དངོས་མཚོན་གློག་བརྙན《བོད་དུ་བསྐྱོད་པ》ཞེས་པ་སྟོན་འགོ་ཚུགས།

གསར་འགོད་པ། ཀུན་བཟང་དབང་མོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-19


བོད་འབྲེལ་ས་ཁུལ་གྱི་གསང་བ་འཚོལ་ནས་ཐུན་མིན་གྱི་རྒྱལ་ལམ་317ལ་མྱོང་ཚོར་བྱེད། ཚའོ་གོ་ཆང་གིས་པར་གཞི་འདོན་མཁན་དང་པར་གཞི་གཉེར་མཁན་གྱི་འགན་ཁུར་བ་དང་། ཝང་ལེང་གིས་འཁྲབ་ཁྲིད་པའི་འགན་ཁུར་བའི་མི་ཆོས་རིག་གནས་ཀྱི་གསང་བ་འཚོལ་བའི་དངོས་མཚོན་གློག་བརྙན《བོད་དུ་བསྐྱོད་པ》ཞེས་པ་དེ་2023ལོའི་ཟླ་10ཚེས་16ཉིན་ཨའེ་ཆི་དབྱི་ཐོག་སྟོན་འགོ་ཚུགས།

དངོས་མཚོན་གློག་བརྙན་དེ་ནི་གཙོ་སྐྱོང་བ་དབྱིན་ཧེང་གི་མྱོང་བརྒྱུད་དངོས་ཀྱི་ཐོག་ནས་ཁོང་གིས་རྒྱལ་ལམ་317བརྒྱུད་ཁྲེང་ཏུའུ་ནས་རྡོག་ཐོན་གྱིས་སི་ཁྲོན་གྱི་རྔ་བ་ཁུལ་དང་དཀར་མཛེས་ཁུལ་བརྒྱུད་བོད་ཀྱི་ཆབ་མདོ་དང་ནག་ཆུར་བསྐྱོད་པ་དང་། དེ་ནས་ལྷ་སར་བསྐྱོད་པའི་འགྲུལ་བཞུད་གནས་ཚུལ་དངོས་བཀོད་ཡོད་པ་དང་། ལམ་བར་གྱི་གསང་བ་འཚོལ་ཞིབ་བྱས་པ་ཞིག་རེད། ལམ་བར་གྱི་བརྗིད་ཉམས་ཆེ་བའི་ཡུལ་ལྗོངས་སྣ་མང་དང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་སོགས་ཀྱིས་འདི་ནི་གསང་བ་འཚོལ་བའི་འགྲུལ་བཞུད་ཅིག་ཡིན་ལ་བདག་ཉིད་འཚོལ་བའི་འགྲུལ་བཞུད་ཅིག་ལ་ཡང་གྱུར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། དངོས་མཚོན་གློག་བརྙན་དེ་ཝང་ཀྲའོ་ལིང་གིས་རྩོམ་འབྲི་བ་དང་། སི་ཀའོ་རོང་གིས་བོད་རིག་པའི་བློ་འདྲི་བ་བྱེད་པ། ཁྲེན་ཧྥེ་ཧའོ་ཡིས་ལྟ་ཞིབ་ཇུས་འགོད་བྱེད་པ། བསོད་ནམས་སྟོབས་ལྡན་གྱིས་བརྙན་བླངས་པ། ཅིན་ཅིང་དང་ཝང་ཞི་ཁྲའོ་ཡིས་འགྲེམས་སྤེལ་བྱེད་མཁན་བྱེད་པ། ཁྲེང་ཏུའུ་ཅི་ཡ་ཁེ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་པར་གཞི་འདོན་པ་དང་སྒྲིག་སྦྱོར་བྱེད་པ། པེ་ཅིང་དབྱི་ཕིང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འགྲེམས་སྤེལ་བྱེད་པ། ཐེན་མའེ་རིག་གནས་སྨྱན་སྦྱོར(པེ་ཅིང)ཚད་ཡོད་ཀུང་སིས་དྲིལ་བསྒྲགས་བྱས་པ་ཞིག་རེད།

《བོད་དུ་བསྐྱོད་པ》ཞེས་པའི་བརྙན་ལམ་ཐོག་ནས་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ངོ་མཚར་རྨད་བྱུང་གི་གསང་བའི་ཡུལ་ཁམས་མངོན་པར་བྱས་ཡོད། འདི་གར་མུ་མཐའ་མེད་པའི་གཡང་གཟར་རི་མཐོ་དང་དབེན་འཇགས་མཚེའུ་ཡོད་པ་དང་། མཐའ་ཡས་པའི་མི་མེད་ལུང་སྟོང་དང་ཁ་སི་ཐེའི་རི་ཚོགས་ཡོད་ཅིང་། བོད་རིགས་དང་ཆའང་རིགས་ཀྱི་སྤུན་ཟླ་འཚོ་སྐྱོང་བྱེད་བཞིན་ཡོད་ལ། འོད་སྟོང་འཕྲོ་བའི་རིག་གནས་དང་ལག་ཤེས་བཟོ་རྩལ་ཡང་གསོ་སྤེལ་བྱས་ཡོད། འདི་གར་ནི་འཛམ་གླིང་གི་ཡང་རྩེ་ཡིན་པ་དང་། འདི་གར་ནི་རྨི་ལམ་ཁྲོད་ཀྱི་གནས་མཆོག་ཡིན་ཞིང་། མི་མང་པོ་ཞིག་གིས་མི་ཚེ་གཅིག་གི་རིང་ངེས་པར་དུ་འགྲོ་དགོས་པའི་ས་ཆ་ཡིན་ཏེ། དེའི་གདོད་མའི་ངོ་རིས་དང་ངོ་མཚར་རྣམ་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཅིང་ཡིད་སྨོན་བྱ་ཡུལ་དུ་གྱུར་ཡོད། 

《བོད་དུ་བསྐྱོད་པ》ཞེས་པས་ད་དུང་རྒྱལ་ལམ་317ཐོག་གི་ཀུན་གྱིས་ཤེས་རྟོགས་ཐུབ་མེད་པའི་མཛེས་ལྗོངས་འཚོལ་ཞིབ་གཏིང་ཟབ་བྱས་ཡོད་དེ། ས་ཡོམ་ཆེན་པོ་ཐེངས་གསུམ་བརྒྱབ་ཀྱང་གཡོ་བ་མེད་པའི་ཀྲི་པོ་མཁར་རྫོང་དང་། འབོ་སྟུག་བྲག་བརྐོས་རི་མོ། བེ་རོ་ཙ་ནའི་སྒྲུབ་ཕུག “བོད་ཀྱི་རིག་གནས་ཤེས་བྱ་ཀུན་བཏུས་ཆེ་མོ”ཞེས་སུ་འབོད་པའི་སྡེ་དགེ་པར་ཁང་སོགས་ཡོད། དེ་དང་ཆབས་ཅིག་གཏམ་རྒྱུད་ཀྱིས་ཕྱུག་པའི་མི་ཁག་གཅིག་ཀྱང་འཕྲད་ཡོད། 

《བོད་དུ་བསྐྱོད་པ》ཞེས་པའི་སྤྱི་ཁྱབ་པར་གཞི་གཉེར་མཁན་སྐུ་ཞབས་ཚའོ་གོ་ཆང་ནི་ནུབ་རྒྱུད་ས་ཁུལ་དུ་ཡུན་རིང་འཚོ་བ་སྐྱེལ་བའི་སྤྱི་ཕན་རོགས་སྐྱོབ་རུ་ཁག་གི་ཁོངས་མི་རྒན་གྲས་ཤིག་ཡིན་པ་དང་། ཁོང་དང་ཁོང་གི་ཚོགས་པའི་སེམས་ནང་བོད་ནི་ངོ་མཚར་ཆེ་ལ་རྒྱང་རིང་བའི་ས་ཆ་ཙམ་ཞིག་མ་ཟད། དེ་བས་རིག་གནས་དང་ལོ་རྒྱུས་ཀྱིས་ཁེངས་པའི་ས་ཆ་ཞིག་རེད། ཁོང་ཚོས་བོད་ཀྱི་རིག་གནས་ལ་གུས་བཀུར་དང་དགའ་ཞེན་གྱི་རྣམ་འགྱུར་ཐོག་ནས《བོད་དུ་བསྐྱོད་པ》ཞེས་པའི་དངོས་མཚོན་གློག་བརྙན་བཟོ་རྒྱུའི་བསམ་ཚུལ་བཏོན་པ་རེད།

འཁྲབ་ཁྲིད་པ་ཝང་ལེང་གིས་གསར་རྩོམ་གནང་སྐབས་སྤྲོ་སེམས་ཆེན་པོ་བཅངས་ཡོད། ཁོང་གིས། ད་ཐེངས་ཀྱི《བོད་དུ་བསྐྱོད་པ》ཞེས་པ་དེར་འཆར་སྣང་ཁྲོད་མཁའ་ལམ་དུ་ཁྲིད་ཅེས་བརྗོད་དོན་ནི་དེ་ནི་ཡུལ་སྐོར་ཟིན་ཐོ་བཀོད་པའི་དངོས་མཚོན་གློག་བརྙན་ཞིག་ཙམ་མ་ཟད། བོད་ཀྱི་རིག་གནས་དང་མཛེས་ལྗོངས་འཚོལ་ཞིབ་གཏིང་ཟབ་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད། ཁྲོན་བོད་བྱང་ལམ་ནི་བོད་ནས་སི་ཁྲོན་ནུབ་རྒྱུད་ས་ཁུལ་དུ་བསྐྱོད་པའི་བགྲོད་ལམ་གཙོ་བོ་ཡིན་པ་དང་། དེའི་རྒྱུད་དུ་ཆོས་ལུགས་གནའ་ཤུལ་དང་རིག་གནས་མཛེས་ལྗོངས་ཁུལ་མང་པོ་ཡོད། ས་གནས་དེ་དག་གིས་མི་མང་པོ་ཞིག་དེ་གར་འཚོལ་ཞིབ་བྱེད་པར་ཡོང་རྒྱུར་ཡིད་དབང་བཀུག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1