པེ་ཅིང་དུ་བོད་རིག་པའི་དུས་དེབ་ཚོགས་འདུ་འདི་འཚོགས།

གསར་འགོད་པ། དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-22


སྤྱི་ཟླ་༡༡པའི་ཚེས་༢༠ནས་༢༡ཉིན་བར། རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་པ་པེ་ཅིང་དུ་འཚོགས།

ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་ལས་སྒོའི་གཞུང་ལས་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དུས་དེབ་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་པ་ཞིག་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཁྲེང་ཀྲུང་རུང་གིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སྤྱི་ཚོགས་ཚན་རིག་ལས་དོན་ཁང་གི་རྩ་འཛུགས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཐའེ་ཡོན་གྱིས་གསུང་བཤད་གནང་། ད་དུང་ཀྲུང་གོའི་མི་དམངས་སློབ་ཆེན་དང་ནན་ཅིང་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་ལྔ་ཡིས་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ།

པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་འབྲེལ་དུས་དེབ་ཁང་༣༠ལྷག་གི་འགན་ཁུར་པ་དང་ཆེད་མཁས་པ་མི་༦༠ཙམ་ཚོགས་འདུར་ཞུགས་ནས་བོད་འབྲེལ་རིག་གཞུང་དུས་དེབ་ཚད་ལྡན་ཅན་དང་སྤུས་ཀ་ཇེ་ལེགས་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་རིག་པའི་ཞིབ་འཇུག་བཅས་ཀྱི་ཐད་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་བོད་རིག་པས་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཅི་འདྲ་ཞུ་བའི་ཐད་གྲོས་བསྡུར་བྱས།

མཇུག་སྒྲིལ་ཚོགས་འདུ་ཐོག་རྒྱལ་ཡོངས་ཀྱི་བོད་རིག་པའི་དུས་དེབ་མཐུན་སྦྱོར་ཚོགས་པ་བརྗེ་ལེན་བྱས་ཏེ་ཀྲུང་གོའི་བོད་རིག་པ་དུས་དེབ་ཁང་གི་གཙོ་སྒྲིག་པ་ཝང་ཝེ་ཅང་ཚོགས་གཙོ་རུ་བདམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1