ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གིས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་བཅུའི་རིང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བསམ་བློར་བཅིངས་འགྲོལ་དང་དྲང་སྲུང་གསར་གཏོད་བྱས་ཏེ། རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་འབོར་ཆེན་ཞིག་བཏོན་པ་དང་། མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཞིག་གྲུབ་ནས། བསྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་སྟེགས་བུའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད་ཅེས་བསྟན་འདུག །
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ལོ་བཅུའི་འཛུགས་སྐྲུན་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཡར་བརྩོན་དང་འགག་གཏོར་དཀའ་སེལ་གྱི་གདོང་ལེན་པ་བྱེད་ཕོད་པ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་དེ་བས་གཏིང་ཟབ་པའི་སྒོ་ནས་འཚོལ་ཞིབ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཧུར་ཐག་བསྐྲུན་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེས་སྣེ་ཁྲིད་བྱ་རྒྱུ་དང་ལམ་ལུགས་གསར་གཏོད་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པ། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། བསྒྱུར་བཅོས་ཁྱོན་ཡོངས་ཀྱི་ཇུས་འགོད་དང་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བཙུགས་ནས་ལོ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་དེ་ཟླ་9ཚེས་26ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། མུ་མཐུད་འདུ་ཤེས་བརྗེ་བསྒྱུར་བྱེད་པ། འགན་ལེན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ལམ་ལུགས་གསར་གཏོད་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། སྒོ་དབྱེར་རྒྱ་སྐྱེད་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། གོང་འཕེལ་འཆར་འགོད་ལ་ཆུ་ཚད་གསར་པ་ལྡན་པ་བཅས་བྱས་ཐོག ཆུ་ཚད་དེ་བས་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་བསྟན་འདུག
བཞུགས་མོལ་ཚོགས་འདུའི་ཐོག །ཚོང་དོན་པུའི་འགན་འཁུར་བློ་མཐུན་གྱིས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ལོ་བཅུའི་འཛུགས་སྐྲུན་གནས་ཚུལ་སྙན་སེང་ཞུས་པ་དང་། ནོར་སྲིད་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ལས་ཁུངས། ཧྲང་ཧའེ་དང་། ཐེན་ཅིང་། ཧྥུ་ཅན། ལིའོ་ཉིང་། སི་ཁྲོན། ཀོང་ཞི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་གནང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གནས་སའི་ཞིང་ལྗོངས་དང་གྲོང་ཁྱེར་21གི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། །