ཉེ་ཆར། མཛོད་དགེ་རྫོང་གིས་གྲོང་ཚོར་བཅའ་སྡོད་སྐོར་ཞིབ་ལམ་སྲོལ་བཙུགས་ནས་དཔེ་དེབ་གཉིས་དང་ཡིག་ཆ་གཅིག་གི་ལམ་ལུགས་ལྟར། བཅའ་སྡོད་མི་སྣ་དང་གཞི་རིམ་དུ་སྐྱོད་པའི་དུས་ཚོད་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། ཆུ་ཚོད་24རིང་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་གནས་བརྟན་སྲུང་བྱ་རྒྱུར་འགན་ལེན་བྱེད་དགོས། མིག་སྔའི་བར་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཐེངས་2700ལྷག་བྱས་པ་དང་། ཁས་ལེན་ཡི་གེ་14700ལྷག་བཞག །དུད་ཚང་བཅུའི་མཉམ་འབྲེལ་གྱི་གྲོས་མཐུན་1800ལྷག་བཞག །གཙོ་གནད་དམིགས་ཚད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་གྲལ་བཤེར་ཁས་ལེན་ཡི་གེ་86བཞག །དྲན་སྐུལ་ཐེངས་3བྱས།
སྔོན་འགོག་གཙོར་བཟུང་སྟེ་རྩ་མེད་དུ་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས། སྐད་འཕྲིན་སྤྱི་སྟེགས་དང་QQསོགས་སྨྱན་སྦྱོར་གསར་པ། གྲོང་ཚོར་ཀུན་ཁྱབ། སྐོར་གཡེང་རླངས་འཁོར་སོགས་བརྒྱུད་ཁྱོན་ཡོངས་ནས་མེ་འགོག་ཤེས་བྱ་དྲིལ་བསྒྲགས་གང་ལེགས་བྱེད་དགོས། མིག་སྔའི་བར་དྲིལ་བསྒྲགས་རླངས་འཁོར་ཐེངས་3900ལྷག་བཏང་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་ཐེངས་ཁྲི་1.9ལྷག་ཙམ་སྤེལ། སྒྲོག་ཤོག་ཁྲི་3.8ལྷག་ཙམ་བཀྲམ། སྒྲོག་ཚིག་1575སྦྱར། གཏན་འཇགས་སྒོ་བྱང་40ལྷག་ཙམ་བརྗེ་ཟིན།
ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཁོངས་གཏོགས་སྡེ་ཁག་ལ་འཕྲལ་སྡོམ་ཉེན་སེལ་སྔོན་ཇུས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། མི་304ཡོད་པའི་རྫོང་རིམ་པའི་ཉེན་སེལ་རོགས་སྐྱོབ་དཔུང་ཁག་8དང་། མི་284ཡོད་པའི་ཡུལ་གྲོང་རིམ་པའི་ཞོར་ལས་རོགས་སྐྱོབ་དཔུང་ཁག་14དང་། མི་988ཡོད་པའི་གྲོང་སྡེ་རིམ་པའི་འཕྲལ་སྡོམ་ཉེན་སྐྱོབ་དཔུང་ཁག་90ཡིས་གྲ་སྒྲིག་གང་ལེགས་བྱས། སྤྱི་ཚོགས་འཕྲུལ་ཆས་རླངས་འཁོར་གྱི་སྒྲིག་ཆས་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་དང་ཐོ་འགོད་བྱས་ཏེ། གྲོང་གསེབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་མེ་འགོག་མེ་གསོད་གྱི་སྦྱོང་བརྡར་སྤེལ་དགོས། མིག་སྔར་རྫོང་རིམ་པའི་འཕྲལ་སྡོམ་དངོས་ཟོག་ཁྲི་5.2ལྷག་དང་། ཁུལ་རིམ་པའི་དུས་འགོའི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་ཁྲི་3.7ལྷག འཕྲུལ་ཆས་ཆེ་གྲས་100ལྷག་ཙམ་བཅས་གྲབས་གསོག་བྱས་ཡོད། །