སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཡིག་སྒྱུར། མཚམས་གཅོད། པ་སངས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཞིང་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-06


སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་འགོ་ཚུགས་པ། ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ། ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ། ཀྲའོ་ལེ་ཅིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་སོགས་ལ་གསན་པ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཚེས་5ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་རྒྱུ་ཡིན་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་བརྗིད་ཉམས་ཆེ་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཕྱུག་པ་དང་། ཀྲུའུ་ཞི་སྟེགས་བུའི་ཡོལ་བའི་དཀྱིལ་དབུས་སུ་བཀལ་བའི་རྒྱལ་རྟགས་ནི་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་འོག་བཀྲག་མདངས་རབ་ཏུ་འཚེར།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝུའེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི་.ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་འཐུས་མི་2956ཞུགས་དགོས། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་མི་2872ཞུགས་ཡོད་པ་དང་མི་84ཞུགས་ཐུབ་མེད་པ། ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

སྔ་དྲོའི་ཆུ་ཚོད་9པར། ཀྲའོ་ལེ་ཅིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད། ཚོགས་ར་ཡོངས་ཀྱི་མི་རྣམས་ནས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་ཡོད། སྙན་ཞུ་དེ་ཁྱོན་ཆ་ཤས་གསུམ་ལ་དབྱེ་ཡོད་པ་སྟེ། དང་པོ་ནི་2023ལོའི་ལས་དོན་གྱི་ཕྱིར་དྲན་དང་། གཉིས་པ་ནི་2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། གསུམ་པ་ནི་2024ལོའི་སྲིད་གཞུང་གི་ལས་ཀའི་ལས་འགན་བཅས་ཡིན་པ་རེད།

ལི་ཆང་གིས་སྙན་ཞུའི་ནང་། འདས་པའི་ལོ་གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་། སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ལོ་དང་པོ་རེད། རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པས། ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་བརྟན་པོའི་ངང་འགྱུར་བ་དང་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱུང་བ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས་ཡོད་ཅེས་བསྟན་གནང་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ལོ་གཅིག་རིང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་པ་སྟེ། གཅིག་ནི། སྤྱི་ཁོག་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། གཉིས་ནི། གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་བཏང་བ། གསུམ་ནི། སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། བཞི་ནི། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་གཏོང་སྟངས་སྦགས་མེད་གཞན་སྒྱུར་བྱེད་མགྱོགས་སུ་བཏང་བ། ལྔ་ནི། དམངས་འཚོ་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དྲུག་ནི། སྲིད་གཞུང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་བཏང་བ་བཅས་ཡིན་ཞེས་བསྟན་གནང་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག ང་ཚོས་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ཡང་གསལ་པོ་མཐོང་ཐུབ་བྱུང་། ང་ཚོས་གནད་དོན་དང་འགྲན་རྩོད་ལ་ཐད་ཀར་ཁ་གཏད་ནས་སེམས་ནུས་ཡོད་རྒུས་ལས་དོན་ཡག་པོ་བསྒྲུབས་ཏེ། མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་སྲིད་ཅེས་བསྟན་གནང་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ད་ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་5%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་བྱེ་བ་1དང་ས་ཡ་2ཡན་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ལ་སླེབས་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་པ་བྱ་རྒྱུ།  གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་མཉམ་བགྲོད་ཡོང་བ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ།  འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པ་བྱ་རྒྱུ། རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་གྲོན་2.5%ཡས་མས་ཆག་པ་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་རྒྱུ་བཅས་ཡིན་ཞེས་བསྟན་གནང་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ང་ཚོས་བརྟན་ཐོག་ཡར་འཕེལ་དང་གོང་འཕེལ་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། སྔོན་ལ་འཛུགས་པ་དང་རྗེས་སུ་འགག་གཏོར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ད་ལོའི་གོང་འཕེལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སེམས་ནུས་གཅིག་སྒྲིལ་གྱིས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཆོད་སེམས་དང་ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་།  ནུས་ཡོད་ཁྲོམ་ར་དང་འཇོན་ཐང་ལྡན་པའི་སྲིད་གཞུང་ཟུང་འབྲེལ་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་མཐུད་སྐུལ་སྤེལ་དང་ཤུགས་ཆེར་གཏོང་བ་བཅས་བྱས་ནས། སྤུས་མཐོའི་གོང་འཕེལ་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ། འགག་རྩའི་ཚད་བཀག་ལས་སྒྲོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ཤུགས་ཆེར་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུར་ཤུགས་བརྒྱབ་ནས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལྷག་པ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་ཐབས་བྱེད་པ། “ཞིང་གསུམ”ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ལེགས་པོ་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཁྱབ་ཚུལ་ལེགས་སུ་ཤུགས་ཆེན་གཏོང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྦགས་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།

སྙན་ཞུའི་ནང་། ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་རྒྱས་བཤད་གནང་ཡོད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ། 2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་གནང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་ལུགས་སྐོར་གྱི་གཞི་རྩའི་བཅའ་ཁྲིམས་ཡིན།  དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་ལག་ལེན་བསྟར་རྒྱུར་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་གྱི་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།  ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྒོ་ནས་བསྐྱར་སྒྲིག་བྱས་པ།  མ་ལག་ཆ་ཚང་བ་དང་།  ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ།  འཁོར་རྒྱུག་ལས་ཆོད་མཐོ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ཅིག་འཛུགས་རྒྱུར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཡོད།  དུས་བབ་གསར་པ་དང་ལས་འགན་གསར་པ།  བླང་བྱ་གསར་པ་བཅས་དང་འཚམ་པ་བྱ་ཆེད། ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་ནན་པོ་བྱས་པའི་རྨང་གཞིའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་དགོས་ངེས་ཤིག་ཡིན་ཞིང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ནང་དོན་གལ་ཆེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ནང་བཅུག་སྟེ།  ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་དགོངས་པ་དང་ཕན་འབྲས་དེ་དག་ཁྲིམས་ལུགས་ཀྱི་གཏན་འབེབས་བརྒྱུད་མངོན་པར་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་དུས་རབས་གསར་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་ལྡོག་མེད་བླང་བྱ་ཡིན་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་དམིགས་ཡུལ་གྱི་ལམ་ལུགས་འགན་སྲུང་ཡིན་པ།  དུས་རབས་གསར་པར་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཁྲིམས་སྐྱོང་སྲིད་གཞུང་ཁྱོན་ཡོངས་ནས་འཛུགས་པའི་ཕྱོགས་གལ་ཆེན་ཞིག་ཡིན་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཁྱོན་དོན་ཚན་20ཡོད་པ་དང་།  བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོའི་ནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངོ་བོ་དང་གནས་བབ་ཀྱི་གཏན་འབེབས་ཁ་སྣོན་བྱས་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་ཁ་གསལ་བཟོས་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་དབང་གི་གསལ་བཤད་འཐུས་སྒོ་ཚང་དུ་བཏང་བ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་བྱའི་མི་སྣའི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་དང་གང་དེའི་འགན་དབང་གི་འབྲེལ་ཡོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་བ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ལྟར་ཁྱོན་ཡོངས་དང་ཡང་དག་སྒོ་ནས་འགན་ནུས་ལག་ལེན་བསྟར་བའི་ལམ་ལུགས་ཀྱི་བྱ་ཐབས་མང་དུ་བཏང་བ་བཅས་ཚུད་ཡོད་པ་རེད།  

ཀྲུའུ་ཞི་སྟེགས་བུའི་ཐོག་ད་དུང་། མ་ཞིང་རུའེ་དང་། ཝང་དབྱི། དབྱིན་ལི། ཧྲེ་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། དབྱིང་ཡུང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། ཡང་ཀྲེན། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་ཀྲང་ཧྲེང་མིང་སོགས་བཞུགས་ཡོད།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ཚོགས་འདུར་ཟུར་ཞུགས་གནང་བ་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཚན་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཟུར་གསན་གནང་ཡོད།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ཟུར་གསན་གནང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1