བོད་ལྗོངས་མཁའ་འགྲུལ་ཀུང་སིས་རྒྱལ་ཐོན་གནམ་གྲུ་ཆེ་གྲས་50ཉོས་འདུག །

སྒྲིག་སྒྱུར། མཁའ་སྤྱོད་དབང་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 02-23


ཟླ་2པའི་ཚེས་20ཉིན། གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་ཨ་ཤེ་ཡའི་གཞི་ཁྱོན་ཆེ་ཤོས་ཀྱི་མཁའ་འགྲུལ་འགྲེམས་སྟོན་ཏེ། 2024ལོའི་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་ཚོགས་སུ་འགོ་ཚུགས་ཤིང་། འགྲེམས་སྟོན་གྱི་ཡུལ་དངོས་སུ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཀྲུང་གོ་ཚོང་འགྲུལ་འཕུར་སྐྱོད་ཀུང་སིའི་བར་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་ནས། ཐུན་མོང་ཐོག་བོད་ལྗོངས་མཁའ་འགྲུལ་ཀུང་སི་འདི་ཉིད་རྒྱལ་ཐོན་གནམ་གྲུ་C919དང་ARJ-21མཐོ་སྒང་རྣམ་པའི་གནམ་གྲུ་གོ་ལ་ཧྲིལ་པོར་བེད་སྤྱོད་གཏོང་མཁན་ཞིག་ཏུ་གྱུར་བའི་ཁྱབ་བསྒྲགས་བྱས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཀྲུང་གོ་ཚོང་འགྲུལ་འཕུར་སྐྱོད་ཀུང་སིའི་བར་རྒྱལ་ཐོན་གནམ་གྲུ་ཆེ་གྲས་མཐོ་སྒང་རྣམ་པའི་གནམ་གྲུ་50ཉོ་རྒྱུའི་མངག་ཐོར་མིང་རྟགས་བཀོད་པ་དང་། དེའི་ནང་C919མཐོ་སྒང་རྣམ་པའི་གནམ་གྲུ་40དང་ARJ-21མཐོ་སྒང་རྣམ་པའི་གནམ་གྲུ་10ཚུད་ཡོད་ཅིང་། དེ་ནི་རྒྱལ་ཐོན་གནམ་གྲུ་ཆེ་གྲས་མཐོ་སྒང་རྣམ་པའི་གནམ་གྲུའི་གོ་ལ་ཧྲིལ་པོའི་མངགས་ཐོ་ཁག་དང་པོ་ཡིན་པ་མ་ཟད། ཀྲུང་གོའི་དམངས་སྤྱོད་གནམ་གྲུ་ཆེ་གྲས་ཀྱི་བཟོ་སྐྲུན་ལག་རྩལ་དངོས་སུ་ས་མཐོའི་ཁོར་ཡུག་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ལ་བཀོལ་སྤྱོད་བྱེད་པར་མཚོན་གྱི་ཡོད།

C919མཐོ་སྒང་རྣམ་པའི་གནམ་གྲུ་ནི་C919གནམ་གྲུའི་རིགས་འབྲེལ་གོང་འཕེལ་ཕྱིན་པའི་བཟོ་དབྱིབས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། C919རྨང་གཞིའི་རྣམ་པའི་གཞི་རྩའི་ཐོག གནམ་གྲུའི་མ་སྒྲོམ་ཐུང་དུ་བཏང་བ་དང་མཐོ་སྒང་དང་འཚམ་པའི་བཅོས་སྒྲིག་བྱས་པ་བརྒྱུད། མཐོ་སྒང་ས་ཁུལ་གྱི་སྐྱེལ་འདྲེན་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ARJ-21མཐོ་སྒང་རྣམ་པའི་གནམ་གྲུའི་འཕུར་ཚད་མཐོ་ཤོས་ནི་དབྱིན་ཁྲེ་14500ཡིན་ཞིང་། འབབ་འཕུར་གཤིས་ནུས་ཀྱིས་ཀྲུང་གོའི་མངའ་ཁོངས་ནང་གི་མཐོ་སྒང་གནམ་ཐང་ཡོངས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1