ་བྱ་བ་ནི་ལྡེབས་རིས་ཀྱི་སྒྱུ་རྩལ་དང་ཁྱད་ཆོས་གཙོ་བོ་དེ་ཡིན།  གཞན་ཡང་ཚོན་གྱི་སྡེབ་སྦྱོར་དང་མདངས་ཀྱི་ལྗིད་ཡང་གཟི་ཡི་ཁྱད་པར་སོགས་འདིར་ཡིག་ཚོགས་མང་བས་མ་བྲིས་པ་ཡིན།།

གཅིག ལྡེབས་རིས་ཀྱི་མིང་བྱུང་ཚུལ་སྐོར།

ལྡེབས་རིས་ཀྱི་མིང་འདི་ཐོག་མར་ཇི་ལྟར་བྱུང་བ་ནི།  སྤྱིར་ལྡེབས་ནི་ལོགས་དང་ངོས་ངོར་སོགས་ལ་གོ་དགོས་པ་ཡིན་ལ་བྱེ་བྲག་ཏུ་ཆེ་ས་ནས་རི་ངོས་ཀྱི་ལྡེབས་དང་བྲག་ངོས་ཀྱི་ལྡེབས། ཆུང་ས་ནས་རྩིག་ཁང་དང་།  ས་གྱང་སར་མ་བསླས་པ་དང་ཤིང་ལོད་དང་བང་ཁང་སོགས་གྲུ་ཆོད་བྱས་པའི་ཁང་པའི་ལྡེབས་ངོས་སམ་ངོར་བཅས་ལ་གོ་རུང་བ་དང་།  རིས་ནི་རི་མོའི་བསྡུས་མིང་ཡིན་ཞིང་ལྷ་ཁང་དང་གཙུག་ལག་ཁང་བྲག་ཕུག་བསྒྲུབ་ཁང་གི་ངོས་སོགས་ལ་རི་མོ་བྲིས་པ་ལ་ལྡེབས་རིས་ཞེས་ཐ་སྙད་འདི་བྱུང་བ་མངོན་ལ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་སྤྱི་ལོ་1939ལོར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་དཔྱད་ཞིབ་པ་ནུབ་ཕྱོགས་ཀྱི་མཁས་དབང་སྐུ་ཞབས་ཇོ་སེབ་ཏུཀྩི་ལ་དྭགས་སུ་ཕེབས་ནས་བྲག་ལྡེབས་ཀྱི་ངོས་སུ་བརྐོས་པའི་མཆོད་རྟེན་དང་བོད་ཀྱི་དཔོན་བློན་ཆེ་གྲས་ཁག་གི་མཚན་དང་།   སེམས་ཅན་གྱི་གཟུགས་སོགས་རི་མོའི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་བརྙེད་པ་རྣམས་དཔར་བླངས་ནས་དཔར་གཞི་དེང་དུས་ཨི་ཏ་ལིའི་རྒྱལ་ས་གྲོང་ཁྱེར་རོ་མའི་ཤར་ཕྱོགས་སློབ་གཉེར་ཁང་གི་རིག་རྫས་ཡོ་ཆས་ཀྱི་མཛོད་དུ་བཞུགས་ཡོད་ཅེས་དང་།   སྤྱི་ལོ་1988ལོའི་དབྱར་ཟླ་འབྲིང་པོའི་ནང་ང་དང་ངའི་གྲོགས་པོ་དང་གྲོགས་མོ་མི་ཉུང་བ་ཞིག་དང་བཅས་པ་བོད་ནུབ་ཕྱོགས་དེང་དུས་མངའ་རིས་སུ་གྲགས་པ་གནའ་དུས་ཞང་ཞུང་གི་ཡུལ་དབུས་སུ་གནས་བསྐོར་དང་ལོ་རྒྱུས་ཞིབ་འཇུག་ལྷན་འབྲེལ་གྱིས་ཕྱིན་སྐབས་ཞང་ཞུང་རུ་ཐོག་གི་ཡུལ། འགྲུལ་ལམ་དང་ཉེ་བའི་བྲག་ངོས་ཤིག་ཏུ་ཆེས་རྙིང་མའི་རི་མོ་མི་ཉུང་བ་ཞིག་བརྙེད་པ་དེ་དག་ཨཱོསྟྲི་ལི་ཡའི་གཉུག་གནས་མི་རིགས་དེའི་ཡ་ཐོག་གི་མི་རྒྱུད་ཚོས་བྲག་ལྡེབས་ངོས་སུ་བྲིས་པའི་རི་མོ་དེ་དག་དུས་ཕྱིས་སུ་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་འགས་ཞིབ་འཇུག་བྱས་འབྲས་སུ་རི་མོ་དེ་དག་ནི་ཡ་ཐོག་གི་ལོ་རྒྱུས་ལོ་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་པ་གཏན་འབེབས་བྱས་ཡོད་ཅེས་གསུངས་པ་ལྟར་ན་དེའི་དུས་རིག་གནས་དང་ལག་རྩལ་སོགས་བསམ་བློའི་འཕེལ་རིམ་དང་ཁོར་ཡུག་གི་ཆ་རྐྱེན་དང་བསྟུན་ནས་བྲག་རྡོའི་ལྡེབས་ངོས་སུ་རི་མོ་འབྲི་བའི་སྲོལ་བྱུང་བ་དང་།  དེ་ནས་རིམ་བཞིན་མིའི་བསམ་བློ་དང་རིག་གནས་སོགས་ཡར་རྒྱས་ཅུང་ཕྱིན་པ་ན་རྡོ་བརྩིག་གི་སྡོད་ཁང་བཟོས་ནས་དེའི་ངོས་འདམ་ཞལ་བྱས་པའི་ལྡེབས་ངོས་སུ་རི་མོ་འབྲི་སྲོལ་བྱུང་བ།  དེ་རྗེས་གྱང་བརྡུང་ནས་གྱང་ལྡེབས་ཀྱི་ངོས་དང་སར་མ་བསླས་ནས་འཇིམ་པས་བསུབ་སྟེ་འཇམ་པོ་བྱས་པའི་ལྡེབས་ངོས་སོགས་སུ་རི་མོ་འབྲི་བའི་སྲོལ་བྱུང་བ་ཚོད་དཔག་བྱེད་ཐུབ་ལ།  མིའི་བསམ་བློ་དང་རིག་གནས་ཀྱི་འཕེལ་ཕྱོགས་ལ་རྟེན་ནས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ཡང་ཇེ་རྒྱས་དང་ཇེ་ལེགས་སུ་འགྲོ་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་ནོ།། 

བཞི། བོད་ཀྱི་ལྡེབས་རིས་ཀྱི་རིན་ཐང་།

བོད་ཀྱི་གནའ་བོའི་ལྡེབས་རིས་འདི་དག་རིན་ཐང་གཞལ་དུ་མེད་པའི་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འཐུག་ལ་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དེང་དུས་འཛམ་གླིང་གི་ཕུག་ནོར་ལྟ་བུར་གྱུར་ཡོད་པ་ཡིན་ལ།  ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྗེས་ཤུལ་འཚོལ་བརྙེད་བྱུང་བའི་བོད་ཀྱི་དགོན་སྡེ་ཁག་གི་གནའ་བོའི་ལྷ་ཁང་དང་གཙུག་ལག་ཁང་ན་བཞུགས་པའི་ལྡེབས་རིས་འདི་དག་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་མི་རིགས་འདིའི་ཚེ་སྲོག་དང་ཟུངས་ཁྲག་གི་རྟེན་དུ་གྱུར་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་བཅུ་ཕྲག་རིག་པའི་འབྱུང་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད།  རང་རེ་མི་རིགས་འདིའི་ཆོས་ལུགས་དང་དམངས་སྲོལ་སོགས་རིག་གནས་ཀྱི་ཉིང་བཅུད་འདུས་པའི་མདོ་རྒྱུད་རྒྱ་མཚོའི་སྙིང་པོའི་དགོངས་དོན་གྱི་བརྗོད་བྱ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་རྣམས་སྒྱུ་རྩལ་གྱི་ལམ་ནས་གཟུགས་རིས་སུ་ཕབ་སྟེ།  གཞི་ཕྱི་ནང་སྣོད་བཅུད་སོགས་མ་དག་པའི་སྣང་བ་ཐམས་ཅད་དག་པར་སྐུ་དང་ཡེ་ཤེས་ཀྱི་རང་སྣང་དུ་སྦྱངས་བར་བྱེད་པའི་ཐབས་ཁྱད་པར་ཅན་དང་ལྡན་པའི་ལྟ་བ་དང་།  ལམ་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱི་ཕྱུག་པའི་ནང་རྡོ་རྗེའི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་མ་དག་པའི་སྣང་བ་ཐམས་ཅད་ལྷ་སྐུ་བདེ་བ་ཆེན་པོ་རྒྱལ་བ་རིགས་ལྔའི་ཞིང་ཁམས་ཀྱི་བཀོད་པ་དཔའ་བོ་དང་མཁའ་འགྲོའི་གཟུགས་སུ་ཤར་བའི་སྒོམ་བྱུང་ཤེས་རབ་ཀྱི་རིག་པའི་ཀློང་རྡོལ་བའི་གྲོགས་སུ་འགྲོ་བ།   འབྲས་བུ་སྡུག་ཀུན་མ་དག་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་རང་འགགས་སུ་སོང་ནས་རང་སྣང་འོག་མིན་དག་པ་རབ་འབྱམས་སུ་སྣང་བའི་ཞིང་ཁམས་ཀྱི་བཀོད་པ་འབྱམས་སུ་ཀླས་ནས་འགྲོ་འདུག་ཉལ་འཆགས་ཀྱི་སྤྱོད་ལམ་ཐམས་ཅད་རང་གྲོལ་དུ་འགྲོ་བའི་རྒྱུ་རུ་གྱུར་པ།   མདོར་ན་སྐུ་བཞི་ཡེ་ཤེས་ལྔའི་མཚོན་དོན་རྣམས་སེམས་སུ་ཤར་ནས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟོགས་པ་ནམ་མཁའ་དང་མཉམ་པའི་ལྟ་བ་རྨད་དུ་བྱུང་ཞིང་རྟོགས་པའི་གདིང་རྙེད་པའི་རྒྱུ་འགྱུར་པའོ།།  དེང་དུས་བཞེངས་པའི་ལྡེབས་རིས་ཕལ་ཆེར་རས་གཞིའི་ངོས་བྲིས་པ་ཡིན་པས་གནའ་དུས་ཀྱི་ལྡེབས་ཞལ་བཟོ་སྟངས་དང་བསྡུར་ན་རིན་ཐང་དེ་ཙམ་ཆེ་བ་མི་འདུག་པས།  གཅིག་དུས་ཡུན་རིང་པོ་གཏན་འཇགས་སུ་འཇོག་ཐུབ་པ་མི་འགྱུར་བར་རས་ཀྱི་རྒྱུ་སྤུས་དེ་དུས་ཚོད་ཆེས་རིང་ན་ལོ་གཉིས་བརྒྱ་དང་སུམ་བརྒྱ་ཡན་མན་ལས་བེད་སྤྱོད་ཐུབ་པའི་ངེས་པར་མེད་པ་དང་།  གཉིས་ཁོར་ཡུག་གི་རྐྱེན་འབུ་སྲིན་དང་འབྱུང་བཞིའི་རྐྱེན་ཆར་ཆུའི་གནོད་འཚེ་ཐེབས་སླ་བ།  གསུམ་ལྡེབས་ཞལ་བཟོ་སྐབས་གབ་འབུར་མེད་པས་ལྡེབས་ངོས་མཉམ་པ་ལ་ཐལ་རྡུལ་འགོས་མི་ཐུབ་པ་དང་།   རས་གཞིར་ཐལ་རྡུལ་འགོས་སླ་བས་དུས་ཡུན་ཅུང་འགོར་ན་རུལ་སྐྱོན་གྱི་གནོད་འཚེ་ཐེབས་སླ་བ།  ལྡེབས་ཞལ་བཟོ་བར་ཆེས་རླིང་བའི་ལག་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པས་ལོ་སྟོང་ཕྲག་མང་པོར་འགོར་ཡང་ལྡེབས་རིས་རྣམས་སྔོན་ལྟར་གཟི་ཉམས་ལྡན་པའི་རིན་ཐང་ཡོད་དོ།།

ལྔ། གནའ་བོའི་ལྷ་ཁང་ནང་གི་ལྡེབས་ཞལ་བཟོ་སྟངས །

སྤྱིར་ལྡེབས་ཞལ་བཟོ་ཤེས་པ་ཙམ་གྱི་མི་ཕན་པར་རྒྱུ་རྐྱེན་མང་པོའི་སྒོ་ནས་ལྡེབས་རིས་སྤུས་དག་ཞིག་ཡོང་བ་བྱ་རྒྱུ་དེ་གལ་ཆེ་བས།  གཅིག་ལྡེབས་ཞལ་བཟོ་བ་ལ་མཁས་པའི་ལག་རྩལ་གྱི་མཁན་པོ་དེས་ཀུན་སློང་རྣམ་དག་གི་སྒོ་ནས་ལས་ཀའི་བཀོད་སྒྲིག་དང་འཆར་འགོད་ཡོད་པ།  གཉིས་ལས་ཀའི་གོ་རིམ་མ་འཁྲུགས་པར་ལྡེབས་ཞལ་བཟོ་ཆས་གྲ་འགྲིགས་ཤིང་ལག་རྩལ་གྱི་གྲོགས་སུ་འགྲོ་བའི་སྟ་གོན་ལེགས་པར་བྱ་བ།  གསུམ་མི་སྣའི་ལས་བགོས་ཀྱི་ཐབས་ལ་མཁས་ཤིང་དུས་ཚོད་འགོར་འགྱང་མེད་པར་གཏན་འཁེལ་བྱ་ཐུབ་པ་བཅས་ངེས་པར་དགོས་ལ། གནའ་བོའི་ལྷ་ཁང་གི་གྱང་དང་བརྩིགས་བཟོ་གང་རུང་གི་ངོས་ལ་ལྡེབས་ཞལ་བཟོ་སྟངས་ཇི་ལྟར་བྱས་ཡོད་ཅེ་ན་དང་པོ་ཕྱོགས་བཞིའི་ལྷ་ཁང་གི་གྱང་ངོས་ཁོད་སྙོམས་མིན་ཚད་ཤིང་དང་ཐིག་སྐུད་ཀྱིས་གཞལ་བ་དང་།   དེ་ནས་འབུར་ཀོང་ཡོད་ཚད་སྟ་རེ་དང་སྟིས་རྩག་སོགས་ཀྱིས་འབུར་རྣམས་བཞོགས་པ་དང་།  ཀོང་རྣམས་འཇིམ་པས་བསྐངས་ནས་ངོས་སྙོམས་པར་བྱས་ཏེ།  ཡང་སྐྱར་གནམ་ཐིག་གི་ཚད་ལེན་བྱས་ནས་རྐོ་ཚགས་ཀྱི་གཙུབ་བརྡར་བྱ་སྟེ་ངོས་མཉམ་པོར་མ་བྱུང་བར་དུ་བརྡར།  རྐོ་ཚགས་ནི་ཕྱུགས་ཟོག་གི་དཔྲལ་རྐོ་མ་མཉེད་པར་དམར་རུ་ལག་མཐིལ་ཙམ་རེ་བྱས་ཏེ་དེའི་སྟེང་སྤྱིན་ཆུ་དང་བྱེ་རྩུབ་རྡོ་མཁར་བསེ་འདུར་མར་སྡེབས་ནས་བྱུག་སྟེ་སྐམ་དུ་བཅུག་ནས་རྩུབ་རེག་གི་རྣམ་པ་ཅན་བཟོས་པ་ཞིག་ཡིན།  དེ་ནས་ཡང་སྐྱར་ཐིག་ལེན་བྱས་ནས་གབ་འབུར་མེད་པར་ངོས་མཉམ་པོ་བྱུང་ཚེ་གྱང་ངོས་ཆུ་ཡི་ཅུང་ཟད་སྦང་ནས་བྱེ་མ་ཚགས་མ་རྒྱབ་པ་བྱེ་ཧྲོབ་དང་རྩྭ་དྲེས་མ་གཏུབ་ནས་ས་རྩི་ཞིབ་མོ་དང་གསུམ་མཉམ་དུ་སྡེབ་པའམ་བསྲེས་ཏེ་འཇིམ་པ་ཡུན་རིང་པོ་རྐང་འོག་ཏུ་བསྣོལ་ནས་ད་གཟོད་ལག་ངོས་ཀྱིས་གབ་འབུར་མེད་པར་སྲབ་མཐུག་རན་པོ་བྱས་ནས་ཞལ་བ་རིམ་པ་དང་པོ་བྱས་ཏེ་དེ་ཉིད་སྐམ་ཐག་མ་ཆོད་བར་འཇོག་པ་དང་།   སྐམ་ཐག་ཆོད་རྗེས་ཡང་གནམ་ཐིག་ལེན་པ་དང་ཐིག་ཤིང་རྒྱང་ནས་ངོས་མ་མཉམ་པར་རྩུབ་བརྡར་གྱིས་མཉམ་པར་བྱས་པ་དང་།  དེ་ནས་བྱེ་མ་ཚགས་རྒྱག་ནས་ཞིབ་མོ་བྱས་པ་དང་ས་ཨར་ཀ་ཞིག་མོ་ལྷན་དུ་སྡེབས་ནས་སྔོན་ལྟར་རྐང་པས་བསྣོལ་བ་དང་སྔོན་ལས་ཅུང་ཟད་སྙི་བར་བྱས་ཏེ་ད་གཟོད་ལག་མཐིལ་གྱིས་ཡང་པོ་དང་ངོས་མཉམ་པོར་བྱས་ནས་བྱུག་པ་ནི་བར་བྱུག་སྟེ་རིམ་པ་གཉིས་པའོ།། བྱེ་མ་མང་དྲགས་ན་ཞལ་བ་མཁྲེགས་པོ་མི་ཡོང་བ་དང་། ས་རྩི་ཡོད་པ་མང་དྲགས་ཚེ་ཞལ་བ་གས་པ་སོགས་སྐྱོན་གྱི་མཐའ་གཉིས་སུ་མ་ལྷུང་བ་བྱེད་དགོས། ཡང་དེ་ཉིད་སྔོན་ལྟར་སྐམ་ཐག་མ་ཆོད་པར་འཇོག་ནས་རྒྱང་ཤིང་དང་གནམ་ཐིག་གི་ཚད་ལེན་བྱས་ཏེ་གབ་འབུར་མེད་པར་རྐོ་ཚགས་ཀྱི་དྲེག་ནས་ངོས་མཉམ་པར་བྱའོ།།  དེ་ནས་ས་དཀར་ཅུང་མང་བའི་ནང་ས་དམར་བསྲེས་ནས་གཉིས་ཀ་ཚགས་རྒྱག་པར་གོང་ལྟར་རྐང་པས་བརྫིས་ཏེ་བསྣོལ་བར་བྱས་ནས་སྔོན་ལས་ཅུང་སྙི་བར་ལག་པས་ཞལ་བ་དང་ཤིང་ལེབ་ཆུང་ཆུང་ཞིག་གི་ངོས་སྙོམས་པར་ཞལ་བ་བྱས་པ་ནི་རིམ་པ་གསུམ་པའོ།   དེ་ཉིད་སྐམ་ཐག་ཆོད་པ་བྱས་ནས་ས་དཀར་ཞིབ་མོར་འདུལ་བར་སྤྱིན་ཆུ་རན་པ་དང་ལྷན་དུ་བསྐོལ་ཏེ་གཡག་གི་རྔ་མར་ཚགས་རྒྱག་ནས་སྐ་སླ་འཚམ་པར་བྱས་ཏེ་ལྡེབས་ངོས་པིར་ཆེན་པོའི་བྱུག་ནས་དཀར་འཇམ་ཡུག་གཅིག་ཏུ་གདལ་བར་བྱའོ།།  དབུར་རྒྱག་སྐབས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་སྟེ།    སྐམ་བརྡར་རྩ་བ་ནས་ཐེབས་མི་རུང་། རྒྱུ་མཚན་ནི། ལྡེབས་རིས་འབྲི་སྐབས་ཐོག་མར་རྩ་དམ་ནས་ས་ངང་པ་དང་། དཀར་གདན།    ཚོན་ཁ། སྐྱོབ་སོགས་སྤྱིན་ཆུ་ཡོད་པ་རིམ་པ་དྲུག་ཙམ་བྱུགས་དགོས་རྐྱེན། སྐམ་དབུར་ཐེབས་སའི་ཞལ་བས་སྤྱིན་མ་འཁྱོག་པར་ཞལ་བ་གོག་སྲིད་པ་དེ་རེད། དེ་ནས་སྐམ་ཐག་མ་ཆོད་གོང་བག་ཅུང་ཟད་ཡོད་པར་ཆུ་རྡོ་དང་ཤེལ་སོགས་འཇམ་ལ་ངོས་མཉམ་པོའི་ཡང་ཡང་བརྡར་བར་བྱས་ཏེ་འཇམ་སོང་བུད་རྗེས་གཞི་ནས་ལྷ་བཟོའི་ཐིག་གདབ་ནས་བྲིས་པ་ཡིན་ནོ།།  དེང་སང་དེ་འདྲ་མི་དགོས་པར་རས་གཞིའི་ངོས་སུ་ཧ་ཅང་སྟབས་ལེགས་པོའི་སྒོ་ནས་འབྲི་བཞིན་པ་ལགས་སོ།  གནའ་དུས་པུ་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོའི་སྐུ་དུས་བཞེངས་པའི་ཕོ་བྲང་ཡུམ་བུ་ལྷ་ཁང་གི་ལྡེབས་བྲིས་རི་མོ་དེ་ཡང་རྒྱལ་ཡོངས་བཅིངས་འགྲོལ་མ་གཏང་གོང་ཕྱི་རྒྱལ་གྱི་མིས་དཔར་བཤུས་བྱས་ཡོད་པས་གནས་ཚུལ་ཐོས་རྒྱུ་འདུག་པ་དེར་བརྟགས་ན། ལོ་ཉིས་སྟོང་ཙམ་གྱི་དུས་ཡུན་རིང་པོའི་ནང་མ་ཉམས་པར་གནས་ཐུབ་པའི་ལྡེབས་བྲིས་ཤིག་བྲིས་ཡོད་པ་དེར་འབྲི་བཞིའི་ལྡེབས་ཞལ་བཟོ་བོའི་ལག་རྩལ་ཆུ་ཚད་ངེས་ཅན་ཡོད་དགོས་པ་མཐོང་ཐུབ་ཅིང་། དཔེ་དེ་བཞིན་དུ་བོད་ཡུལ་དུ་གནའ་བོའི་ལྷ་ཁང་ཆེ་ཕྲ་ཁག་སྤྱི་དང་བྱེ་བྲག་དེང་སང་སྐད་གྲགས་འཛམ་གླིང་ན་ཡོངས་སུ་ཁྱབ་པའི་པོ་ཏ་ལའི་ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཀྱི་ནང་གི་སྡེབ་ཞལ་བཟོ་བའི་ལག་རྩལ་ཅན་དང་ལག་གཡོག་པ་(རྒྱ་རི་ཙན་དན་དང་མི་གཅིག་བྱིངས་གྲས་ཟ་དམ་བསམ་འགྲུབ་སོགས་མི་དགུ། དཀྱུས་མའི་གྲས་མི་བཅུ་གཉིས་བཅས་ཡོད་ཅེས་པའི་ལོ་རྒྱུས་ལ་བརྟག་ན། རྒྱ་ཁྱོན་ཆེ་བའི་ཁང་པ་དེ་འདྲར་ལྡེབས་ཞལ་སྤུས་ཚད་དང་རིན་ཐང་ཧ་ཅང་མཐོན་པོ་ཡོད་སྟབས། མི་གྲངས་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་འདི་ལ་བསམས་ན་ལྡེབས་ཞལ་རྒྱག་རྒྱུའི་རྒྱུན་རིང་པོ་འགོར་ཡོད་པ་གཞི་བཅས། དེ་མིན་སྤྱིར་བཏང་གྱང་ངོས་སུ་ལྡེབས་རིས་བྲིས་ནི་ལོ་མང་པོ་གནས་མི་ཐུབ་པ་མ་ཟད་གསལ་པོ་མཐོང་ཡང་མི་ཐུབ་པ་ཞིག་གྱུར་འགྲོ་བ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1