༄༅།།ནཱ་ལེནྡྲ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 11-13


སྒྲ་དོན། 

ལེགས་སྦྱར་སྐད་དུ་ནཱ་ལེནྡྲའི་དོན་ནི་སྦྱིན་པར་མི་སྐྱོ་བའི་དོན་ནམ། ཡང་ན་རིན་པོ་ཆེ་ནལ་གྱིས་ཁེབས་པའི་ས་ཡིན་པས་ན། ན་ལེནྡྲ་ཞེས་གསུངས་པའང་ཡོད། ན་ཨ་ལམ་ད་ཞེས་པ་ངོམ་མེད་དུ་སྦྱིན་པ་ཞེས་པའི་དོན་དང༌། ཡང་ནཱ་ལེནྡྲ་ཞེས་པ་རྒྱུན་གྱི་དབང་པོ་ཞེས་དང་། ཡང་ཆག་ལོའི་རྣམ་ཐར་དུ། ནཱ་ལེནྡྲ་ཞེས་པ་མིའི་དབང་པོ་ཞེས་པའི་དོན་ཡིན་པར་བཤད། ཡང་འགའ་རེས། ནཱ་ལ་འདམ་བུ་དང་། ད་ན་སྦྱིན་པ་སྟེ་འདམ་བུ་སྦྱིན་ཞེས་བྱ་སྟེ། ལས་བརྒྱ་པ་ལས། འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ཤཱ་རིའི་བུའི་འཁྲུངས་ཡུལ་ལ་འདམ་བུ་སྦྱིན་དུ་བསྒྱུར་ཞེས་བཤད། ཡང་པཎ་ཆེན་སྐུ་ཕྲེང་གསུམ་པ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ལམ་རིམ་ཟིན་བྲིས་སུ་ནཱ་ལེནྡྲ་ནི་འདམ་བུའི་ཚལ་ཟེར་རྒྱུ་ཡིན་ཞེས་ཀྱང་གསུངས་སོ།།

བོད་ཀྱི་གནའ་ཡིག་དང་མིང་མཛོད་སོགས་ན། ནཱ་ལེནྡྲ། ནཱ་ལནྡྲ། ནཱ་ལེན་དྲ། ན་ལེན་དྲ། ན་ལེནྡྲ། ནཱ་ལེནྜ། ན་ལནྡཱ་སོགས་དག་ཆའི་འབྲི་སྟངས་ཀྱང་སྣ་ཚོགས་པ་ཞིག་བྲིས་འདུག་པས་ཅུང་མགོ་རྙོག་རང་བཞིན་ཅན་དུ་གྱུར་འདུག

གནས་བཤད། 

ནཱ་ལེནྡྲ་ནི་དེང་གི་རྒྱ་གར་གྱི་མངའ་སྡེ་བྷེ་ཧར་གྱི་གྲོང་ཁྱེར་ལྟེ་གནས་པ་ནཱའི་ལྷོ་ཤར་དུ་སྤྱི་ལེ༩༦གི་མཚམས་སུ་ཡོད་ཅིང་། ཤར་ཨེ་ཤ་ཡའི་གནའ་རབས་ཀྱི་ནང་བསྟན་གཙུག་ལག་སློབ་གཉེར་གྱི་ལྟེ་གནས་ཆེན་པོ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་གཙུག་ལག་སློབ་ཆེན་ཆེས་ཐོག་མའི་གྲས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ། ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་ཅེས་གསུངས་པ་ལྟར། སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའམ་མྱ་ངན་མེད་ཀྱིས་ནཱ་ལེནྡྲ་རུ་དགོན་པ་ཞིག་བཏབ་ཅིང་། དེ་ནི་དཔལ་ནཱ་ལེནྡྲའི་ཆོས་གཞི་ཐོག་མ་ཡིན་པར་ངོས་འཛིན་བྱེད་ཅིང་། གནའ་བོའི་དུས་སུ་དཔལ་ནཱ་ལེནྡྲ་ནི་གྲོང་སྡེ་ཞིག་ཡིན་ཞིང་།  འཕགས་པ་ཤ་རིའི་བུ་སྐུ་འཁྲུངས་ཡུལ་དང་། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་གནས་དང་། ནང་པའི་ཆོས་ཐོག་མར་དར་བའི་གནས་ཀྱི་གྲས་ཀྱང་ཡིན་པར་མ་ཟད། ནང་བསྟན་གྱི་རིག་པའི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་ཏེ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ།

རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པའི་ཡུལ། །

སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན། །

ཞེས་གསུངས་པ་ལྟར་རོ།།

ཡུལ་འདིར་སངས་རྒྱས་ཉིད་ཀྱིས་ཆོས་མང་དུ་གསུངས་ཤིང་།སྔོན་གྱི་བྱུང་བ་རྣམས་སུ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས་ཡིན་པར་གསུངས། མ་ཟད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཕྱོགས་གླང་ཡབ་སྲས། ཞི་བ་ལྷ། ཟླ་བ་གྲགས་པ་སོགས་ནང་པའི་མཁས་གྲུབ་ཧ་ཅང་མང་པོས་སློབ་གཉེར་བྱ་སའི་ལྟེ་གནས་ཀྱང་ཡིན། དེ་ནི་གནའ་བོའི་རྒྱ་གར་ཡུལ་དབུས་ཀྱི་ཆེས་ཆེ་བའི་ནང་པའི་གཙུག་ལག་ཁང་དང་། གཞུང་བརྒྱ་བགྲོ་བའི་ལྟེ་གནས། དགོན་པའི་གཞི་རྒྱ་ཤིན་ཏུ་ཆེ་བར་མ་ཟད། དེར་གླེགས་བམ་པོ་ཏི་ཁྲི་ཕྲག་དགུ་བརྒྱ་ལྷག་བཞུགས་ཤིང་། དེར་མཁས་དང་གྲུབ་པའི་དབང་པོ་བསྟུན་མར་བྱོན་པ་སྟེ། ཆེས་ཤིན་ཏུ་དར་བའི་དུས་ན་དགེ་འདུན་པ་ཁྲི་ཕྲག་རེ་འདུ་བར་སློབ་དཔོན་ཐང་ཟན་ཙང་གི་ལམ་ཡིག་ཏུ་གསུངས།

ད་སྔར་དཔལ་ནཱ་ལེནྡྲའི་ལོ་རྒྱུས་བཀོད་པའི་ཡིག་ཆ་ཤིན་ཏུ་ཉུང་བར་མ་ཟད། ཡིག་ཆ་མང་ཆེ་བ་དཔལ་ནཱ་ལེནྡྲའི་ཆག་འཇིག་དང་མཉམ་དུ་མེར་བསྲེགས་པའམ་མེད་པར་གྱུར། དཔེ་ཆ་མེར་བསྲེགས་པས་ཟླ་བ་དྲུག་ཙམ་གྱི་དུས་ཡུན་ལ་འབར་བར་གསུངས་པའང་ཡོད། དཔལ་ནཱ་ལེནྡྲའི་ལོ་རྒྱུས་དང་གནས་ཚུལ་ཅུང་ཟད་རེ་ཡོད་པ་དེ་ནི་བོད་ཀྱི་ཡིག་ཆ་འགའ་རེ་དང་། རྒྱ་ནག་གི་སློབ་དཔོན་ཐང་ཟན་ཙང་གི་ལམ་ཡིག་སོགས་རེད།

ངག་རྒྱུན་ལྟར་ན་དགོན་པ་ཡོད་སའི་གནས་དེ་ཆེས་ཐོག་མར་སྐྱུ་རུ་རའི་ཚལ་ཞིག་ཡིན་པ་དང་། ཕྱིས་སུ་ཚོང་པ་ལྔ་བརྒྱས་མཉམ་རུབ་ཀྱིས་ཉོས་ཏེ། སྟོན་པ་སངས་རྒྱས་ལ་ཕུལ་ཅིང་། སྟོན་པ་སངས་རྒྱས་སྐུ་དངོས་ཀྱིས་ཀྱང་གནས་འདིར་ཟླ་བ་གསུམ་གྱི་རིང་ལ་ཆོས་གསུངས་པར་བཞེད། ཆོས་རྒྱལ་མང་པོས་དུས་ནས་དུས་སུ་བཟོ་བསྐྲུན་བྱས་ཏེ། དཔལ་ནཱ་ལེནྡྲའི་དགོན་པ་དེ་གང་གི་ཆ་ནས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར།

བསླབ་བྱའི་ཆོས་ཚན།

ཆེས་དར་བའི་དུས་སྐབས་སུ་ཉི་མ་རེ་རེར་ཆོས་ཀྱི་བགྲོ་གླེང་བརྒྱ་ཕྲག་རེ་ཡོད་པ་དང་། བསླབ་བྱའི་ཆོས་ཚན་ལ་སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་སོགས་ཡོད་ཅིང་། དེར་མ་ཟད་ཕྱི་རོལ་བའི་རིག་བྱེད་དང་། གྲངས་ཅན་པ། དཔྱོད་པ་པའི་ལུགས་སོགས་གྲུབ་མཐའ་མང་པོ་སྦྱང་རྒྱུ་ཡོད་པར་གསུངས། ནཱ་ལེནྡྲ་ནི་མཁས་ཡོན་ཏན་གྱིས་གྲགས་པར་མ་ཟད། བཙུན་ཞིང་སྤྱོད་ལམ་བཟང་བའི་ཆ་ནས་ཀྱང་རྒྱ་གར་ཡུལ་གང་པོའི་མིག་ལྟོས་ལྟར་བྱེད།

ཉམས་ཆག་ལོ་རྒྱུས།

སྤྱི་ལོ་དུས་རབས་བཅུ་གཅིག་པར་ནཱ་ལེནྡྲར་ཏུ་རུ་ཀའི་དམག་ཐོན་ཞིང་། དཔལ་ལྡན་ཆོས་ཀྱི་གྲགས་པ་རྡོའི་སེངྒེ་ལ་ཆིབས་ནས་ཏུ་རུ་ཀའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པ་སོགས་གསུངས་ལ། ཏུ་རུ་ཀའི་དམག་གིས་དཔལ་ནཱ་ལེནྡྲར་གནོད་པ་ཆེན་པོ་བཟོས་པར་མ་ཟད། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་འབྲོ་དགོས་པར་གྱུར།

སྤྱི་ལོ༡༢༠༤ལོར། ནཱ་ལེནྡྲའི་མཁན་པོ་ཆེས་གཞུག་མར་གྱུར་པ་དེ་བོད་ཀྱི་མཁས་པ་ཁྲོ་ཕུ་ལོ་ཙཱ་བའི་གདན་ཞུ་ལྟར། ནཱ་ལེནྡྲ་དང་ཁ་བྲལ་ཏེ་བོད་དུ་ཕེབས།

སྤྱི་ལོ༡༢༣༥ལོར། བོད་ཀྱི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནཱ་ལེནྡྲ་རུ་སླེབས་ཤིང་། དཔལ་ནཱ་ལེནྡྲ་རུ་རཱ་ཧུ་ལ་ཤྲཱི་བྷ་དྲ་ཞེས་པའི་དགུང་ལོ་དགུ་བཅུར་སོན་པའི་པཎྜི་ཏ་བཞུགས་ཤིང་། ཁོང་གིས་སློབ་མ་བདུན་ཅུ་ལྷག་ལ་ཆོས་གསུང་བཞིན་པ་དང་། ཆག་ལོ་ཙཱ་བས་ཀྱང་ཁོང་གི་མདུན་ནས་ཆོས་མང་དུ་ཞུས་པར་མ་ཟད། ཏུ་རུ་ཀའི་དམག་གིས་ཉེན་ཏེ་པཎྜི་ཏ་བགྲེས་པོ་ཁུར་ནས་མགོན་པོའི་ལྷ་ཁང་དུ། བྲོས་པ་སོགས་ཆག་ལོའི་ལམ་ཡིག་ཏུ་གསལ། དེ་བས་ཀུན་གྱིས་དཔལ་ནཱ་ལེནྡྲའི་དགོན་པའི་ཆེས་མཐའ་མཇུག་གི་སློབ་དཔོན་དེ་རཱ་ཧུ་ལ་ཤྲཱི་བྷ་དྲ་ཞེས་པ་དེ་ཡིན་པར་བཞེད།

དཔལ་ནཱ་ལེནྡྲ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཕྱོགས་ནས་ཁྱད་པར་དུ་འཕགས་ཤིང་། མཛད་རྗེས་བླ་ན་མཐོ་བར་མ་ཟད། སྒྲ་ཚད་བཟོ་གསོ་དང་། གནམ་རིག་སྐར་རྩིས་སོགས་ཕྱི་ནང་ཐུན་མོང་གི་རིག་གནས་ཀུན་ལ་མཛད་རྗེས་ཤིན་ཏུ་ཆེ་ན་ཡང་། ཁ་ཆེ་པ་རྣམས་ཀྱིས་རྒྱ་གར་ལ་ལན་གྲངས་བཅུ་བདུན་གྱི་བར་དུ་དམག་བརྒྱབ་སྟེ། མཐར་མར་མེ་ལ་ཕུ་བཏབ་པ་ལྟར་ནང་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱང་རྩ་མེད་དུ་བཅོམ། ཨི་རག་གི་ལོ་རྒྱུས་མཁས་པ་ཞིག་གིས་ཁོང་གི་ལོ་རྒྱུས་རེག་ཟིན་དུ། ཀླ་ཀློའི་དམག་གིས་ནཱ་ལེནྡྲར་དཔུང་འཇུག་བྱས་པའི་རྗེས་སུ། གཙུག་ལག་ཁང་དུ་བཞུགས་པའི་དཔེ་ཆ་རྣམས་ཟླ་བ་འགའ་ལ་མེར་བསྲེགས་པ་དང་། ཉིན་བསྟུན་མར་གླེགས་བམ་རྣམས་མེར་བསྲེགས་པའི་དུ་བ་དགུང་ལ་འཕྱུར་ཏེ། རི་མགོར་དུད་སྤྲིན་ཆགས་པ་ལྟར་དུ་གྱུར་ཅེས་ཀྱང་བྲིས་ཡོད།

དགོན་པ་དང་དཔེ་ཆའི་མཛོད་ཁང་རྣམས་ལ་ཆག་འཇིག་ཤིན་ཏུ་ཆེན་པོ་ཐེབས་པར་མ་ཟད། ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཀྱང་ཕྱོགས་བཞིར་འཐོར་བ་དང་། མང་ཆེ་བ་བོད་དུ་བྲོས། དེ་ལྟར་སྔར་གྱི་ཉི་མ་སྟོང་གི་འོད་ལྟར་གཟི་དཔལ་ཤིན་ཏུ་ཆེ་བ་དེ་མེད་པར་གྱུར་ལ། ཡུན་གྱིས་མི་རྣམས་ཀྱིས་ཀྱང་ཆོས་གཞི་ཆེན་པོ་འདི་བརྗེད་པར་གྱུར་ཏེ། མཐར་གྱང་རོ་འགའ་ལས་མ་ལྷག་པར་གྱུར། དེ་ལ་མཁས་དབང་དགེ་ཆོས་མཆོག་གིས་གཏམ་རྒྱུད་གསེར་ཐང་དུ། བཙུན་པ་ཝེན་ཚག་གི་ནཱ་ལེནྡྲ་ཆོས་དང་འབྱོར་བས་བརྒྱན་པ་དགའ་ལྡན་ལྷ་ཡི་ཡུལ་དང་མཚུངས་པ་གཅིག དེ་ནས་ཆག་ཆོས་རྗེ་དཔལ་གྱི་ནཱ་ལེནྡྲ་ཏུ་རུ་ཀའི་དམག་གིས་ཉེན་ཏེ་འཚུབ་ལང་ངེ་བ་གཅིག་དང་། དེ་ནས་མི་བསོད་ཟད་ཀྱི་ནཱ་ལེནྡྲ་རྩིག་གོག་དམར་ཧང་ངེ་གཅིག་སྟེ། དར་བ་དང་རྒུད་པ་དང་སྟོང་པའི་གནས་སྐབས་གསུམ་ཞེས་གསུངས་པ་ལྟར་ལགས།

ནཱ་ལེནྡྲའི་མཁས་གྲུབ།

རྒྱ་གར་དང་། བོད་སོགས་ཤར་ཕྱོགས་ཀྱི་ནང་པའི་མཁས་པ་དང་། མཚན་ཉིད་སྨྲ་བའི་དེད་དཔོན་ཆེས་ཤིན་ཏུ་མང་པོ་དཔལ་ནཱ་ལེནྡྲ་ནས་ཕེབས་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁན་པོ་འཕགས་པ་ཀླུ་སྒྲུབ་རྐྱང་བར་བསམ་བློ་བཏང་ནའང་། སྙན་གྲགས་དང་མཛད་རྗེས་བླ་ན་མཐོ་ཞིང་། བསྟན་པ་གཅིག་ལ་སྟོན་པ་གཉིས་པ་ལྟ་བུར་གྲགས་པ་ཡིན། ཁོང་ནི་ཕལ་ཆེར་སྤྱི་ལོ༡༥༠ནས༢༥༠བར་དུ་སྐུ་འཚོ་གཞིས་གནང་ཞིང་། དབུ་མ་རིག་པའི་སྲོལ་ཕྱེ་པར་མ་ཟད། ཐེག་པ་ཆེན་པོའི་བསམ་བློའི་རླབས་རྒྱུན་གྱི་འགོ་ཚུགས་པར་མཛད། མཐའ་བྲལ་དབུ་མ་རིགས་ཚོགས་དྲུག་སོགས་སྲིད་ན་དཀོན་པའི་བསྟན་བཅོས་ཀྱང་མང་དུ་མཛད་ཅིང་། ཐེག་པ་ཆེན་པོའི་ཆོས་རྒྱུན་འཛིན་པའི་གྲུབ་མཐའ་ཀུན་ལ་ཁོང་གི་རླབས་ཆེ་བའི་དགོངས་པའི་འོད་སྣང་འཕོས་ཡོད་པར་མ་ཟད། དབུ་མ་རིག་པའི་སྲོལ་འབྱེད་ཤིང་རྟ་ཆེན་པོར་གྲགས་པ་ཡིན།

སྤྱི་ལོ་དུས་རབས་བརྒྱད་པར་བོད་དུ་ཕེབས་པའི་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ། མཁན་ཆེན་བོ་དྷི་ས་ཏྭའམ་མཁན་ཆེན་ཞི་བ་འཚོ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཅིག་ཡིན་ལ། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདན་ཞུ་ལྟར་བོད་དུ་ཕེབས་ཤིང་། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད་པ་དང་། སད་མི་བདུན་རབ་ཏུ་བྱུང་བར་བྱས་ནས་བོད་དུ་དགེ་འདུན་པའི་སྡེ་ཐོག་མར་བཙུགས་པར་མ་ཟད། བསམ་ཡས་གཙུག་ལག་ཁང་གི་མཁན་པོ་ཐོག་མ་མཛད།

དེ་བཞིན་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱང་། དཔལ་ནཱ་ལེནྡྲའི་མཁས་གྲུབ་ཅིག་ཡིན་ལ། ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ་ཅིང་། སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་བརྟན་པར་གྱུར་པ་སོགས་མཁན་པོ་དང་སློབ་དཔོན་འདི་གཉིས་བོད་ཀྱི་བཤད་སྒྲུབ་ཀྱི་བསྟན་པར་བཀའ་དྲིན་ཤིན་ཏུ་ཆེ།

དེ་མིན་ས་སྐྱ་བའི་འབྲོག་མི་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་ཕེབས་པར་མ་ཟད། བཀའ་བརྒྱུད་པའི་མར་པ་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་སློབ་གཉེར་དུ་ཕེབས་ཤིང་། ཁོང་གི་སློབ་དཔོན་པཎ་ཆེན་ནཱ་རོ་པ་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཅིག་ཡིན། རི་བོ་དགེ་ལུགས་པ་དང་ཇོ་ནང་བ་སོགས་ཀྱི་རྩ་བའི་སློབ་དཔོན་རྣམས་ཀྱང་དཔལ་ནཱ་ལེནྡྲ་དང་འབྲེལ་ཡོད། དེ་བས་དཔལ་ནཱ་ལེནྡྲ་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཀུན་གྱི་རྩ་བའི་སློབ་དཔོན་རྣམས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཡོད།

བསྐྱར་བཞེངས་ལས་འཆར།

ད་ལྟ་ཡ་གླིང་གི་རྒྱལ་ཁབ་མང་པོས་མ་དངུལ་ཕུལ་ཏེ། དཔལ་ནཱ་ལེནྡྲ་སླར་གསོ་བྱེད་བཞིན་ཡོད་པར་མ་ཟད། སློབ་མའང་བསྡུ་འགོ་ཚུགས་ཡོད། གང་ལྟར་སྔར་གྱི་དཔལ་ནཱ་ལེནྡྲའི་འགྲན་པའི་ཟླ་དང་བྲལ་བའི་རིག་པའི་ཁྱུ་མཆོག་དག་གི་མཛད་པ་དང་། དཔལ་ནཱ་ལེནྡྲའི་སྲིད་ན་དཀོན་པའི་གཟི་བརྗིད་ལ་བསམས་ན། ད་ལྟར་གྱང་གོག་དམར་ཧང་ངེ་འགའ་ལས་མ་ལྷག་པ་འདི་ནི་ཡིད་རབ་ཏུ་སྐྱོ་ཞིང་། མིག་ཆུ་འཆོར་བའི་ཚད་དུ་ཡོད་ནའང་། ཆགས་གནས་འཇིག་གསུམ་ནི་ཁམས་འདིའི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དུ་གྲུབ་ཡོད་པས། ལྷག་པར་མྱ་ངན་གྱིས་ནོན་དགོས་པའང་མི་འདུག་སྙམ་མོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1