འོ་ན་ཕུ་བོ་ཞལ་དཀར་ལགས། བུ་སྤུན་ནང་དམེ་མི་བྱེད་དེ། ལམ་སྐྱ་རིང་དེ་ལས་མ་འབྱོན་པར། རྟ་ཁ་འཐེན་ནས་ཅུང་བཞུགས་པ་དང་། ཡིན་ལུགས་ཀྱི་གླུ་ལ་ཞུ་ལོང་མཛོད། ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །
གླུ་ཐ་ལ་ལ་མོ་ཐ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །
རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །
གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །
གཟིམས་མེད་མར་མེ་ཚེ་འབར་མཁྱེན། །
དེ་བས་ཡན་ལ་འདི་མཆོད་མེད། །
ས་འདིའི་ས་ངོ་མ་ཤེས་ན། །
བྱེ་རི་རྔམ་ཆེན་ཡར་ཁུགས་རེད། །
ང་དང་ང་ངོ་མ་ཤེས་ན། །
རྩིབས་སྟོང་དཀར་མོའི་ནང་བཅུད་ལ། །
གུ་ཡང་སྟག་ཞུ་རྒྱལ་པོ་བཞུགས། །
བཙུན་མོ་ཨ་བཟའི་པང་བ་ནས། །
ཁྲི་བཙུན་ལྷའུ་མཆེད་གཉིས་འཁྲུངས། །
ཕ་རུས་སེ་ཆེན་གནམ་གྱི་རྒྱུད། །
མ་ཁུངས་རྒྱ་ནག་སྟོང་ཁུན་ཐོབ། །
གླིང་དཀར་རྒྱ་ཚ་ཞལ་དཀར་དང་། །
མ་རུས་གཅིག་པའི་སྤུན་ཟླ་ཡིན། །
ཧོར་གླིང་ཇུས་སྣེ་མ་འཐུད་ན། །
རུས་མཐུན་ཁོང་པའི་སྐྲན་དང་འདྲ། །
དེ་ནས་མི་ཆེན་ཞལ་དཀར་ལགས། །
ཁྱོད་དང་འུ་གུ་གཉིས་པོ་འདི། །
ཁྱི་ནག་སྦར་འཛིང་བྱས་སྲིད་ན། །
ཁྱི་ལྤགས་འཐོར་རྒྱུ་ག་ན་ཡོད། །
ཧོར་གླིང་མི་ཤ་བགོས་སྲིད་ཀྱང་། །
ཕུ་ནུའི་མཐུན་སེམས་ག་ན་བཤིག །
ཞལ་ལུ་འབྱོན་པའི་ལམ་སོ་ན། །
ལྷའུ་འབྲོས་པ་ག་ལ་སྲིད། །
ལྷའུ་བྲོས་པའི་ཕྱི་རྗེས་སུ། །
ཞལ་དཀར་འབྱོན་པ་དགྲ་ལ་སྒྱུར། །
དེ་རིང་ཉི་མ་ཕན་ཆད་ལ། །
ཧོར་གླིང་གནམ་ས་ཁ་རྡེབ་བྱས། །
རྩ་བ་སྤུ་ལ་མ་གྲུབ་ཀྱང་། །
རྩེ་མོ་གནམ་ལ་རྒྱས་ནས་ཐལ། །
རྩོད་རྒྱུ་རྡུལ་ཙམ་མ་ཡོད་ཀྱང་། །
ཡོང་རྒྱུ་ས་ལ་མ་ཤོང་ཐལ། །
དེ་སྟེ་ཉི་མ་དེ་རིང་ནས། །
སེར་པོ་ཧོར་དང་གླིང་དཀར་སྟོད། །
མར་དང་ཐུད་གཉིས་སྦྱར་འདྲ་བསམ། །
འཇིག་རྟེན་བོད་ཀྱི་ས་ཆ་ན། །
འདུན་མ་མེད་པ་གཅིག་ཀྱང་མེད། །
གནམ་ས་གཉིས་ལ་འདུན་མ་གདའ། །
ས་རླངས་ནམ་མཁའི་སྤྲིན་དུ་ཆགས། །
གནམ་ཆར་དོག་མོའི་རྒྱན་དུ་འབབ། །
འབྲུག་དང་ན་བུན་དེ་ལས་བྱུང་། །
དེ་ལ་གནམ་སའི་འདུན་མ་ཟེར། །
དབྱར་དགུན་གཉིས་ལ་འདུན་མ་གདའ། །
དབྱར་ཆབ་དགུན་གྱི་ལྷགས་པས་བསྡམས། །
དགུན་འཁྱག་དབྱར་གྱི་ཉི་མས་ཞུ། །
དྲོ་གྲང་དཀྱིལ་ན་སྔོ་ལྗང་འཁྲུངས། །
དེ་ལ་དབྱར་དགུན་འདུན་མ་ཟེར། །
དགེ་སྡིག་གཉིས་ལ་འདུན་མ་གདའ། །
ལས་དཀར་པོས་སྡིག་པའི་འབྲས་བུ་སྦྱངས། །
དམྱལ་བ་བསམས་ནས་དགེ་བ་བསྐུལ། །
དཀར་ནག་མཚམས་ནས་ལམ་སྣ་ཟིན། །
དེ་ལ་དགེ་སྡིག་འདུན་མ་ཟེར། །
ཧོར་སེར་ཡུ་དམར་རྒྱ་ཇ་ལ། །
མཐོང་སྨོན་ཟིལ་ཆུང་མར་དཀར་འདྲ། །
འདུན་མ་མི་འབྱུང་ཅི་ལ་གདའ། །
སེར་པོ་ཧོར་དང་མཐོང་སྨོན་གཉིས། །
ཕྱི་ཤུན་མ་ཡིན་ནང་ཚིལ་ཡིན། །
ཡུལ་གཉིས་མཐུན་སྡེབས་མ་བྱུང་ན། །
ཞང་པོ་རྒྱ་ནག་མཚང་ལ་གནོད། །
འཛམ་གླིང་གྲགས་པ་ངན་པས་ཁྱབ། །
རྒྱ་ཚ་ཉི་ཁྲི་ལྷའུ་གསུམ། །
སྤུན་གསུམ་མ་རུས་གཅིག་ལ་ཐུག །
ཉི་ཁྲིས་ཚོར་ན་ཞེ་ཁྲེལ་འཇོག །
རྒྱ་བྱ་རྨ་བྱ་ཆུ་བྱ་གསུམ། །
རྟ་གསུམ་རྒོད་མ་གཅིག་ལ་འཁྲུངས། །
ཆུ་བྱས་ཚོར་ན་ཞེ་ཁྲེལ་འཇོག །
དེ་བས་འདུན་བྱུང་ན་དགའ། །
དང་པོ་ངེད་རང་སྤུན་ཟླ་གཉིས། །
ཕྱི་མ་གཉན་པོའི་མནའ་ཡིག་བསྡམས། །
ཚེ་འདིར་གཉན་པའི་འབའ་ཐོ་འབྲི། །
འབུམ་མཚོན་གླིང་གཏད་པ་དེ། །
ཧོར་རི་པ་ཐང་པ་འབུམ་པ་གསུམ། །
རུ་གསུམ་གླིང་གི་སྡུག་སངས་གྱིས། །
སྤྱི་དཔོན་སྣང་ངུ་གཡུ་སྟག་དང་། །
རོང་ཚ་གོང་གི་དམར་ལེབ་གཉིས། །
མི་ཚབ་ལྷའུ་ང་རང་དང་། །
ཐང་རྩེ་གཡུ་འབྲུག་གླིང་ལ་ཁྲིད། །
དེ་མིན་གླིང་ཤི་སྟོང་ཡོད་གྱིས། །
ཧོར་ཤི་སྟོང་མེད་ཁྱི་ཤི་གྱིས། །
གསེར་དངུལ་གཉིས་པོ་རྒྱ་འགྱོད་བྱེད། །
དར་གོས་ཡུག་ཆན་འདོམ་ལ་འཇལ། །
འབུམ་སྒར་བཏབ་ཤུལ་གསེར་ཕྱེས་གསོ། །
རྨ་ཆུའི་རྙོག་མ་དངུལ་གྱིས་འབྱེད། །
ལམ་སྐྱ་རིང་ཁ་གསོས་ཇ་ལ་བྱེད། །
ཡ་རྩེའི་རྒྱལ་པོ་དཀར་ནག་གཉིས། །
འབུམ་པའི་དཔོན་ལ་ཕྱག་འབུལ་བྱེད། །
ཧོར་སེར་འདུན་སྣེ་ལྷའུས་འཛིན། །
བྲག་ལ་རྡོག་པ་གཏད་འདྲ་བྱེད། །
གླིང་དཀར་འདུན་སྣེ་ཞལ་ལུས་མཛོད། །
རི་ལ་རྒྱབ་རྟེན་བཅོལ་འདྲ་བཟོ། །
དཔོན་མགོ་ཉི་ཟླ་དགུང་ལས་མཐོ། །
སྡེ་མགོ་སྐར་ཚོགས་མཐའ་ནས་རྒྱས། །
འཕྲལ་བདེ་ཕུགས་སྐྱིད་ཡོང་ངེས་གདའ། །
རེད་ཨེ་དགོངས་འབུམ་པའི་ཞལ་ལུ་དཔོན། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
ཞལ་དཀར་ཐུགས་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་བླངས་པ་དང་། ཞལ་ལུ་ནས། ཡ་གོ་བྱུང། འབྲོང་བསད་པས་མི་ཆོག་འབྲོང་རྔ་འཕྱུར། སྙིང་ན་བའི་སྟེང་ན་སྙིང་ཚིམ་རྡར། གླིང་དཀར་པོ་རྩ་མེད་ཐོན་སྟེང་ནས། འདུན་མ་ཅི་འདྲ་བྱ་རྒྱུ་ཡིན། གསུངས།།