ཉེ་ཆར་མཛོད་དགེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་ཤིན་ཧྭ་དཔེ་ཚོང་ཁང་གིས་མཉམ་འབྲེལ་སྒོས་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་ལ་སྐུལ་འདེད་བཏང་ནས། རིན་སྤྲོད་མི་དགོས་པར་དཔེ་དེབ་སློབ་གྲྭར་སྐྱེལ་བའི་2023ལོའི་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་གྱི་དྲིལ་བསྒྲགས་བྱེད་སྒོ་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་དང་ཨ་སྐྱིད་རོང་ལྟེ་བའི་སློབ་གྲྭ་ནས་སྤེལ།
ཤིན་ཧྭ་དཔེ་ཚོང་ཁང་གི་ལས་དོན་མི་སྣས་བྱིས་པ་རྣམས་ལ་ཀློག་དེབ་སྣ་ཚོགས་མཁོ་འདོན་བྱས། དེས་མ་ཟད་དང་བླངས་པས་དཔེ་དེབ་ཀྱི་ནང་དོན་ལ་འགྲེལ་བཤད་གང་ལེགས་བྱས། བྱིས་པ་རྣམས་ཀྱིས་ཐེངས་འདིའི་བྱེད་སྒོ་བརྒྱུད་ཤེས་བྱ་གང་མང་སྦྱོང་ཐུབ་པས་ཕན་པ་ཆེན་པོ་འདུག་ཅེས་བཤད།
རྒྱུས་ལོན་པ་ལྟར་ན། ད་ལོ་ནི་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་སྐབས་ལྔ་པ་ཡིན། བྱེད་སྒོ་དེ་དྲ་ལམ་དང་ཡུལ་དངོས་ནས་སྤེལ་བ་བརྒྱུད་རྒྱ་ཆེའི་ཀློག་པ་པོར་དུས་རབས་དང་འཚམ་པའི་བརྩམས་ཆོས་སྤུས་དག་གཅིག་བསྡུས་སྒོས་འགྲེམས་སྟོན་བྱས། ངོ་མཚར་ཆེ་བའི་དཔེ་ཀློག་བྱེད་སྒོ་སྤེལ་ནས་དམངས་ལ་ཕན་པའི་རིག་གནས་ལེགས་པར་ངོམས། སྐབས་འདིའི་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་བྱེད་སྒོ་དེ་སྔོན་གྱི་རྨང་གཞིའི་ཐོག་གསར་གཏོད་གང་ལེགས་བྱས་ཏེ། རྒྱ་ཆེའི་ཀློག་པ་པོར་དཔེ་ཀློག་གི་ཞབས་ཞུ་ལེགས་པོ་མཁོ་འདོན་བྱས་ནས། དཔེ་ཀློག་གི་སྲོལ་བཟང་ཞིང་ཆེན་ནས་རྒྱལ་ཡོངས་སུ་ཁྱབ་པར་བྱས་ཏེ། དྲ་ལམ་དང་ཡུལ་དངོས་གཉིས་ནས་མི་དམངས་མང་ཚོགས་ལ་ཐེན་ཧྥུའུ་དཔེ་དེབ་འགྲེམས་སྟོན་ཁྲོད་དཔེ་ཀློག་གི་སྲོལ་བཟང་དར་སྤེལ་གྱི་སྤྲོ་སེམས་འཕེལ་དུ་བཅུག །
ཐེངས་འདིའི་བྱེད་སྒོར་བོད་ཡིག་སློབ་འབྲིང་དང་ཨ་སྐྱིད་རོང་སློབ་ཆུང་ལ་ཁྱོན་དཔེ་དེབ་450དང་སྒོར་9000ལྷག་ཞལ་འདེབས་ཕུལ།