ཉེ་ཆར། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་དང་ལི་ཐང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་ཚོང་ལས་མ་རྩལ་འདྲེན་འགུགས་ངང་། ལི་ཐང་དང་དེའི་ཉེར་འགྲམས་རྫོང་འབའ་ཐང་། ཉག་ཆུ་ཁ། ཉག་རོང་། འདབ་པ། ཕྱག་ཕྲེང་རྫོང་སོགས་ཉེར་བ་ཡོད་པའི་མི་དམངས་རྣམས་ལེ་བར་བརྒྱ་ཕྲག་མང་པོ་བརྒལ་ནས་སྨན་བཅོས་ལ་འགྲོ་མི་དགོས་པ་དང་། སྤྱི་ཚོགས་བརྟག་དཔྱད་ཐོག་སྨན་གོང་ལྡབ་ལོག་ཏུ་ལེན་པའི་མིག་སྔར་དུ་མཐོང་བ་ལ་བརྟེན་ནས། ལི་ཐང་མཁའ་དབྱིངས་གྲོང་ཁྱེར་གཟིམ་ཁང་གནའ་གྲོང་སྒོ་རྟགས་༡༣པ་ལ་སྡེ་དགེ་རྫོང་ཟུར་ལུགས་བོད་སྨན་ལི་ཐང་ལྟེ་གནས་ཚོང་ཁང་སྤེལ་འདུག
སྡེ་དགེ་རྫོང་ཟུར་ལུགས་བོད་སྨན་ལི་ཐང་སྒོ་བསྟེན་སྨན་ཁང་གི་འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ནི་༡༨༨ཡོད་ལ། ནང་དུ་སྨན་བཅོས་ངལ་གསོ་ཁང་དང་། སྨན་རྫས་འགྲེམས་སྟོན་ཁུལ། ཐོ་འགོད་གྲོན་བསྡུའི་ཁང་། བོད་ལུགས་སྨན་བཅོས་སྒོ་བསྟེན་ཁང་། ཁྱད་ཆོས་ལྡན་པའི་ལུམས་དང་སྨན་བཅོས་གསེར་ཁབ་ཁང་སོགས་ཡོད། སྡེ་དགེ་བོད་སྨན་རྩིས་ཁང་གི་ཟུར་ལུགས་ཆེད་མཁས་སྨན་པ་ལས་རེས་བགོས་ཏེ་རྒྱུན་སྡོད་བྱས་ནས་ཕྱོགས་ཡོངས་ཀྱི་ཕན་འབྲས་ཆེ་བའི་བོད་སྨན་སྨན་བཅོས་ཀྱི་ཞབས་ཞུ་སྤུས་ལེགས་ཞུ་བཞིན་ཡོད།
སྡེ་དགེ་རྫོང་སྨན་རྩིས་ཁང་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ནི་ནད་ཐོག་སྨན་བཅོས་དང་། ཚན་རིག་ཞིབ་འཇུག །སློབ་ཁྲིད་བཅས་གཅིག་ཆར་ཏུ་མཛད་དེ་བོད་ལུགས་གསོ་རིག་ལས་ཟུར་ལུགས་གཙོ་བྱས་པའི་བོད་སྨན་སྲོལ་རྒྱུན་རྒྱུད་འཛིན་དར་སྤེལ་བཏང་སྟེ་འོད་སྟོང་འཕྲོ་བའི་ཟུར་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཡག་པོ་བྱུང་བ་དང་། ལོ་ངོ་༦༠ལྷག་ཙམ་རིང་དམངས་ལ་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱིས་ཀྱང་ཡིད་ཆེས་ཆེན་པོ་ཐོབ་ཡོད། མིག་སྔར་སྨན་ཁང་དུ་འབུམ་རམས་སྨན་པ་༡དང་། འབུམ་རམས་གཞོན་པ་སྨན་པ་༩ རབ་འབྱམས་སྨན་པ་༡༡ཡོད། སྨན་ཁང་དུ་རྩ་ཆེའི་བོད་སྨན་སྨན་སྣ་ལྔ་བརྒྱ་ལྷག་དང་། ཆོག་མཆན་ཐོབ་པའི་སྨན་སྦྱོར་༡༤༩ཡོད། དེའི་ནང་དུ་ནུས་པ་མངོན་གསལ་ལྡན་པའི་རིན་ཆེན་གྲང་སྦྱོར་དང་། རིན་ཆེན་མུ་ཏིག་བདུན་བཅུ། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། སྟོབས་བསྐྱེད་བཅུད་ལེན་རིལ་བུ། ཏང་ཀུ་བཅུ་པ་བཅས་ཡོད། ཁྱད་ཆོས་ལྡན་པའི་དཔྱད་བཅོས་གཏར་བསྲེག་དུགས་ལུམས་བྱུགས་པ་བཅས་ལག་ལེན་མི་འདྲ་བ་བཅུ་ལྷག་ཡོད།
བོད་ལུགས་གསོ་རིག་ཏུ་ཁྱད་ཆོས་ལྡན་པའི་དཔྱད་བཅོས་གཏར་བསྲེག་དུགས་ལུམས་བྱུགས་པ་བཅས་ལག་ལེན་མི་འདྲ་བ་མང་ཡང་། དམིགས་བསལ་དུ་མཐོ་སྒོང་མཐོང་མོང་བའི་ནད་རིགས་དང་བསྟུན་ནས། ཡན་ལག་རེངས་འཁུམས་ཞ་བ་དང༌། །འབྲས་དང་ལྷོག་པ་རྨ་རྙིང་རྨ་གསར་སྐྲངས། །ཚབས་དང་སྒུར་པོ་ཤ་རུས་ཆུ་སེར་གཡོས། །རླུང་ནད་མ་ལུས་ཀུན་ལ་བསྔགས་པའི་སྨན་ལུམས་ཀྱི་བཅོས་དང་། ལུས་རྩུབ་ཁྲག་དང་ཁུ་བ་ཟད། །སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ། །མིག་འགྲིབ་གཉིད་མེད་རྩོལ་བས་དུབ་པ་དང༌། །རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱའི་བཅོས། དེ་བཞིན་བཅོས་ཕན་ནུས་མྱུར་དུ་དོན་པའི་ནད་དངོས་ཕྱིར་འབྱིན་པ་བྱེད་པའི་ཚ་བ་ཁྲག་མཁྲིས་ལས་གྱུར་གཏར་གའི་བཅོས། གྲང་བའི་ནད་རྩད་ནས་བཅད་པ་ལ་མེ་བཙའི་བཅོས་བཅས་ལག་ལེན་དང་རྒྱུད་འཛིན་དར་སྤེལ་བྱེད་དང་བྱེད་བཞིན་ཡོད། །