མུ་ལི་བོད་རིགས་རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་70འཁོར་བ།

སྒྲིག་སྒྱུར། རྡོ་ཐར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-23


སྤྱི་ཟླ་10པའི་ཚེས་20ཉིན་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ས་གནས་དེ་གའི་ཧོང་ཁོ་སློབ་འབྲིང་དུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།   སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་ཡོད།

རྟེན་འབྲེལ་ཚོགས་ཆེན་ཐོག་མུ་ལི་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་། གླུ་ལེན་གར་འཁྲབ་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པ་དང་འབྲེལ་མུ་ལི་བོད་རིགས་རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཞུ་བའི་ཚོགས་པའི་ཚོགས་གཙོ།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མཐུན་སྦྱོར་སྐུལ་སྤེལ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལི་ཤིས་ཅོན་གྱིས། “1953ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མུ་ལི་བོད་རིགས་རང་སྐྱོང་རྫོང་དབུ་བརྙེས་ཤིང་། ལོ་ངོ་70ཡི་རིང་བཀག་སྡོམ་ནས་སྒོ་དབྱེ་དང་། དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ་དང་། དབུལ་གྲོལ་འགག་གཏོར་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་མཉམ་དུ་སྐྲུན་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་བརྩམས་ཡོད། ལོ་ངོ་70རིང་མུ་ལི་རྫོང་གི་རླབས་ཆེའི་གྲུབ་འབྲས་ཐོག་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ལེགས་གྲུབ་ལྡན་པའི་ལག་ལེན་ངང་ལག་ལེན་གང་ལེགས་མཚོན་ཡོད། མུ་ལིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རྫོང་ཡོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འོད་སྟོང་གསར་པ་བཏོད་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར།  སི་ཁྲོན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་སུའུ་དཀར་པོས་རྟེན་འབྲེལ་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་ཤིང་། མུ་ལི་རྫོང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་དུས་བཟང་འདིར་མཉམ་དུ་རོལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མུ་ལི་བོད་རིགས་རང་སྐྱོང་རྫོང་དུ་བོད་རིགས་དང་དབྱིས་རིགས། རྒྱ་རིགས། སོག་རིགས། འཇང་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་།  དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་རྫོང་གཉིས་ཀྱི་གྲས་ཤིག་དང་། སི་ཁྲོན་གྱི་བོད་རིགས་རང་སྐྱོང་རྫོང་གཅིག་པུ་དེ་རེད། 2022ལོར་མུའུ་ལི་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་63.07ཟིན་པ་དེ་1952ལོའི་ལྡབ་1723ཡིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1