འདིར་ངོ་སྤྲོད་བྱེད་པའི་མི་ཉག་ཡུལ་ཞེས་པ་ནི་དར་རྩེ་མདོའི་ཤར་རྒྱུ་ལ་ཁྲ་མོའི་ནུབ་རྒྱུད་ཀྱི་ས་གནས་ཙམ་ལ་ཟེར་བ་ཡིན། གནའ་སྲོལ་གྱི་འགྲོ་ལུགས་ལྟར་ན་མི་ཉག་ཡུལག་ཤོག་གི་བུ་དང་བུ་མོ་མག་པ་དང་བག་མ་གཏོང་བའི་སྐབས་སུ། དུད་ཚང་གི་མ་ཁང་གི་དཀྱིལ་ཀ་མདུན་དུ་ཅོག་ཙེ་གྲུ་བཞི་ཅན་ཞིག་བཞག་ནས་དེའི་སྟེང་དུ་ཆང་རག་དང་བུ་རམ་བཅས་བཤམས་ཤིང་། བྲོ་ཚིག་ཕྱུག་ལ་སྐད་གསང་སྙན་པའི་བུ་དང་བུ་མོ་ཆ་གཉིས་རེས་བྱས་ནས་མི་ཉག་ཡུལ་གྱི་འགྲོ་བྲོ་འཁྲབ་སྲོལ་ཡོད་པ་རེད། འགྲོ་བྲོ་འཁྲབ་པའི་སྐབས་སུ་བྲོ་ཚིག་ནང་ཤིས་བརྗོད་དང་རེ་འདུན་མཚོན་པའི་ཚིག་ཤ་སྟག་ཡིན་དགོས་པས་མ་ཚད། བྲོ་ཚིག་ལ་ལན་བཏབ་པའི་སྐབས་སུའང་ཚིག་ཕུགས་དེད་མཁས་པོ་བྱ་དགོས། དཔེར་ན། ས་ཨ་འགྲུབ་གནས་ཀྱི་ཕ་སའི་ནང་།། རྟ་འདོ་བ་བརྒྱ་ཡི་གདང་རེ་བརྒྱབ།། རྟ་འདོ་བ་བརྒྱ་ལ་རྟེའུ་ཆུང་གཅིག ། འདི་རྟེའུ་མི་སྡོད་འགྲོ་མི་རེད།། ཁྱོད་འགྲོ་མི་འགྲོ་ཐལ་མ་བསམ་རོགས། །
རྒྱབ་གསེར་སྒ་ཁྱོད་ལ་རྫོངས་བ་བྱིན།།ས་ཨ་འགྲུབ་གནས་ཀྱི་ཕ་སའི་ནང་།། འབྲི་ཟེ་བ་བརྒྱ་ཡི་གདང་རེ་བརྒྱབ།། འབྲི་ཟེ་བ་བརྒྱ་ལ་ཁྱུང་ཕྲུག་གཅིག ། འདི་ཁྱུང་ཕྲུག་མི་སྡོད་འགྲོ་མི་རེད།། ཁྱོད་འགྲོ་མི་འགྲོ་ཐལ་མ་བསམ་རོགས།། རྒྱབ་དྲུག་ཇ་ཁྱོད་ལ་རྫོངས་བ་བྱིན།། ས་ཨ་འགྲུབ་གནས་ཀྱི་ཕ་སའི་ནང་།། ལུག་གཡང་དཀར་བརྒྱ་ཡི་གདང་རེ་བརྒྱབ།། ལུག་གཡང་དཀར་བརྒྱ་ལ་ལུ་གུ་གཅིག ། འདི་ལུ་གུ་མི་སྡོད་འགྲོ་མི་རེད།། ཁྱོད་འགྲོ་མི་འགྲོ་ཐལ་མ་བསམ་རོགས།། རྒྱབ་བལ་དཀར་ཁྱོད་ལ་རྫོངས་བ་བྱིན།། ཞེས་པ་འདི་ལྟ་བུ་ནི་འགྲོ་བྲོའི་འགོ་བརྗོད་ཡིན་པ་རེད་ཅེས་བྲོ་པ་རྒན་རབས་པ་ཚོའི་ངག་རྒྱུན་ལ་ཐོས་རྒྱུ་ཡོད་པ་ཞིག་རེད།
འགྲོ་བྲོའི་ལེ་ཚན་གཉིས་པའི་སྐབས་སུ་ཕྱིར་འགྲོ་བའི་ཕོ་མོ་གང་ཡིན་ཡང་རང་གིས་ཁྱིམ་གཞིས་བཙུགས་རྗེས་དྲིན་ཕ་མས་སྐྱོང་བའི་དྲིན་ལན་དང་། རང་གི་ལྟེ་ཁྲག་ཐོག་མར་འབབ་སའི་ཕ་ཡུལ་མ་བརྗེད་ཅེས་པའི་གནས་ལུགས་མཚོན་བྱེད་ཤ་སྟག་ཡིན་དགོས་པ་རེད། དཔེར་ན། དེ་རིང་འགྲོ་འགྲོ་ཤ་ཕྲུག་ང་རང་རེད།། སང་ཉིན་འགྲོ་འགྲོ་ལ་ཆེན་བརྒལ་ནས་འགྲོ། ། ཉིན་རེར་སྐོར་རེ་རི་ལ་མ་འཁོར་ན།། རི་རྒྱལ་ལྷུན་པོའི་དྲིན་ལན་མི་སོད་འདུག །དེ་རིང་འགྲོ་འགྲོ་ཐང་དཀར་ང་རང་རེད།། སང་ཉིན་འགྲོ་འགྲོ་བྲག་ཆེན་བརྒལ་ནས་འགྲོ།། ཉིན་རེར་སྐོར་རེ་བྲག་ལ་མ་འཁོར་ན།། བྲག་དང་ཤུག་པར་དྲིན་ལན་མི་སོད་འདུག ། དེ་རིང་འགྲོ་འགྲོ་ཨ་ཟི(རྩྭ་འཇགས)ང་རང་རེད།། སང་ཉིན་འགྲོ་འགྲོ་གྲོང་ཆེན་བརྒལ་ནས་འགྲོ། ། ཉིན་རེར་སྐོར་རེ་གྲོང་ལ་མ་འཁོར་ན།། དྲིན་ཆེན་ཕ་མའི་དྲིན་ལན་མི་སོད་འདུག །ཅེས་པ་སོགས་ལྟ་བུ་ཤིས་བརྗོད་སྨོན་ལམ་དང་རེ་འདུན་མཚོན་པའི་འགྲོ་བྲོའི་ཚིག་མང་པོ་ཡོད་མོད། འདིར་ས་གནས་དེ་གའི་གཉེན་སྟོན་གྱི་གནའ་སྲོལ་མཚོན་བྱེད་ཙམ་ངོ་སྤྲོད་བྱས་པ་ཡིན།།