༄༅།།ཚ་ཞང་འདན་མ་བྱང་ཁྲ་དེས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 10-24


བློན་ཆེན་འདན་མ་དེས་རྨོག་དཀར་འཁོར་གསུམ་ཕུད་ནས་ལག་པ་གཡོན་པས་བཏེགས། གཡས་པས་འགྲམ་པ་སྐྱོར་ནས་ན་རེ། འོ་ན་ཁྲི་རྒོད་ལྷ་སྲས་རྣམས།

   ཕོ་དཔའ་བོའི་རྒོད་རྟགས་དེ་ཙམ་རེད། རྟ་འདོ་བའི་མགྱོགས་རྒྱུག་དེ་ཙམ་རེད། ད་མ་མཛད་རང་ཡུལ་དཀར་པོར་འབྱོན། ཐུགས་ཞིབ་པར་ལྷོད་ལ་དགོངས་པ་ཐོངས། ཟེར་ནས་ཇུས་ཚོད་འཛིན་པའི་གླུ་སྙན་མོ་དྲུག་འགྱུར་ལ་དྲངས་ཏེ། འདི་ལྟར་ཕུལ་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་ལེན་པ་ཚངས་པའི་ལྷ་ལ་མཆོད། །

   གླིང་གེ་སར་དབུ་འཕང་དགུང་ལ་སྟོད། །

   ངག་འགུགས་པ་སྐུ་ལྷ་གཉན་པོ་མཆོད། །

   དཔོན་འབུམ་པའི་སྐུ་ཇུས་བརྟན་པར་མཛོད། །

   ཚིགས་བཅད་པ་ཀླུ་རྒྱལ་གཙུག་ན་མཆོད། །

   སྡེ་མཐོང་སྨོན་ངོ་སོ་གྱེན་ལ་བསྟོད། །

   ས་འདིའི་ས་ངོ་མ་ཤེས་ན། །

   ཨ་ཆེན་དམར་པོའི་ཚུར་མཐའ་རེད། །

   གཡག་ལ་སེར་པོའི་མར་གཤམ་རེད། །

   ཧོར་གླིང་དཀར་ནག་ས་མཚམས་རེད། །

   ང་དང་ང་ངོ་མ་ཤེས་ན། །

   སྨུག་པོ་ལྡོག་གི་རྒྱལ་རབས་དང་། །

   དགུང་སངས་ནམ་མཁའ་མཉམ་ཆགས་རེད། །

   སྐྱེན་པོ་འདན་མའི་གདུང་རབས་དང་། །

   སེར་བོ་ས་གཞི་མཉམ་གྲུབ་རེད། །

   འབུམ་པའི་རྒྱལ་རབས་ཇི་སྲིད་ལ། །

   འདན་མ་བློན་རབས་འབྲལ་མེད་དར། །

   རྒྱ་མོའི་དར་དང་ཐང་དཀར་སྒྲོ། །

   རྨོག་དཀར་རྩེ་ན་འབྲལ་མེད་ཡིན། །

   ཉག་ཕྲག་མདའ་དང་མཆོག་དཀར་གཞུ། །

   ཕོ་རྒོད་ལུས་ལ་འབྲལ་མེད་ཡིན། །

   བདེ་མོའི་གསེར་སྒ་འཇམ་པའི་སྟན། །

   རྟ་འདོ་བའི་སྟེང་ན་མཉམ་འཛོམ་རེད། །

   གླིང་སེང་ཆེན་ནམ་མཁའི་རང་མདངས་ལ། །

   ཞལ་དཀར་རི་རྒྱལ་ལྷུན་པོ་འཁྲུངས། །

   དར་འཕེན་ཁྲི་གདུགས་གཡས་ན་ཤར། །

   ཉི་འབུམ་ཟླ་བ་གཡོན་ན་ཚེས། །

   རིན་ཆེན་དར་ལུ་ཕྲག་ལ་རྒྱས། །

   དཔའ་སེང་འོད་དཀར་པང་ན་མཛེས། །

   སེང་སྟག་དགུ་ཚིགས་སྐེད་ལ་བཅིངས། །

   དགའ་སྡེ་སྐྱ་རེངས་འོད་ལ་ཆགས། །

   འདན་མ་སྨིན་དྲུག་རྩེ་ནས་རྒྱས། །

   ཕ་ཁུ་རི་རྒྱལ་ལྷུན་པོ་མཐོ། །

   འཛམ་གླིང་ལྷོ་ཡི་རྒྱན་ལ་བཀོད། །

   གསོན་དང་གླུ་ལ་དོན་འབྲས་ཡོད། །

   ཧོར་རྗེ་གུར་དཀར་རྒྱལ་པོ་ཁོང་། །

   འབུམ་དམག་དཔུང་ཚོགས་གླིང་ལ་ཕབ། །

   མཐོང་སྨོན་བྲན་ལ་བཀོལ་བསམ་སྟེ། །

   བསམ་པའི་སོག་ལེ་ཁ་གཉིས་མ། །

   ཤིང་གསོམ་པའི་སྟེང་ལ་མི་འགྲོ་དོ། །

   མོ་གཞིས་ཁྲ་མོ་ཤོར་ན་ཡང་། །

   ཕོ་རྒོད་རྟིང་མ་གྲུ་བཞི་པ། །

   མ་ཤོར་ལམ་སེ་འཛིན་ངེས་ཡིན། །

   ཡ་རྩེའི་འབུམ་ཤོག་བཅུ་གཉིས་ནས། །

   དཔྲལ་པའི་མིག་དང་ཁོག་པའི་སྙིང་། །

   གཅེས་པའི་བུ་དང་རྒོད་པའི་མི། །

   དེ་དྲག་ཆམ་ལ་ཕབ་ནས་ཐལ། །

   འབུམ་ཕྱེད་སྙིང་མེད་ཁོག་སྟོང་བཟོས། །

   ཁྱུ་ཕྱེད་མིག་མེད་ལོང་བ་བཟོས། །

   ཡིད་ཚིམ་པོ་གུར་དཀར་ཁོ་ལ་བྱས། །

   གླིང་དཀར་ནོར་བུའི་ས་ཆ་ནས། །

   དབུ་གང་མཐོ་དགུང་དང་མཉམ་ཞིང་གདའ། །

   དཔའ་ཡང་དག་འབྲུག་བཞིན་གྲགས་ནས་ཐལ། །

   རྒོད་ཟེར་བ་ལག་གིས་བླངས་ངེས་ཡིན། །

   དེ་རིང་ཉི་མ་ཕན་ཆད་ནས། །

   ད་བབ་ལས་ཀྱི་སོ་ནམ་ལ། །

   འཛམ་གླིང་ནོར་བུ་དགྲ་འདུལ་ཁོང་། །

   འཛོམ་འཁྱིལ་ལེ་གླིང་ལ་བྱོན་པའི་དུས། །

   གླིང་དཀར་པོ་བདེ་བའི་རེས་ལ་བབ། །

   དེ་བར་ལྷ་དམག་དཔུང་རྒོད་འདི། །

   དཔའ་རྒོད་གཡེར་ཐོག་ནས་དཔའ་ཚོད་ཟུངས། །

   རྟ་འདོ་བའི་ཆིབས་ཁ་ཚུར་ར་འཐེན། །

   ཡོབ་གསེར་ལོང་རྐང་ཆུང་བདེ་ལ་སྤོས། །

   མི་རྒོད་འཇམ་པའི་གདན་ཆུང་གནོན། །

   རྟ་མགྱོགས་ཟ་བའི་བྲེས་ལ་ཐོགས། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   ཕོ་རྒོད་པོས་རང་ཚོད་མ་ཟིན་ན། །

   རྒོད་ཟེར་བ་ཆུ་ལ་འདེབས་ཀྱང་སྲིད། །

   རྟ་བཟང་པོས་མགྱོགས་ཚོད་མ་ཟིན་ན། །

   མགྱོགས་ཟེར་བ་ས་ལ་བརྡབས་ཀྱང་སྲིད། །

   མཚོན་རྣོན་པོས་རྣོ་ཚོད་མ་ཟིན་ན། །

   ངར་མ་སོ་ཁ་རྡུགས་ཀྱང་སྲིད། །

   ད་མི་བཞུགས་གླིང་དཀར་སྟོད་ལ་འབྱོན། །

   ལོ་ངོ་ཕྱེད་དང་གཉིས་གསུམ་ཚུན། །

   སེང་ཆེན་བྱང་ནས་ཚུར་བྱོན་ཞོར། །

   གེ་སར་དམག་གི་རྒྱལ་པོ་ལ། །

   དཔའ་བརྟུལ་ཁྲི་རྒོད་དཔུང་པས་བསྐོར། །

   འཛོམ་འཁྱིལ་ལེ་སེར་པོ་ཧོར་ལ་འགྲོ། །

   སྐྱེས་མཆོག་ཆོས་ཉིད་ངང་ལ་བཞུགས། །

   མཆེད་གསུམ་ངར་མའི་རུ་སྣེ་ཁྲིད། །

   རྒོད་གསུམ་ཁས་ལེན་གདོང་ལ་འབུད། །

   ད་དུང་དེ་ཡིས་མི་ཚད་པའི། །

   ཁྱུང་སྒོ་ངའི་གཤོག་སྒྲོ་ངོམ་རྒྱུ་ལ། །

   རྨུ་སྤྱང་རིན་ཆེན་དར་ལུ་ཡོད། །

   གཡུ་འབྲུག་མཚོ་ལ་སྨིན་རྒྱུ་ལ། །

   འོམ་བུའི་ཨ་ནུ་དཔའ་སེང་གདའ། །

   སྣང་རྒོད་མཆེད་གཉིས་མཚར་རྒྱུ་གདའ། །

   འབུམ་ཐུབ་རྟིང་མ་ངོམ་འོས་ཡོད། །

   གལ་ཆེ་མདོ་འགག་གཏུགས་པ་ན། །

   གསོད་ཅི་དགོས་འདན་མའི་ལག་ལ་ཞོག །

   འདྲེན་ཅི་དགོས་འཛམ་གླིང་གེ་སར་མཛོད། །

   སྡིག་མཐའ་སངས་རྒྱས་ཡོང་ངེས་ཡིན། །

   ཧོར་མཐའ་གླིང་གིས་འཛིན་ངེས་རེད། །

   ལས་དེ་ལས་དགའ་ཞིང་ལར་ནས་མེད། །

   དེ་རིང་ཉི་མ་ཕན་ཆད་ནས། །

   ངེད་རང་རྒྱལ་བློན་དཔའ་བརྟུལ་རྣམས། །

   འཛོམ་འཁྱིལ་ལེ་གླིང་དཀར་སྟོད་ལ་འབྱོན། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   གླིང་རྗེ་བློན་ཐུགས་ལ་དེ་འདྲ་ཞོག །

   ཅེས་གླུ་དེ་ལྟར་ཕུལ་བ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1