ཞི་ཅིན་ཕིང་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

ཡིག་སྒྱུར། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-06


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཅང་སུའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤུས་མཐོའི་གོང་འཕེལ་གྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་བྱས་ཐོག ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕེལ་འགྱུར་གྱི་མདུན་དུ། ང་ཚོས་ངེས་པར་དུ་གོ་སྐབས་ལ་དམ་འཛིན་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔ་སྣུར་གྱིས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་དེ་ནི་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་དང་དེ་ཉིད་བློས་གཏོང་བྱས་པ་ཞིག་མིན་པས། འུར་ཐེངས་གཅིག་ལ་སྤེལ་བ་དང་ལྦུ་སོབ་ཅན་དུ་འགྱུར་རིགས་སྔོན་འགོག་བྱེད་དགོས་ལ། མ་དཔེ་གཅིག་ཁོ་ན་ཡང་སྤྱོད་མི་རུང་། ས་གནས་ཁག་གིས་དོན་དངོས་ལ་གཞི་ཚུགས་ཏེ། སྔོན་ལ་འཛུགས་པ་དང་རྗེས་སུ་འགག་གཏོར་བྱེད་པ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བྱེད་པ་བཅས་མཐའ་འཁྱོངས་བྱ་དགོས་པ་དང་། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི། ཚན་ཞིབ་ཀྱི་ཆ་རྐྱེན་སོགས་ལ་གཞིགས་ནས། གདམ་ག་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་མ་དཔེ་གསར་པ། སྒུལ་ནུས་གསར་པ་བཅས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ། ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། སྦགས་མེད་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 

ཅང་སུའུ་ཡི་འཐུས་མི་ཚོགས་པས་གྲོས་ཞིབ་ཚ་ཚ་འུར་འུར་གནང་ཞིང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ཚུའེ་ཐེ་ཅུན་དང་། ཀའོ་ཅི་ཧྥའན། སུང་ཡན། ཝུའུ་ཧུའེ་ཧྥང་། ཝུའུ་ཤིན་མིང་། སུན་ཅིང་ནན་སོགས་འཐུས་མི་དྲུག་གིས་ཁག་སོ་སོར་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། ཀྲུང་གོའི་འོད་ཧྥུའི་ལས་རིགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ། ཐུན་མོང་ཕྱུག་འགྱུར་གྱི་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུ། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་གཏམ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་དུས་ངེས་མེད་ལ་བཀའ་མོལ་གསུངས་ནས་ཚང་མ་དང་སྤེལ་རེས་གནང་ཡོད། ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་གནང་བ་རེད། ཁོང་ནས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུར་མོས་མཐུན་གནང་བ་དང་། ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཅང་སུའུ་ཡིས་ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིམ། དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་ཁུར་ཕོད་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་གནས་བབ་ཧྲིལ་པོར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

ཞི་ཅིན་ཕིང་གིས། ཅང་སུའུ་ལ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་ཆ་རྐྱེན་དང་ནུས་པ་བཟང་པོ་ལྡན་ཡོད། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་བརྟན་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས། ཅང་སུའུ་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུར་དམིགས་ཏེ། ཐོན་དབང་སྲུང་སྐྱོབ་དང་ཁྲོམ་རར་ཞུགས་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་དང་སློབ་གསོའི་སྒྲིག་སྲོལ། ཤེས་ལྡན་མི་སྣའི་སྒྲིག་སྲོལ་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་འགག་གནད་ལས་བསྒྲོལ་ཐབས་བྱ་དགོས་ཞེས་བསྟན་ཡོད། 

ཞི་ཅིན་ཕིང་གིས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་བཏོད་དེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་བཟང་ཆ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་གནད་ནུས་པའི་ཁུལ་གྱི་འཐབ་ཇུས་སོགས་རབ་དང་རིམ་པ་ལག་བསྟར་བྱས་ནས། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་དེད་གཏོང་ཆེད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཅང་སུའུ་ཡིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་དང་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་གོང་འཕེལ་འཐབ་ཇུས་ནང་ཁྱོན་ཡོངས་ནས་མཉམ་འདྲེས་ཐུབ་པ་བྱེད་པ་དང་དེར་ཞབས་འདེགས་ཞུ་བ། ས་ཁོངས་ཀྱི་གོང་འཕེལ་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་གཞན་དག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་དེ་བས་ཆེ་བའི་ནང་གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག མཁོ་སྤྲོད་སྦྲེལ་ཐག་བཅས་མཉམ་སྒུལ་ངང་འཛུགས་པ་བཅས་བྱས་ནས། དཔལ་འབྱོར་ཞིང་ཆེན་ཆེན་པོས་ས་ཁོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གོང་འཕེལ་ལ་ཐོན་པའི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་མུ་མཐུད་སྲ་བརྟན་དང་ཤུགས་ཆེར་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་གོང་འཕེལ་གྱི་ཡིད་ཆེས་འཕེལ་བ་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པས་དང་ཐོག་ཡིད་ཆེས་བརྟན་དུ་གཏོང་བ་དང་དམ་པ་དོན་གཉེར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བྱེད་པ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་ཀྱིས་གོང་འཕེལ་ཁྲོད་དམངས་འཚོར་འགན་ལེན་བྱེད་པའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སྔར་ལས་ཡག་པ་བྱེད་པ། ཉེན་ཟོན་ལྟ་ཞིབ་ཚད་ལེན་ཤུགས་ཆེར་གཏོང་བ། འཕྲལ་སྒྲུབ་བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་གྲོས་ཞིབ་ནང་ཞུགས་ཡོད། 

མུའུ་ཧུང་དང་ཅང་ཤིན་ཀྲི་སོགས་གྲོས་ཞིབ་ནང་ཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1