འཛམ་གླིང་ཤེས་དཔལ་ལ་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་བསྣན་དགོས།

ཡིག་སྒྱུར། གཡུ་སྒྲོན། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-27


འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་རར་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་སྣོན་དགོས། ཞི་ཅིན་ཕིང་གིས་འཛམ་གླིང་གི་ཀྲུང་གོ་རིག་པའི་ཚོགས་ཆེན་ཧྲང་ཧའེ་གླེང་སྟེགས་ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་དེར་ལན་ཆ་བཟང་པོ་བྱུང་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་ཀྲུང་གོ་རིག་པའི་ཚོགས་ཆེན་ཧྲང་ཧའེ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོ་རིག་པའི་ཞིབ་འཇུག་གི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་པ་དང་རིག་གནས་པ་ཚོས་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་ཀྱི་ཕོ་ཉ་ཡག་པོ་ཞིག་བྱ་རྒྱུའི་རེ་བ་ཟབ་མོ་མཚོན་པར་གནང་བས། ཚོགས་ཞུགས་སྐུ་མགྲོན་དང་སྤྱི་ཚོགས་ལས་རིགས་ཁག་ཏུ་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་རིག་གཞུང་སྤེལ་རེས་དང་ཞིབ་འཇུག་གྲུབ་འབྲས་བརྗེ་སྒྱུར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཤེས་དཔལ་མི་འདྲ་བ་རྒྱུན་འཛིན་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་བློ་གྲོས་ཀྱི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོ་རིག་པ་ནི་ལོ་རྒྱུས་ཀྱི་ཀྲུང་གོ་རིག་པ་ཞིག་ཡིན་ལ། དེང་རབས་ཀྱི་ཀྲུང་གོ་རིག་པ་ཞིག་ཀྱང་ཡིན། ཀྲུང་ཧྭའི་ཤེས་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། འཛམ་གླིང་གི་ཤེས་རིག་གཞན་དག་དང་སྤེལ་རེས་དང་དཔྱད་འཛིན་བྱེད་པའི་ཁྲོད་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྨང་གཞི་ཟབ་མོ་བཏིངས་ཡོད་ཅེས་བསྟན་ཡོད། ཡུལ་དངོས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གསན་པའི་ཐུར་ཁེའི་དབྱི་སི་ཐན་པུར་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་ཀྲུའུ་རེན་ཨ་ཡིའུ་པུའུ་ས་ལེ་ཐ་ཧྲི་ཡིས། གལ་ཏེ་ང་ཚོས་ཨ་ཤེ་ཡའི་ཤེས་དཔལ་ཤེས་རྟོགས་བྱེད་དགོས་ཚེ། སྔོན་ལ་ངེས་པར་དུ་ཀྲུང་གོའི་ཤེས་དཔལ་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་དགོས། ང་ཚོ་ཀྲུང་གོའི་གྲོགས་པོ་ཚོས་རང་ཉིད་ཀྱི་རིག་གནས་ལ་སྤོབས་པ་བྱེད་རིན་ཡོད། གང་ལགས་ཤེ་ན། ལོ་5000ཚུན་དུ་ཀྲུང་གོའི་རིག་གནས་དང་ཤེས་དཔལ་ཉམས་མེད་རྒྱུན་འཛིན་ཐུབ་ཡོད་ལ། མིའི་རིགས་དང་འཛམ་གླིང་གི་ཞི་བདེའི་ངོས་ནས་བརྗོད་ན། ལེགས་སྐྱེས་ཆེ་ཙམ་ཕུལ་ཡོད་པས་རེད་ཅེས་གསུངས།

ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཀྲུང་གོ་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲེན་ཀུའེ་ལུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཀྲུང་གོ་རིག་པའི་ཞིབ་འཇུག་གི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཡོད། སྲོལ་རྒྱུན་གྱི་ཀྲུང་གོ་རིག་པ་བ་དང་མི་འདྲ་བར། དེང་སྐབས་འཛམ་གླིང་གི་ཀྲུང་གོ་རིག་པ་མཁས་ཅན་གྱིས་གནའ་རབས་ཀྱི་ཀྲུང་གོར་དོ་ཁུར་བྱེད་ཀྱི་ཡོད་ལ། དེང་རབས་དང་ཉེ་རབས་ཀྱི་ཀྲུང་གོ་དང་། ལྷག་པར་དུ་ཀྲུང་གོའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་གླེང་མང་བའི་གནད་དོན་མང་པོ་ཞིག་དང་། ཡང་སྒོས་ཀྲུང་གོ་འཕེལ་རྒྱས་ཁྲོད་ཐོབ་པའི་གྲུབ་འབྲས་ཁག་གཅིག་ལ་ཇི་ལྟར་བྱས་ནས་རིག་གཞུང་ཐད་འགྲེལ་བཤད་རྒྱག་དགོས་པ་སོགས་ལ་དོ་ཁུར་བྱེད་བཞིན་ཡོད་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འབྱུང་རྩ་ནས་དངོས་ཡོད་ཀྱི་འཛམ་གླིང་ལ་གོ་བ་ལེན་ཐུབ་པ་དང་། རིག་གནས་ཀྱི་རྨང་གཞི་གཞིར་བཟུང་ན་གཞི་ནས་དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་ཐུབ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཚེ། གཞི་ནས་ཐུན་མོང་ཐོག་ཡར་རྒྱས་ཡོང་ཐུབ་ཅེས་བསྟན་ཡོད། རོ་མ་ནེ་ཡའི་ཙུང་ལི་ཟུར་པ་ཨ་ཏེ་ལི་ཨ་ནཱ་སི་ཐ་སའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཅང་གོ་བདེ་བའི་སྐད་ཡིག་ཐོག་ནས་མི་རྣམས་ལ་རིག་གནས་བརྗེད་མི་རུང་བ་དང་། ལོ་རྒྱུས་བརྗེད་མི་རུང་། གང་ལགས་ཤེ་ན། དེ་དག་ལས་ང་ཚོའི་གནས་བབ་བཏོད་ཡོད་པ་གསུངས་གནང་སོང་། ངའི་བསམ་པར་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཀྱི་ཁུངས་འདེད་ན། ཀྲུང་གོར་རང་ཉིད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རང་ཉིད་ཀྱི་མཚན་ཉིད་རིག་པ་དང་། དེ་བཞིན་ཡུན་རིང་གི་ལོ་རྒྱུས་ཀྱི་རྨང་གཞིའི་ཐོག་ཀྲུང་གོས་རྒྱལ་ཁབ་གཞན་དག་དང་མཉམ་གནས་བྱེད་པའི་ཐབས་ཤེས་ངོ་སྤྲོད་བྱ་རྒྱུར་རོགས་རམ་བྱེད་ཐུབ་ཅེས་གསུངས།

འཇར་མན་གྱི་རྒྱ་རིག་པ་མཁས་ཅན། འཇར་མན་གྱི་ཀེ་ཐིང་ཀེན་སློབ་ཆེན་གྱི་ཨ་ཤེ་ཡ་ཤར་མའི་རྩོམ་རིག་དང་རིག་གནས་ཀྱི་ལས་འཁྱུར་ངལ་གསོ་གནང་བའི་དགེ་རྒན་ཆེ་མོ་བ་ཧྲི་ཧན་ཝེ་ཡིས། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྣ་མང་གི་མི་རིགས་དང་བསམ་བློ་ཡོད་པས། འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད། དེ་ནི་མིའི་རིགས་ཀྱིས་ཀྲུང་གོར་སློབ་སྦྱོང་བྱེད་དགོས་པ་ཞིག་རེད།

ད་ལྟ་འཛམ་གླིང་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དཔེར་ན། གནམ་གཤིས་ཀྱི་ཉམས་ཉེན་ལྟ་བུ་རེད། དེའི་ཐད་ང་ཚོས་ངེས་པར་དུ་ཀྲུང་གོ་དང་མཉམ་ལས་བྱ་དགོས། དེ་ལྟར་བྱས་ན་གཞི་ནས་ད་ལྟ་གནས་པའི་ཉེན་ཁ་ཁྱད་བསད་ཐུབ་སྟེ་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་ཐུབ་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་པ་དང་རིག་གནས་པ་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་མཉམ་འདྲེས་ཀྱི་ཕོ་ཉ་བྱས་ཏེ། མཉམ་སྡུད་མཉམ་གསོག་དང་སྒོ་དབྱེ་ཁོང་ཡངས་ཀྱི་སྒོ་ནས་འཛམ་གླིང་གི་ཀྲུང་གོ་རིག་པར་ཞིབ་འཇུག་བྱེད་པ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་ར་ཕུན་སུམ་ཚོགས་སུ་གཏོང་ཆེད་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ལའེ་སུའོ་ཐུའོ་ཡི་དེ་སྔའི་དབུ་བཞུགས་བློན་ཆེན་མུའུ་ཁའེ་ཆི་མ་ཆའོ་ལུའོ་ཡིས། ངས་བལྟས་ན་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནི་ཚོགས་ཆེན་ལ་ཞུགས་མཁན་རིགས་གཅིག་མཁས་པ་དང་རིག་གནས་པ་ཚོས་ཀྲུང་གོ་རིག་པར་བསམ་གཞིགས་དང་གྲོས་བསྡུར་གཏིང་ཟབ་བྱ་རྒྱུར་སྐུལ་མ་གཏོང་ཆེད་ཡིན། གང་ལགས་ཤེ་ན། དེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་ནུས་པར་དེ་བས་ལེགས་པའི་སྒོ་ནས་བསམ་ཤེས་བྱ་རྒྱུར་ཕན་པ་ཡོད་པ་སྟེ། དེ་ནི་དཔལ་འབྱོར་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་དབང་གིས་ཀྲུང་གོ་དེ་ཉིད་ཀྱིས་རྒྱལ་སྤྱིའི་ཐོག་བཟུང་བའི་གནས་བབ་དེ་རེད། ཀྲུང་གོའི་ཤེས་དཔལ་ཤེས་རྟོགས་ཐུབ་ཚེ། ང་ཚོས་གཞི་ནས་གནས་བབ་དེ་ཤེས་རྟོགས་བྱེད་ཐུབ་ཅེས་གསུངས།

སུའུ་ཏན་ཁེ་ཐུའུ་མུའུ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་ཀྲུའུ་རེན་པ་ཏ་ཝེ་ཡིས། རིག་གནས་པ་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་འགོ་ཁྲིད་མཐོ་ཤོས་ཀྱི་རྒྱབ་སྐྱོར་ཐོབ་པར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། གང་འདྲ་བྱས་ཏེ་ཕན་ཚུན་བསམ་ཤེས་དེ་བས་ལེགས་པ་བྱེད་དགོས་པ་དང་། གང་འདྲ་བྱས་ནས་དེ་བས་ཕན་ཚུན་འབྲེལ་འདྲིས་བྱེད་དགོས་པ་སོགས་ཀྱི་ཐད་ང་ཚོར་བློ་སྒོ་ཡང་འབྱེད་བྱུང་། དཔེར་ན། ངས་སླད་ཕྱིན་ཡིག་སྒྱུར་ཐད་ཀྱི་ལས་ཀ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཨ་རབ་སྐད་དུ་བསྒྱུར་བ་དང་། སུའུ་ཏན་གྱི་གཏམ་རྒྱུད་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན། ཡིག་སྒྱུར་བྱས་པ་བརྒྱུད་ནས། ང་ཚོས་སྔར་ལས་ལྷག་པའམ་ཡང་ན་ཡང་དག་གི་གོ་བ་ལེན་ཐུབ་ཅེས་གསུངས།

ཧྥུ་ཅན་དགེ་འོས་སློབ་ཆེན་གྱི་དྲིལ་སྒྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིན་ཡན་གྱིས། ཀྲུང་གོ་རིག་པའི་ནང་ཀྲུང་གོའི་ལོ་ངོ་5000གི་ལོ་རྒྱུས་འཕེལ་རིམ་དང་། དེ་བཞིན་དེང་སྐབས་ཀྲུང་གོས་འཛམ་གླིང་ལ་དབང་བའི་དོན་སྙིང་འདུས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དེ། ང་ཚོ་དུས་ཡུན་རིང་པོར་ཀྲུང་གོའི་རྩོམ་རིག་ཞིབ་འཇུག་དང་། སློབ་ཁྲིད། གསར་རྩོམ་བཅས་ཀྱི་ལས་ལ་གཞོལ་མཁན་ཚོའི་ངོས་ནས་བརྗོད་ན། ཀྲུང་གོ་རིག་པ་དེས་ཀྲུང་གོ་དང་འཛམ་གླིང་གི་བསམ་བློ་རིག་གནས་ལ་མིག་སྔ་དང་སླད་ཕྱིན་དུས་གང་རུང་ཞིག་ལ་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་ཐེབས་དང་ཐེབས་མུས་ཡིན་ཞེས་གསུངས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1