གཞས་ཚིག
དུང་ཅལ་ངས། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་བླ་མ་མཇལ་བར་འགྲོ། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་སངས་རྒྱས་མཇལ་བར་འགྲོ།
དུང་ཅལ་ངས། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་དཔོན་པོ་མཇལ་བར་འགྲོ། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་ཁམས་གསུམ་མཇལ་བར་འགྲོ།
དུང་ཅལ་ངས། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་ཕ་མ་མཇལ་བར་འགྲོ། ང་ཡང་མི་སྡོད་ང་ཡང་འགྲོ། ང་ཡང་ཡབ་ཡུམ་མཇལ་བར་འགྲོ།
མང་ཡུལ་སྐྱིད་གྲོང་ཁུལ་གྱི"དུང་ཅལ"ཞབས་བྲོ་ཞེས་པ་དར་ཚུལ་ནི་སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་མང་ཡུལ་གཞུང་དུ་ཆེས་སྔ་ཤོས་དར་བའི་དམངས་ཁྲོད་ཀྱི་རྩལ་ཆེན་རིག་གནས་སྒྱུ་རྩལ་ཞིག་ཡིན། དེ་ཡང་ཐོག་མར་མང་ཡུལ་གཞུང་དུ"སྐྱིད"མི་གྲོང་བདུན་གྱི་འགོ་གཙོ་བྱས་པའི་ཁོ་ཚོས་སོ་སོའི་ཡུལ་གྱི་གྱོན་ཆས་དང་རྒྱན་ཆ་རྩ་ཆེན་རྣམས་ལུས་ལ་གཟབ་འཆོར་ལེགས་པར་བརྒྱན་ནས་བཀྲ་ཤིས་པའི་རྟགས་རྟེན་འབྲེལ་བྱེད་པའི་སྐབས་སུ་རྟེན་འབྲེལ་མཚོན་བྱེད་དུ་གར་འཁྲབ་བྱེད་ཀྱི་ཡོད། "དུང་ཅལ"ཞེས་པའི་མིང་དར་ཚུལ་ནི་དམན་ཆུང་བུ་མོའི་ལག་གཡས་པར་དངུལ་གྱི་རྡེའུ (དངུལ་གྱི་སྒྲོ་དུང)དང་ལག་གཡོན་མར་སྦ་ལག (དུང་སྒོར)གཉིས་ཞབས་བྲོ་འཆམ་པའི་སྐབས་སུ་དུས་ཅིག་ཏུ་ལག་གཉིས་མཉམ་དུ་སྦྱར་ནས་ལག་བརྡབ་བྱེད་པའི་ཚེ་སྒྲོ་དུང་གཉིས་ཀྱི་སྐད་དུས་ཅིག་ཏུ"ཆགས""ཆགས""ཆགས"ཞེས་སྒྲ་སྒྲོག་པས"དུང་ཅལ"ཞེས་པ་རླུང་ལྟར་ཕྱོགས་བཅུར་གྲགས་སོ། (ཅལ་ཞེས་པ་ནི་སྒྲའི་དོན) དེ་ཡང་ཞིབ་པར་བརྗོད་ན། སྔོན་དང་པོ་སྐྱིད་གྲོང་ཞེས་པའི་མིང་ལ་མང་ཡུལ་སྐྱིད་ཅེས་བརྗོད་པ་ལས་སྐྱིད་གྲོང་ཞེས་པའི་མིང་མ་མཆིས་སོ། མང་ཡུལ་སྐྱིད་ཞེས་པའི་དུས་སུ་གནས་དེར་གྲོང་མི་བདུན་ལས་མེད་མོད། གྲོང་མི་བདུན་གྱི་ཕོ་མོ་རྣམས་ཀྱིས་སྐབས་དེ་དུས"དུང་ཅལ"ཞབས་བྲོ་ཞེས་པ་དེ་སྦྱངས་བའི་དུས་སུ་ཡུལ་དང་ཁ་གྱེས་ནས་སྔོ་ལྗང་ནགས་གསེབ་ཁྲོད་དུ་མི་གཞན་གྱིས་མ་ཚོར་བར་སྦྱོང་དུ་ཆས། སྐབས་དེ་དུས་ཞབས་བྲོ་སྦྱོང་ས་ནི་ཡུལ་གྱི་ནུབ་བྱང་ངོས་སུ་ནགས་ཀླུང་སྟུག་པོའི་ཁྲོད་རྡོ་ལེབ་ཆེན་པོ་ཞིག་ཡོད་པས་དེའི་སྟེང་སྐྱེས་ཕོ་མོ་རྣམས་རུབ་རུབ་བྱས་ནས་ཉམས་དང་ལྡན་པའི་སྒོ་ནས་སྐད་གསངས་མཐོན་པོས་གླུ་དབྱངས་ལེན་བཞིན་ཞབས་བྲོ་རྒྱག་གི་ཡོད། དེང་སང་ཡང་ཞབས་བྲོ་སྦྱངས་སའི་རྡོ་ལེབ་ཆེན་པོ་དེ་ང་ཚོའི་སྤྱན་ལམ་དུ་མངོན་རྒྱུ་ཡོད། དུས་ད་ཆ་མང་ཡུལ་སྐྱིད་གྲོང་གི"དུང་ཅལ"ཞབས་བྲོ་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱུང་ཡོད། མང་ཡུལ་སྐྱིད་གྲོང་ཁུལ་དུ་བཀྲ་ཤིས་པའི་མཛད་སྒོ་གང་འདྲ་ཞིག་སྤེལ་ནའང་སྔོན་དང་པོ"དུང་ཅལ"ཞབས་བྲོ་དེ་གར་འཆམ་བྱེད་ཀྱི་ཡོད། མང་ཡུལ་སྐྱིད་གྲོང་གི"དུང་ཅལ"ཞབས་བྲོ་རིམ་པ་དང་པོར་འཇོག་དགོས་པའི་རྒྱུ་མཚན་ནི་དུང་ཅལ་གར་འཆམ་ནི་མང་ཡུལ་གར་འཆམ་གྱི་ཕུད་དང་པོ་དེ་ཡིན་པས་མི་སྣ་རྩ་ཆེན་དང་བཀྲ་ཤིས་པའི་བྱེད་སྒོ་ཅི་ཞིག་གཉེར་རུང་སྔོན་དང་པོ་ཞབས་གཞས་ཀྱི་ཕུད་དེ་ཕུལ་ནས་ལས་དོན་ཚང་མ་བདེ་བླགས་ངང་ལེགས་གྲུབ་དང་བྱ་བ་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་གྱི་རྟགས་རྟེན་འབྲེལ་ཡོངས་སུ་མངོན་པར་མཚོན་གྱི་ཡོད། ལྷག་དོན་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་དུས། བལ་བཟའ་ཁྲི་བཙུན་གྱི་བློན་འཁོར་གཡོག་དང་བཅས་པ་མང་ཡུལ་ལྷོ་ངོས་ཀྱི"གྱེས་ཕྱག"ཞེས་པའི་ཡུལ་དུ་འབྱོར་བའི་ཚེ། བོད་ཕྱོགས་ནས་བློན་འཁོར་གཡོག་ལྔ་བརྒྱ་དང་མང་ཡུལ་སྐྱིད་མི་གྲོང་བདུན་བཅས་ཀྱི་གནས་དེར་བལ་བཟའ་ཁྲི་བཙུན་བསུ་ཆང་གང་ལེགས་དང་དགའ་བའི་བྲོ་གར་འཆམ་པའི་དུས། དུང་ཅལ་ཞབས་བྲོ་སྐབས་དེ་དུས་བལ་བཟའ་ཁྲི་བཙུན་ལ་རྟགས་རྟེན་འབྲེལ་དུ་ཐོག་མར་ཕུལ་ལོ། དུས་དེ་ནས་བཟུང་མང་ཡུལ་གཞུང་དུ"དུང་ཅལ"གར་འཆམ་དེ་ཕ་མེས་རྒྱུད་འཛིན་གྱི་རིམ་བཞིན་དར་ཁྱབ་ཏུ་སོང་ནས་ད་ཆ་རྒྱལ་ཁབ་རིམ་པའི་དམངས་ཁྲོད་ཀྱི་རིག་གནས་སྲུང་སྐྱོབ་གྲས་སུ་ཚུད་ཡོད།