སེམས་ཅན་ཆེ་ཕྲ་གང་ཡང་བཟའ་བཏུང་གི་འཚོ་བ་ལ་མ་བརྟེན་པ་གཅིག་ཀྱང་མེད་མོད། ཡིན་ནའང་མི་རིགས་རང་རང་གི་སྲོལ་རྒྱུན་གོམས་གཤིས་ལས་ཟས་ཟ་སྟངས་དང༌། སྐོམ་འཐུང་སྟངས། གཞན་ལ་འབུལ་སྟངས། བཟའ་བཏུ་རྒྱུ་ཆར་སྤང་བླང་གི་དབྱེ་འབྱེད་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་ཡོད་ཅིང༌་། ཁྱད་ཆོས་དེ་དག་ལའང་འཚོ་བའི་དམིགས་བསལ་གྱི་དགེ་མཚན་མི་ཉུང་བ་ཞིག་ཡོད་པ་སྨྲོས་མ་དགོས། ཁྱད་པར་དུ་མིའི་འཕྲོད་བསྟེན་གྱི་ཕྱོགས་ལ་འབྲེལ་བ་དམ་པོར་ཡོད་པ་དེང་དུས་ཚན་རིག་པ་མང་པོས་ཞིབ་འཇུག་ལས་མངོན་གསལ་གྱིས་གྲུབ་ཡོད། དེས་ན་བོད་མི་དམངས་ཀྱིས་བཟའ་བཏུང་ལ་ལོངས་སྤྱོད་པའི་སྐབས་ཁ་ནང་གི་འགྲམ་པ་གཡས་གཡོན་གཉིས་ལ་ཟས་ཀྱིས་ཁེངས་སུ་མི་འཇུག་ཅིང་༌། ཇ་དང་ཆུ་སོགས་བཏུང་བའི་རིགས་འཐུང་བའི་སྐབས་སུ་ཅབ་སྒྲ་གྲག་པར་འཛེམ་ཟོན་བྱེད། གཞན་བླ་དཔོན་དང་གྲྭ་བཙུན། དགེ་རྒན། ལོ་ན་བགྲེས་པོ། མགྲོན་པོ་རྣམས་ལ་བཟའ་བཏུང་འདྲེན་དུས་དཀར་ཡོལ་ལག་ཟུང་གིས་བཏེགས་ནས་འབུལ་བ་ལས་ལག་པ་ཡ་གཅིག་གིས་འབུལ་བར་མི་བྱེད། མགྲོན་པོ་མཐོ་དམན་གང་རུང་ལ་བཟའ་བཏུང་གི་སྣེ་ལེན་བྱེད་སྐབས་དཀར་ཡོལ་དང་སྣོད་ཆས་ལ་གས་ཆག་ཤོར་བ་དང་དྲི་མས་ལྷད་པ་དག་གི་ནང་ལ་བཟའ་བཏུང་གི་རིགས་ལྡུག་པར་མི་བྱེད་ཅིང་༌། ཕོར་བ་དང་སྣོད་ཀྱི་སྨད་ཞབས་སུ་འཛིན་པ་ལས་མཐེ་མཛུབ་ཀྱིས་ཕོར་ཁ་དང་ནང་ལོགས་སུ་རེག་པར་མི་བྱེད། མིས་ཁ་རེག་བྱས་པའི་ཕོར་བ་དང་ཁེམ་བུ་སོགས་སྤྱི་སྣོད་ལ་མི་བསྲེས་ཤིང་༌། གཞན་གྱི་ཟས་སྣོད་དང་གདོང་ལ་ཁ་ཐུག་ཕྱོགས་ནས་གློ་ལུ་བརྒྱག་པར་མི་བྱེད། བཟའ་བཅའ་བཏུང་བ་སོགས་ཟས་རིགས་དང༌་། གཡོས་བསྐོལ་བྱེད་པའི་སྣོད་ཆས་ཀྱི་རིགས་ལ་འགོམ་པར་མི་བྱེད། གཞན་ཟས་རིགས་ཀྱི་སྐོར་ལས་མི་ཤ་དང་རྟ་ཤ བོང་ཤ །དྲེལ་ཤ །ཁྱི་ཤ །ཞི་མིའི་ཤ །བྱ་རྒོད་ཀྱི་ཤ །ཁྭ་ཏའི་ཤ་སོགས་ཏེ། ནོར་ལུག་གླང་གསུམ་དང་ཕག་པ་མ་གཏོགས་གོང་སྨྲས་ཐམས་ཅད་ལ་འཛེམ་དོགས་ཆེན་པོ་བྱེད། ཉ་ཤ་ཟ་བ་ལ་འཛེམ་ཞིང་གསོད་པ་ལའང་འཚེར་སྣང་སྐྱེ། དེ་ནི་ཁ་དཔེར། ཉ་མོ་འབུམ་སྡིག་ཅེས་བཤད་སྲོལ་ཡོད་པས་ཡིན་ཡང་༌། ཉ་ཤ་ཟ་བ་ནི་མི་ཤ་ཟ་བ་དང་གཅིག་མཚུངས་སུ་འདོད། གང་ཡིན་ཟེར་ན་མིའི་བེམ་པོ་ཆུ་ལ་བསྐུར་སྲོལ་ཡོད་པས་ཆུ་ནང་དུ་བེམ་པོ་ཉ་ཡིས་ཟ་ཞིང་དེས་ན་ཉ་ཤ་ཟོས་པས་མི་ཤ་ཟོས་པ་དང་གཅིག་མཚུངས་སུ་འདོད།
ནོར་ལུག་དང་གླང་༌། ཕག་པ། ར་སོགས་ཡིན་ཡང་ཤི་ཤ་ལ་འཛེམ་པ་ཡིན་ཞིང་དེ་ནི་ནད་སོགས་འགོ་བར་འཛེམས་པ་ཡིན། ཕོར་བ་ཁ་སྦུབས་སུ་མི་འཇོག་ཅིང་ཐོམ་སྐྱོགས་གཡོན་ཕྱོགས་སུ་མི་བསྐོར། འདི་དག་ནི་གཤིན་པོའི་ཕྱོགས་སུ་སྤྱོད་པའི་བྱེད་ལས་ལ་ངོས་འཛིན་བྱེད་པ་ཡིན། བཙོ་ཟན་ཏེ་གོ་རེ་བག་ལེབ་སོགས་སྣུམ་བཙོད་བྱེད་པའི་སྐབས་སུ་བཙོ་སའི་ཐབ་ཚང་ནང་དུ་མི་སུ་ཡིན་མི་ཡོང་བ་ཡིན། དེ་ནི་མི་མནོལ་གྲིབ་ཅན་འོང་ན་ཟན་རིགས་ལ་སྣུམ་ཁ་མི་འགོས་པར་བཤད་པས་འཛེམ་པ་ཡིན། །