ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤེལ་གནང་བའི་སྤྱི་ལོ་2024ལོའི་ལོ་གསར་ཤིས་ཚིག་ལ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་ཡག་པོ་བྱུང་ཡོད། རྒྱ་ཆེའི་དཔོན་དམག་ཚོས། སྤྱི་ལོ་2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། བློ་རྩ་བརྟན་པོས་དམག་དཔུང་སྟོབས་ཆེར་གཏོང་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཉིན་ཤས་ནང་། དམག་ཡོངས་ཀྱི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤེལ་གནང་བའི་སྤྱི་ལོ་2024ལོའི་ལོ་གསར་ཤིས་ཚིག་ནན་ཏན་ངང་གསན་གཟིགས་གནང་ཡོད། དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག་གི་ལས་བྱེད་པས། འདས་མ་ཐག་པའི་སྤྱི་ལོ་2023ལོར། བརྒྱུད་རིམ་ནི་ཟིལ་རླབས་དགུང་དུ་འཕྱུར་བ་ཞིག་ཡིན་ཞིང་། གྲུབ་འབྲས་ནི་མིག་མཐོང་ལག་འཛིན་ཐུབ་པ་ཞིག་རེད། གཏན་འཁེལ་གཉིས་ནི་ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལག་ལེན་ཁྲོད་ནས་སླར་ཡང་ར་སྤྲོད་བྱུང་ཡོད་ཅེས་གསུངས་ཡོད།
སྐམ་དམག་ཚོགས་པའི་དམག་78པའི་ལུའི་ཤོག་ག་གེ་མོ་དང་། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ཚན་པ་ག་གེ་མོ། དྲག་ཆས་ཉེན་རྟོག་ཧྲན་ཏུང་སྤྱི་ཁྱབ་རུ་ཁག་སོགས་ཚན་པར། དཔོན་དམག་ཚོས་གཅིག་མཇུག་གཉིས་མཐུད་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མངགས་སྔ་བར་ཕྱི་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་། མི་སྒེར་གྱི་ཕུགས་བསམ་དེ་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་གར་སྟེགས་ཆེན་པོའི་ཐོག་མཉམ་འདྲེས་ཐུབ་པར་བྱེད་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཆེད་དུ་ལག་ལེན་ངོ་མའི་ཐོག་ནས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད། མཚོ་དམག་འཕུར་མདེལ་མགྱོགས་གྲུའི་རུ་ཆེན་ག་གེ་མོ་ཞིག་གི་རུ་མི་ཡན་ཡན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཉན་རྗེས། ང་རང་ལ་ངར་ཤུགས་ཆེན་པོ་འཕེལ་སོང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། འདས་ཟིན་པའི་ལོ་གཅིག་ནང་། རང་རེའི་ཏང་དང་རྒྱལ་ཁབ་ལ་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། ལོ་གསར་པའི་ནང་། ང་ཚོས་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། དམག་སྦྱོང་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བ། དམག་འཐབ་ངོ་མ་དང་བསྟུན་གང་ཐུབ་བྱེད་པ། དམག་སྦྱོང་དམག་གྲབས་ཀྱི་ལས་དོན་ཁག་ཚགས་ཚུད་པོས་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང་ཁོང་གིས་ཐུགས་ལ་འཇོག་གནང་མཛད་པའི་“ས་ཁུལ་འགའ་ཤས་སུ་ཆུ་ལོག་དང་རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ཕོག་པའི”སྐོར་གླེང་གནང་བ་དང་། ཁོང་གིས། དཀའ་སྤྱད་ངལ་རྩོལ་བྱེད་མཁན་ཞིང་པ་དང་། སྡུག་རུས་འབད་འཐབ་བྱེད་མཁན་བཟོ་པ། མཆོང་ཕོད་པ་དང་སྒྲུབ་ཕོད་པའི་ལས་གཏོད་པ། ཁྱིམ་གཞིས་དང་རྒྱལ་ཁབ་སྲུང་མཁན་བུ་ཕྲུག་དམག་སོགས་ལས་རིགས་ཁག་གི་མི་ཚང་མས་དཀའ་སྤྱད་འབད་འཐབ་བྱས་ཤིང་། མི་ཕལ་པ་མི་རེ་ངོ་རེ་ཚང་མས་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་ཡོད། སྐམ་དམག་ཚོགས་པའི་དམག་82པའི་ལུའི་ཤོག་ག་གེ་མོའི་ཧོང་ཧྲེ་ཕིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་པའི་ཤིས་ཚིག་ནི་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་ངར་ཤུགས་འཕེལ་བར་བྱེད་པ་ཞིག་ཡིན་ལ། མི་སེམས་ལ་སྐུལ་མ་གཏོང་བ་ཞིག་ཀྱང་རེད། ཁོང་གི་བཀའ་མོལ་ལས་ན་ནིང་ང་ཚོའི་ལུའི་ཤོག་གིས་ཧོ་པེ་ཀྲུའོ་ཀྲོའུ་དང་ཐེན་ཅིན་ཅིང་ཧའེ་རུ་ཞོད་འགོག་ཉེན་སྐྱོབ་ནང་ཞུགས་པའི་གནས་ཚུལ་དེ་སེམས་ནང་ཝ་ལེར་འཆར་བྱུང་། དཔོན་དམག་ཡོངས་ཀྱིས་ལྷག་བསམ་དག་པའི་མཐུན་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་ལས་འགན་ལེགས་གྲུབ་བྱུང་ཡོད། ལོ་གསར་པའི་ནང་། ང་ཚོས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བར་མེད་མདུན་སྐྱོད་བྱ་དགོས་ཞེས་གསུངས་ཡོད།
མྱ་ངམ་ཐང་དུ་དགུན་ཟླ་སླེབས། ལྷགས་རླུང་ལྡང་བས་ས་གཞི་འཁྱགས། མེ་ཤུགས་འཕུར་མདའི་དམག་ག་གེ་མོའི་སྦྱོང་བརྡར་ཐང་ཆེན་དུ། འཕེན་གཏོང་ཚོགས་ཆུང་གསར་པ་ཞིག་གིས་ཚོ་ཆུང་རྩེ་གྲ་དང་འགྲན་རྩོད་བྱེད་བཞིན་ཡོད། དཔའ་རྩལ་ངོམས་པའི་བར་གསེང་དུ། དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་སློབ་སྦྱོང་དང་གྲོས་བསྡུར་གནང་ཡོད། མེ་ཤུགས་འཕུར་མདའི་དམག་གི་པུའུ་ག་གེ་མོའི་ཀྲང་ལུང་གིས་གསར་འགོད་པར། དཔོན་དམག་ཚོས་དཔའ་ངར་ཞུམ་མེད་ཀྱི་བསམ་པའི་ཉམས་གྱུར་ཐོག་ནས་རྒྱལ་ཁ་ལེན་ཐུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བཞིན་ཡོད་ཅེས་དང་། ཁོང་གིས། ལོ་གསར་པའི་ནང་། ང་ཚོས་དུས་ཚོད་དམ་འཛིན་གྱིས་འགན་སེམས་དང་ཛ་དྲག་རང་བཞིན་ཆེ་རུ་བཏང་ནས། དམག་གྲབས་གྱི་རྣམ་པ་ཤུགས་ཆེར་གཏོང་བ་དང་། དམག་སྦྱོང་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། འཆར་འགོད་དོན་འཁྱོལ་དམ་པོར་བཟུང་བ་བཅས་བྱེད་པ། ལས་གནས་ཐོག་དང་། ཨང་གནས་ཐོག འཐབ་གནས་ཐོག་ཏུ། བཀོལ་སྤྱོད་ཀྱི་མཐའ་ཚད་ལ་འགྲན་རྩོད་དང་། གཟུགས་པོའི་མཐའ་ཚད་ལ་འགྲན་རྩོད་བྱེད་པ་དང་། ལག་ལེན་ངོ་མའི་ཐོག་ནས་ས་མཐོའི་མེ་ཤུགས་འཕུར་མདའི་དམག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མི་དམངས་དང་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་འགོག་སྲུང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ལེ་དབར་ཁྲི་ཡི་བར་ཐག་ཆོད་པའི་ལེ་པ་ནོན་དང་ལྷོ་སུའུ་ཏན་སོགས་ཕྱི་རྒྱལ་དུ་ཞི་སྲུང་གནང་བཞིན་པའི་འཐབ་ཕྱོགས་དང་པོར། རྒྱ་ཆེའི་ཞི་སྲུང་དཔོན་དམག་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་པ་དང་། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་པའི་ཁྲོད་ཀྲུང་གོའི་དམག་དཔུང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད། ལེ་པ་ནོན་དུ་སྐྱོད་མཁན་ཁག་22པའི་ཀྲུང་གོའི་ཞི་སྲུང་བཟོ་བཀོད་བཟོ་དམག་ཡན་ལག་རུ་ཁག་གི་རུ་དཔོན་ཝང་རེན་གྱིས། ཕྱི་རྒྱལ་དུ་ཞི་སྲུང་ལས་འགན་སྒྲུབ་པར་སྐྱོད་དུས་ཀྲུང་གོའི་དམག་མིའི་སྤོབས་སེམས་ལྷག་ཏུ་ཚོར་གྱིན་འདུག ལོ་གསར་པའི་ནང་། རྙོག་འཛིང་ཆེ་བའི་དུས་བབ་མདུན་དུ་ང་ཚོས་ཞི་སྲུང་གི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ཞི་སྲུང་གི་སྙིང་སྟོབས་རྒྱུན་འཛིན་མཐའ་གཅིག་ཏུ་བྱས་ཏེ། བདེ་འཇགས་ལ་འཕྲད་པའི་རིགས་ཁག་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། ཞི་སྲུང་འཐབ་རའི་ཐོག་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། །