༄༅།།རྒྱ་ནག་གི་རི་བོ་བྱ་རྐང་།

གྱི་ལིང་འཇིགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་དྲ་བ། སྤེལ་དུས། 12-13


     རི་བོ་བྱ་རྐང་ནི་རིའི་དབྱིབས་ཀྱི་ཆ་ནས་མིང་བཏགས་པ་ཞིག་སྟེ་རིའི་གདོང་སྣེ་གསུམ་མདུན་ཕྱོགས་སུ་ཡོད་ཅིང་། གཞན་གཉིས་རྒྱབ་ཕྱོགས་སུ་མཐོ་དམན་ཅུང་དོད་པའི་ཚུལ་དུ་ཡོད་པས་མཁའ་ནས་བལྟས་ན་བྱའི་རྐང་བ་དང་ཤིན་ཏུ་འདྲ། ཡང་བཤད་སྒྲོས་ཤིག་ལ་ཡུལ་འདིར་གླིང་གེ་སར་གྱིས་འཇང་ས་དམ་རྒྱལ་བོ་ཡིན་ནམ་གང་ལྟར་འཇང་ཡུལ་གྱི་བདུད་མ་རུང་བ་ཞིག་བཏུལ་བ་ཡིན་ལ། སྐབས་དེར་འཇང་གི་བདུད་དེ་གནས་འདིར་འབུ་སྲིན་ཞིག་ཏུ་སྤྲུལ་བ་ན་གེ་སར་རྒྱལ་བོ་བྱ་ཞིག་ཏུ་སྤྲུལ་བའི་རྐང་བས་འབུ་དེ་བསད་པས་ན་མི་རྣམས་ཀྱིས་རི་བོ་བྱ་རྐང་ཞེས་མིང་བཏགས་པ་རེད་ཅེས་ཀྱང་གྲགས། གཏམ་རྒྱུད་ནི་གཏམ་རྒྱུད་ཙམ་སྟེ། དེ་ལ་ཡིད་བརྟོན་འཕེར་བའི་གནས་ལུགས་ཅི་ཡང་མེད་མོད། མི་རྣམས་སྔར་བཞིན་ལྷ་སྒྲུང་ལ་དགའ་བས་ངག་སྒྲོས་འདི་ཡང་ཇི་བཞིན་བཀོད་པ་ཡིན། རི་བོ་བྱ་རྐང་འདི་ནི་བདག་ཅག་གི་སྟོན་པའི་འཁོར་ཉན་ཐོས་གཙོ་བོ་འཕགས་པ་འོད་སྲུང་འགོག་སྙོམས་ལ་བཞུགས་པའི་གནས་ཡིན་ལ། མ་འོངས་པ་ན་རྒྱལ་བ་བྱམས་པ་མགོན་པོ་འཛམ་བུ་གླིང་དུ་བྱོན་ནས་ཆོས་འཁོར་སྐོར་སྐབས་འཕགས་པ་འོད་སྲུང་འགོག་སྙོམས་ལས་བཞེངས་ནས་རྒྱལ་བ་བྱམས་པའི་བསྟན་པ་ལ་བྱ་བ་བྱེད་པར་འགྱུར་ཞེས་པའི་གསུང་རྒྱུན་ཡོད་ལ། བཤད་སྒྲོས་འགའ་རེར་གནས་འདིར་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་པ་རེད་ཅེས་ཀྱང་ཟེར། གང་ལྟར་རྒྱ་གར་ན་ཡོད་པའི་རི་བོ་བྱ་རྐང་དང་འདི་གཉིས་ལ་གཏམ་རྒྱུད་དང་གནས་བཤད་ཅུང་འདྲ་ལ་ཁད་པ་རེ་བཤད་རྒྱུ་ཡོད་པས་གང་ཞིག་དག་མིན་བཤད་དཀའ་མོད། གནས་མཇལ་བ་དག་སྣང་ཅན་དག་གིས་གནས་འདིིའི་རི་སྐེད་ན་ཡོད་པའི་འཕགས་པ་འོད་སྲུང་ཆེན་མོའི་གནས་སོགས་ལ་མཇལ་ན་བྱིན་རླབས་ཅི་ནས་ཀྱང་འཐོབ་ངེས་སྙམ་དུ་སེམས་སོ། །རྒྱའི་ལོ་རྒྱུས་སྨྲ་བ་དག་གིས་ཐང་གི་ཡར་སྔོན་དུ་གནས་འདིར་ཅི་ཡང་མེད་ལ། ཐང་གི་དགེ་སློང་ཞིག་གིས་གནས་འདིར་རྗེ་བཙུན་བྱམས་མགོན་ཡུན་རིང་བསྒྲུབས་པས་དེ་ནས་བཟུང་གནས་འདི་ནི་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་པ་ཡིན་ལ། ཡོན་རྒྱལ་རབས་དང་མེན་རྒྱལ་རབས་སུ་གནས་འདི་ནི་འཕགས་པ་འོད་སྲུང་གི་གནས་མཆོག་ཅིག་ཡིན་པའི་བཤད་སྒྲོས་བྱུང་བས་དགོན་པ་ཆེན་པོ་བརྒྱད་བྱུང་ཟེར། དེའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཀྱང་ཡོད་ལ། དེ་ནི་འཇང་ས་དམ་རྒྱལ་བོས་སྦྱིན་བདག་ཞུས་ཤིང་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་འདུག དེ་བཞིན་རྒྱ་བརྒྱུད་ནང་བསྟན་གཙོ་བོ་དང་ཞི་ཧྲོང་པན་ནཱའི་ལྷོ་བརྒྱུད་གནས་བརྟན་སྡེ་བའི་ལུགས་ཀྱང་དར་ཡོད་པས། རི་བོ་འདི་ལྟ་བུ་ཞིག་ཀྲུང་གོ་ན་གཅིག་མ་གཏོགས་མེད།དེ་ཡང་རི་འདིའི་ཕྱོགས་གསུམ་ན་རྒྱལ་ཐང་སོགས་བོད་ཀྱི་ཡུལ་དང་། ཏེད་རིགས་སོགས་ལྷོ་བརྒྱུད་དར་བའི་ཡུལ། དེ་བཞིན་ཁུང་མེན་སོགས་རྒྱའི་ཡུལ་བཅས་འབྲེལ་ཡོད་པས་ལུགས་འདི་གསུམ་ག་ཆེས་ཆེར་དར་བ་ཡིན་འདུག་ལ། ལུགས་འདི་གསུམ་གྱིས་གནས་འདི་ནི་འཕགས་པ་འོད་སྲུང་ཆེན་པོའི་གནས་རི་ཡིན་པ་རྩོད་མེད་དུ་ཁས་ལེན་པར་འདུག ཆིན་རྒྱལ་རབས་ཀྱི་དུས་སུ་རི་བོ་འདི་ཉམས་རྒུད་དུ་ཕྱིན་འདུག རྒྱུ་མཚན་ནི་སྲིད་གཞུང་གིས་དགོན་པའི་ས་ཞིང་སོགས་གཞུང་བཞེས་བཏང་བར་མ་ཟད་གྲྭ་རྒྱུན་ལའང་ཚོད་འཛིན་བྱས་པས་རེ་ཞིག་དགོན་པ་མང་བོ་ས་སྟོང་ལྟ་བུར་གྱུར། རྗེས་སུ་ཀྲུང་ཧྭ་མིན་གོའི་དུས་སུ་སླར་ཡང་དར་རྒྱས་ཆེན་པོ་བྱུང་ལ། རྒྱའི་ཉེ་རབས་ཀྱི་དགེ་སློང་རྟོགས་ལྡན་པ་ཞུའེ་ཡོན་ཚང་གིས་ཀྱང་གནས་འདིའི་ཆོས་གཞི་སླར་གསོ་གནང་སྟེ་བསྟན་ལ་ཕྱག་རྗེས་བསམ་གྱིས་མི་ཁྱབ་པ་གནང་འདུག རི་འདབས་ནས་རི་རྩེར་འགོས་པའི་ལམ་བར་དུ་འཕགས་པ་འོད་སྲུང་ཆེན་མོ་འགོག་སྙོམས་ལ་བཞུགས་པའི་གནས་ཡིན་པར་གྲགས་པའི་བྲག་གི་སྒོ་ཆེན་ལྟ་བུ་དེ་ལ་ཆེད་དུ་སོང་ནས་མཇལ། བྲག་མདུན་དུ་དགོན་པ་བརྗིད་ཉམས་ལྡན་པ་ཞིག་བཞེངས་ཡོད་ལ། སྒོ་བྱང་ལ་འོད་སྲུང་ལྷ་ཁང་(迦耶殿)ཞེས་བྲིས་འདུག ང་ཚོ་དགོན་པ་དེར་སླེབས་སྐབས་སྔ་དྲགས་པས་དགེ་འདུན་པ་རྣམས་གཟིམས་འདུག སྒོ་སྲུང་རྒན་པོ་ཞིག་ཡོད་པ་དེར་སྐད་བརྒྱབས་པས་གློ་སྒོ་ཕྱེས་ཏེ་ནང་དུ་འཁྲིད་བྱུང་། སྐབས་དེར་བདག་གི་སེམས་སུ་སྔར་སི་ཏུ་པཎ་ཆེན་དང་འཇང་རྒྱལ་བོ་རྣམ་གཉིས་གནས་འདིར་ཕེབས་སྐབས་སི་ཏུ་པན་ཆེན་གྱིས་གནས་འདིར་ཐུགས་སྨོན་སྐྱབས་འཇུག་གནང་བས། བྲག་ངོས་དེ་ནས་འཇའ་འོད་སྣ་ཚོགས་འཚེར་བ་སྐྱེ་བོ་ཀུན་གྱིས་མཐོང་ཚུལ་གསུངས་པའི་རྣམ་ཐར་དེ་དྲན་བྱུང་། བདག་གིས་ཀྱང་ཕྱག་འཚལ་ཞོར་བསྟན་པ་དར་ཞིང་འགྲོ་བ་བདེ་བའི་སྨོན་ལམ་རྣམ་དག་ཅིག་བཏབ་པ་ཡིན། དེ་ནས་མུ་མཐུད་དུ་རི་ངོས་ཀྱི་རྡོ་སྐས་བཏང་སྟེ་གནའ་བོའི་རྐང་ལམ་དུ་ཞུགས་པ་ན་ལམ་དོག་ལ་རྡོ་རིལ་མང་བས་འགྲོ་དཀའ་ཙམ་བྱུང་མོད། ལམ་ཐག་ཅུང་ཉེ་བས་ཉི་གཞོན་ཤར་མཐའ་ནས་མ་མངོན་གོང་ལ་ང་ཚོ་རི་རྩེར་བསླེབས་སོང་། ཉི་ཤར་ལ་ལྟ་བ་ནི་ཁང་བརྩེགས་ནང་དུ་ཡུན་རིང་བཙོན་མ་ལྟར་བཅུག་ཡོད་པ་དག་གི་ཐུན་མོང་གི་དགའ་ཕྱོགས་ཤིག་རེད། ངས་ཀྱང་སྐད་ཅོར་རྒྱག་བཞིན་པའི་རྒྱ་མི་དེ་དག་དང་འདྲ་བར་པར་ཆས་བཟུང་སྟེ་ཉི་ཤར་གྱི་རྣམ་པ་པར་དུ་བླངས། ཉི་མ་སྤྲིན་གསེབ་ཏུ་བུད་མ་ཐག་པའི་སྐབས་དེ་ནི་སྤོ་ལོ་དམར་བོ་ཞིག་དང་འདྲ་ལ། དུ་བ་སྲབ་མོ་ལྟ་བུའི་སྤྲིན་པའི་ཀློང་དུ་འཕགས་སྐབས་གནམ་སའི་མཚམས་ཀྱི་སྤྲིན་པ་མཐའ་དག་ཀྱང་དམར་སེར་དུ་གྱུར་ཅིང་། རིམ་བཞིན་ཕྱོགས་བཞིའི་རི་རྩེ་རྣམས་ཀྱང་དམར་བོར་གྱུར། མཚམས་སྤྲིན་གསར་བའི་མདངས་ཀྱིས་མཛེས་པའི་སྐུ་ཞེས་པའི་མདངས་དེའང་འདི་འདྲ་ཞིག་ལོས་ཡིན། བདག་གིས་དེ་ལྟར་བསམ་བཞིན་ཕྱོགས་ཕྱོགས་སུ་སོང་སྟེ་པར་མང་བོ་བླངས་པ་ཡིན། རི་རྩེ་ན་གྲང་ལྷགས་ཆེ་ལ་ང་ཚོ་ཡང་སྔ་དྲགས་པས་དགོན་པའི་སྒོ་མ་ཕྱེས་བར་དུ་སྒོ་ཆེན་མདུན་གྱི་སྲང་ལམ་དོག་མོ་དེར་ཟ་ཁང་ཞིག་བཙལ་ཅིང་ཞོགས་ཟས་ཟོས། དེ་ནས་རི་རྩེའི་དགོན་པར་མཇལ་རྗེས་རླུང་རྟ་མཆོད་ཅིང་དར་ལྕོག་བཙུགས། ས་ལྟ་ཡུལ་ལྟ་ཡིད་ཚིམ་པ་ཞིག་བྱས་རྗེས་ཕྱིར་ལམ་ལ་ཆས། རི་རྩེ་རུ་བདེ་ཆེན་དང་རྒྱལ་ཐང་སོགས་ནས་ཡོང་བའི་ཁམས་པ་མང་བོ་ཡོད་ལ། མུ་ལི་ནས་ཡིན་པའི་མཇལ་བ་སྐོར་ཞིག་ཀྱང་དར་ལྕོག་འཛུགས་ཀྱིན་པ་མཐོང་། རི་རྩེའི་སྙིང་བོ་ནི་གནམ་ལ་ཟུག་པ་ལྟ་བུའི་མཆོད་རྟེན་ཞིག་སྟེ། དཔའ་བར་འགྲོ་བའི་མཆོད་རྟེན་ཟེར་ལ་རྒྱ་གར་གྱི་རྒྱལ་བོ་མ་སྐྱེས་དགྲས་བཞེངས་ཤིང་ནང་རྟེན་དུ་ཉན་ཐོས་ཆེན་པོ་འོད་སྲུང་གི་ན་བཟའ་སོགས་བྱིན་ཅན་མང་བོ་བཞུགས་པར་བཤད། ང་ཚོ་ཡང་རྒྱ་ལུགས་ཀྱི་མཆོད་རྟེན་གླིང་བརྒྱད་མ་དེའི་དྲུང་དུ་སོང་ནས་པར་ཞིག་བླངས་པ་ཡིན། མཆོད་རྟེན་དེ་ནི་རྗེས་སུ་རིམ་གྱིས་ཉམས་ཆག་ཏུ་གྱུར་པ་ཡུན་ནན་གྱི་ཉེ་རབས་ལོ་རྒྱུས་ཁྲོད་སྐད་གྲགས་ཤིན་ཏུ་ཆེ་བའི་དམག་དཔོན་ལུང་ཡུན་(龙云)ཞེས་པ་དེས་སྤྱི་ལོ་1934ལོར་བསྐྱར་བཞེངས་བྱས་པ་རེད། མཆོད་རྟེན་གྱི་མཐོ་ཚད་ལ་སྨི་40དང་ཐོག་བརྩེགས་བཅུ་གསུམ་ཅན་ཞིག་རེད། སྐབས་དེར་རི་ལམ་ཅི་ཡང་མེད་པའི་དབུ་རྩེ་འདིར་འཛུགས་སྐྲུན་གྱི་རྒྱུ་ཆ་རྣམས་ཅི་ལྟར་དྲངས་པ་ཡིན་ནམ། བདག་གིས་དེ་ལྟར་བསམ་བཞིན་མཆོད་རྟེན་ལ་ཡང་ལྟ་བསྐྱར་ལྟ་བྱས་པ་ཡིན། ཡུལ་སྐོར་བ་མང་བོ་ནི་རྒྱ་མཚོའི་རྦ་རླབས་བསྐྱོད་པ་དང་འདྲ་བས་འགྲོ་ལམ་ཡང་ཐེམ་དཀའ། དམག་དཔོན་ལུང་ཡུན་ནི་གོ་མིན་ཏང་སྲིད་གཞུང་གི་བཀའ་ལའང་མི་ཉན་ལ། ཚོགས་ཐོག་ནས་ཀྱང་ཅང་ཅེ་ཧྲི་ལ་རྒོལ་གཏམ་སྨྲ་ཕོད་མཁན་གྱི་གཏུམ་པོ་ཞིག་ཡིན་མོད། ནང་ལོགས་སུ་འཇར་པན་གྱིས་བཙན་འཛུལ་བྱས་པས་སྐབས་དེའི་ཤེས་ཡོན་པ་མང་བོས་མི་རིགས་ཉམས་ཀྱང་སློབ་གསོ་ཉམས་མི་རུང་བའི་ལྟ་ཚུལ་བཏོན་ཏེ་པེ་ཅིན་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་གསུམ་མཉམ་འབྲེལ་གྱིས་ཡུན་ནན་དུ་བྲོས་བྱོལ་ལ་ཡོང་སྐབས་དམག་དཔོན་ལུང་ཡུན་གྱིས་དགའ་བསུ་གཟབ་རྒྱས་བྱས་པར་མ་ཟད། སློབ་གྲྭ་འཛུགས་སའི་ས་ཆ་དང་། དེ་བཞིན་དཔལ་འབྱོར་གྱི་ཕྱོགས་ནས་རོགས་རམ་ཅི་ཐུབ་བྱས་ཡོད་པས། ཁོ་ནི་རིག་གནས་སློབ་གསོ་གཙིགས་ཆེན་དུ་འཛིན་པའི་དམག་དཔོན་བློ་ཁོག་ཡངས་པོ་ཅན་ཞིག་ཡིན་པའི་སྣང་བ་སྟེར། ངས་སྔོན་ཆད་ཁོ་རང་དམག་དཔོན་ཞིག་ཡིན་པ་ཙམ་ལས་ཆོས་ལུགས་པ་ཞིག་ཡིན་པ་མ་ཤེས། རི་རྩེའི་དགོན་པ་ནས་མཆོད་རྟེན་འདི་མཐོང་བས་ད་གཟོད་ཁོའི་དད་པ་དང་སྙིང་སྟོབས་གཉིས་ཀྱང་ཟུར་ཙམ་མཐོང་སོང་། ཉི་ཤར་ཙམ་ལ་ཕྱོགས་བཞིའི་ནགས་རི་སྟུག་པོ་དག་གི་གསེང་ནས་དུ་བ་འཕྱུར་བ་ལྟ་བུའི་སྨུག་པ་ལང་ལོང་དུ་འཕྱུར་ཡོང་བ་ནི་དངོས་གནས་ཡིད་དབང་འཕྲོག་པའི་ལྟད་མོ་ཞིག་རེད། རི་བོ་འདི་ནི་མཚོ་ངོས་ལས་མཐོ་ཚད་སྨི་3248ཡིན་པས་རང་རེའི་ཡུལ་གྱི་ཐང་བདེ་ས་ཞིག་གི་མཐོ་ཚད་ལས་མེད་མོད། ཕྱོགས་བཞིའི་རིི་རྣམས་ནི་འདིའི་རྐང་འོག་ཏུ་མནན་ཡོད་པ་དང་འདྲ་བས། རི་ཡི་རྒྱལ་བོ་གཟི་བརྗིད་ལྡན་པ་ཞིག་གི་སྣང་བ་སྟེར། ཀརྨ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་འཇང་བཀའ་འགྱུར་གྱི་པར་བྱང་དུའང་། འོད་སྲུང་གདུང་བཞུགས་རི་བོ་བྱ་རྐང་གྲགས་པ་དང་། །ཞེས་གསུངས་ཡོད་ལ། རི་སྐེད་དུའང་འོད་སྲུང་ལྷ་ཁང་ཡོད་པར་མ་ཟད། རྒྱ་བོད་དམ་པ་མང་བོར་གནས་འདི་ནས་འཕགས་པ་འོད་སྲུང་ཆེན་མོ་རྨི་ལམ་དུ་བྱོན་པའམ། འཇའ་འོད་སྣ་ཚོགས་ཀྱིས་རྟགས་མཚན་ཁྱད་པར་བ་སྟོན་པ་སོགས་ཞིབ་ཏུ་བསམ་ན་དད་པ་དབང་མེད་དུ་སྐྱེ་ལ། རི་རྩེ་ནས་ཕྱོགས་བཞིའི་སྨུག་པ་མཐོང་བས་བདག་གི་སེམས་ལའང་སྨྲ་མི་ཤེས་པའི་དགའ་བདེའི་སྣང་བ་ཁྱད་པར་བ་ཞིག་བྱུང་། རི་རྩེ་འདི་ནས་ཕྱོགས་བཞིར་རྒྱང་ལྟ་བྱས་ཤིང་། དད་པ་རྩེ་གཅིག་གིས་གསོལ་འདེབས་ཅི་རིགས་བྱས་པས་སྙིང་ཁམས་ཀྱི་སྨུག་པ་མཐའ་དག་སྐད་ཅིག་དེར་ཕྱི་རོལ་གྱི་སྨུག་པའི་གསེང་ལ་ཐིམས་ཤིང་ཡལ་བ་ལྟར་གྱུར་ཅིང་། སྐད་ཅིག་དེར་ལུས་སེམས་ཐམས་ཅད་བདེ་འབོལ་གྱིས་སོང་བའི་སྣང་བ་བཤད་མི་ཤེས་པ་ཞིག་བྱུང་བ་ནི་གནས་ཀྱི་བྱིན་རླབས་ཡིན་ལས་ཆེ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1