མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་སྐྱིད་མེ་ཏོག་རྔ་བར་བཞད་ཅེས་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-29


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱ་དགོས་པའི་དགོངས་པ་དང་ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་སི་ཁྲོན་བུད་མེད་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་ཤེས་བྱ་བརྒྱུད་སྒྲོག །རྒྱ་ཆེའི་མང་ཚོགས་ལ་ཁྱིམ་ཚང་གཙོར་འཛིན་གྱིས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་དང་ཁྱིམ་སྲོལ་ལེགས་འཛུགས་ལ་ཁྲིད་སྟོན་བྱེད་ཆེད། སྤྱི་ཟླ་11པའི་ཚེས་27ཉིན། མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་སྐྱིད་མེ་ཏོག་རྔ་བར་བཞད་ཅེས་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ། རྫོང་རིམ་པའི་ལས་ཁུངས་དང་ཁེ་ལས། བྱ་བཞག་སྡེ་ཁག་གི་བུད་མེད་ཨུ་ལྷན་གྱི་འགན་འཁུར་པ། ཡུལ་གྲོང་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་70ལྷག་བྱེད་སྒོར་ཞུགས།

སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོར་དོ་དམ་རིག་པའི་དགེ་རྒན་ཆེན་མོ་གཞོན་པ། སི་ཁྲོན་སློབ་ཆེན་གྱི་ཤེས་ལྡན་མི་སྣའི་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་དམིགས་བསལ་གདན་ཞུས་ཆེད་མཁས་པ།  སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་ཕྱིའི་སེམས་ཁམས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཀའོ་ཁང་གིས་འཆད་ཁྲིད་གནང་།

རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་གྲོས་ཚོགས་ཁང་དུ་དགེ་རྒན་ཀའོ་ཁང་གིས་བུད་མེད་ཀྱི་སེམས་ཁམས་བདེ་ཐང་དང་ཕོ་མོ་གཉིས་ཀྱི་ཞན་ཆ་དང་ལེགས་ཆ། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་སེམས་ཁམས་གནོན་ཤུགས་དང་རང་ངོས་སྙོམས་སྒྲིག་ཕྱོགས་གཉིས་ཀྱི་ཐད་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་སྟངས་རྒྱས་བཤད་གནང་། ལྷག་དོན་དུ་གནོན་ཤུགས་སེལ་ཐབས་དང་སེམས་ཁམས་སྙོམས་སྒྲིག་བྱེད་ཐབས། བདེ་ཐང་སེམས་ཁམས་རྒྱུན་འཁྱོངས་བྱེད་སྟངས་ཐད་སློབ་ཁྲིད་བྱས། དེས་གཞི་རིམ་བུད་མེད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་ཀྱིས་ལས་དོན་དང་འཚོ་བའི་གནོན་ཤུགས་ཇེ་ཆུང་དུ་བཏང་ནས། བུད་མེད་ཚོར་ཁྱིམ་ཚང་དང་འཚོ་བའི་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་ལ་དགེ་མཚན་ལྡན་པའི་བསམ་འཆར་བཏོན། གཞན་ཡང་《ན་ཚོད་མི་འདྲ་བའི་བྱིས་པའི་སེམས་ཁམས་ཀྱི་ཁྱད་ཆོས་དང་བསམ་པའི་དགོས་མཁོ》ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། ཕྲུ་གུ་དམར་འབྱར་ནས་སློབ་ན་སོན་པའི་བར། དེ་ནས་ལང་ཚོའི་དུས་ཀྱི་ན་ཚོད་མི་འདྲ་བའི་བྱིས་པའི་སེམས་ཁམས་ལ་དམིགས་ནས་དགེ་མཚན་ལྡན་པའི་བསམ་བློ་བརྗེ་རེས་བྱས་ཏེ། ཚན་རིག་དང་མཐུན་པའི་སློབ་གསོའི་འདུ་ཤེས་དང་གསོན་ཉམས་ལྡན་པའི་དཔེ་མཚོན་བརྒྱུད་ཁྱིམ་བདག་ཚོར་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་དོ་སྣང་བྱེད་དགོས་པའི་གནད་དོན་རྒྱས་བཤད་བྱས་པ་མ་ཟད། དམིགས་སའི་རང་བཞིན་གྱི་ཐག་གཅོད་བྱེད་ཐབས་ཀྱང་བཏོན་ཏེ། རྒྱ་ཆེའི་ཁྱིམ་བདག་རྣམས་ལ་བྱིས་པ་གསོ་སྐྱོང་ལེགས་པོ་བྱས་ཏེ། བདེ་སྐྱིད་དང་བདེ་ཐང་གི་ཁྱིམ་ཚང་ཁོར་ཡུག་བསྐྲུན་པར་ཁྲིད་སྟོན་བྱས།

གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཁྲིད་སྟོན་ཡག་པོ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། བྱེད་སྒོར་ད་དུང་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་སྐོར་སྐྱོད་སྒྲོག་འགྲེལ་བྱས། དགེ་རྒན་ཀའོ་ཁང་གིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་ལྡེ་མིག་བརྗོད་གཞིར་བཟུང་ནས། ལང་ཚོའི་དུས་ཀྱི་སེམས་ཁམས་འཕེལ་རྒྱས་དང་ལང་ཚོའི་དུས་ཀྱི་སོམ་ཉི་སོགས་ཀྱི་ནང་དོན་ལ་དམིགས་ནས་གཞོན་ནུ་ལོ་ཆུང་ཚོར་རང་ཉིད་ཤེས་རྟོགས་དང་རང་འདོམས་རང་སྲུང་བྱས་ཏེ། ལང་ཚོའི་དུས་ཀྱི་འགྱུར་ལྡོག་ལ་ངོས་འཛིན་གང་ལེགས་བྱེད་པར་ཁྲིད་སྟོན་བྱས།

རྒྱུས་ལོན་བྱས་པ་ལྟར་ན། རྗེས་ཕྱོགས་མཛོད་དགེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུལ་གྲོང་ཁག་ཏུ་བདེ་སྐྱིད་མེ་རྟོག་རྔ་བར་བཞད་ཅེས་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་གི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོར་དོ་ཁུར་བྱས་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1