སྤྱིར་ཧོར་ཞེས་པའི་ཐ་སྙད་འདི་འཇུག་ཡུལ་གྱི་དབང་དུ་བྱས་ན། ཏཱ་དབེན་རྒྱལ་རབས་ཡན་ཆད་ལ་ཕལ་ཆེར་ཡུ་གུར་རིགས་ལ་ཧོར་ཞེས་བཏགས་པ་གྲགས། དེ་ནས་འ་ཞ་སྟེ་ཐུའུ་ཡུ་ཧུང་རིགས་ལ་ཡང་ཧོར་ཟེར་སྲོལ་ཡོད། ད་དུང་ལོ་རྒྱུས་རྣམས་སུ་མཚོ་སྔོན་བྱང་ཤར་ཁུལ་དུ་སྡོད་པའི་ཧོར་རིགས་ཤིག་ཀྱང་ཡོད་པར་བཤད། དེ་ནས་བོད་རབ་བྱུང་གསུམ་པའི་ས་བྱ་སྟེ་༡༡༨༩ལོར་སོག་པོའི་མི་རིགས་ཀྱི་རྒྱལ་པོ་གྱིང་གིར་ཧན་གྱིས་འཁོར་གྱི་ལས་དམག་ཧྲག་བསྡུས་ཀྱི་དམག་འཁྲུགས་བྱས་ཏེ་རྒྱལ་ནང་གི་ས་ཁུལ་མང་ཆེ་བ་ལ་དབང་བསྒྱུར་བྱས་ནས་བོད་རབ་བྱུང་གསུམ་པའི་མེ་སྟག་སྟེ་སྤྱི་ལོ་༡༢༠༦ལོར་བོད་དབུས་གཙང་དུ་དམག་དཔུང་བཏང་ནས་དྲག་པོའི་དཔུང་འཇུག་བྱས་ཏེ། བོད་རབ་བྱུང་བཞི་པའི་ལྕགས་བྱའི་སྟེ་སྤྱི་ལོ་༡༢༤༠་ལོར་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ས་སྐྱ་པཎྜི་ཏ་ལ་མ་འོངས་ལུང་བསྟན་དུས་དེར་ཁེལ་བ་དང་ཆབ་ཅིག་ཧོར་དམག་གིས་བོད་ཤིང་སྒོ་ཅན་ཕལ་ཆེར་དབང་དུ་བསྡུས། [ བསམ་ལྷུན་ལེའུ་བདུན་པ་སྡེ་དགེའི་པར་གཞི་སྣ་ཐུང་ཤོག་ངོས་བཞི་པ་ལས་དྲངས།]དེ་ཡང་ཨོ་རྒྱན་ཆེན་པོའི་ལེའུ་བདུན་མ་ལས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས། །ཆོས་འཁོར་གཉེན་པོ་འཇིག་ལ་ཐུགས་པའི་ཚེ། །ཞེས་བོད་ཡུལ་ཆོས་ཀྱི་ཞིང་ཁམས་སུ་ཧོར་སོག་དམག་གིས་འཇིག་པས་ཉེས་ཏེ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་སྟོན་པའི་གསུང་རབ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉམས་སུ་ཉེས་པ་ལ་ཐུགས་པའི་ཚེ་ཞེས་ལྔ་བདོའི་དུས་སུ་མ་འོངས་ལུང་བསྟན་གནང་བར་ཡིན་ལ། སྐབས་དེར་ཧོར་སོག་ཅེས་རྒྱ་ནག་དང་སོག་པོ་གཉིས་ཀྱི་བསྡུས་མིང་ཡིན་ལ། [ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག་ཤོག་ངོས་༤༤པ་ལས་དྲངས།
] དེ་ཡང་ལོ་རྒྱུས་པདྨ་རཱ་གའི་ལྡའུ་མིག་ལས། ཤར་ཀོང་པོའི་ཡུལ་མན་ཆད་ནས་ནུབ་བལ་པོ་དང་། ལྷོ་མོན་ལ་ཐུག་པ་ཚུན་ཆད་བཙན་པོའི་མཁར་རྣམས་བསྒྱེལ་ཞིང་གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་རྒྱལ་ཁྲིམས་བཙན་པོའི་གཉའ་བར་མནན་ཏེ། ཕོ་བྲང་ཆེན་པོར་ཕོ་ཉ་བ་མངགས། བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པནྜི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་ཞུ་ཞུས་པས། དེའི་ལན་དུ། ཚེ་འདིའི་དཔལ་འབྱོར་ཕུན་ཚོགས་མཐའ་དག་འཛམ་གླིང་འདི་ན་གྱིང་གིར་རྒྱལ་པོའི་ལུགས་བཞིན་སྤྱད་པ་ལས་ལྷག་པར་མ་མཆིས་པས། འཇིག་རྟེན་ཕྱི་མ་ཕན་ཆད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོར་སྟོན་པའི་བླ་མ་ཞིག་གལ་ཆེ་བར་འདུག་པས། ས་སྐྱ་པཎྜི་ཏ་སྤྱན་དྲོངས་ཤིག་ཅེས་པའི་བཀའ་ལུང་ལྟར། དུས་མཚུངས་ས་སྐྱ་པཎྜི་ཏ་ལ་འཕྲིན་ཡིག་གནང་བ་གཤམ་གསལ། ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་། ས་སྐྱ་པཎྜི་ཏ་ལ་གོ་བར་བྱེད་པའི་གཏམ། ངེད་ཕ་མ་དང་གནམ་སའི་དྲིན་ལན་མཇལ་བའི་ཕྱིར། ལམ་གྱི་བླང་དོར་མ་ནོར་བར་སྟོན་ཤེས་པའི་བླ་མ་དམ་པ་བརྟག་པར་བྱས་དུས་ཁྱེད་ཉིད་འདུག་པས། ལམ་གྱི་བཀའ་ཚེགས་ལ་མ་བལྟོས་པར་ཡོང་དགོས། གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོའི་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པ་བཏང་བར་ཅི་ཙམ་ཁྱོད་ཀྱིས་ཆོས་གོ་བ་དང་ཨེ་འགལ། ངས་མཐའི་ཁྲིམས་རར་བླངས་དམག་དཔུང་ཆེན་པོས་བདའ་འདེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲ་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་སོམས་ལ་ཁྱོད་འགྱོགས་པར་ཤོག་ཅེས་བཀས་སྐུལ་བར་བརྟེན་སྐུ་ཚ་འགྲོ་མགོན་ཆོས་འཕགས་དང་། ཕྱག་ན་རྡོ་རྗེ་གཉིས་ཁྲིད་ནས་རྒྱ་ནག་གི་སོག་གོ་ཏན་རྒྱལ་པོའི་དབུ་བླར་ཕེབས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད། དེ་ནས་སྐུ་ཚེ་ཡུན་རིང་མ་བཞུགས་པར་དེང་དུས་ལེན་ཀྲུའུ་ས་གནས་སུ་མངོན་དགའི་ཞིང་དུ་ཞི་བར་གཤེགས་པར་གྲགས། དེ་ནས་འགྲོ་མགོན་ཆོས་འཕགས་ན་སོན་ནས་ས་སྐྱ་པཎྜི་ཏའི་སྐུ་ཚབ་རྒྱལ་པོའི་དབུ་བླར་བཀུར། དེ་ནས་བོད་རབ་བྱུང་བཞི་པའི་ཤིང་ཡོས་ཏེ་སྤྱི་ལོ་༡༢༥༥་ལོར་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དེ་ཉིད་འདུལ་འཛིན་མཁན་པོ་སྡོམ་བརྩོན་དམ་པ་གཉན་ཐང་བ་གྲགས་པ་སེངྒེ་དྲུང་དུ་སོ་སོར་ཐར་པའི་སྡོམ་རྒྱུན་མནོས་པར་ཐེངས་དང་པོ་བྱོན་པའི་སྐབས་སུ་འགྲོ་དོན་ཚད་མེད་འཕེལ་བ་དང་། སྔོན་ས་པཎ་ཁུ་དབོན་དབུས་གཙང་ནས་ཞབས་སོར་ཐོག་མར་བཀོད་པའི་དུས་སུ་སྒ་ཁྲི་འདུ་དགོན་གྱི་དགོན་བདག་ཨ་གཉན་དམ་པ་དང་ཞལ་མཇལ་ནས་ས་པཎ་གྱིས་རྗེས་སུ་བཟུང་བའི་སློབ་མ་ཡིན་ལ། སྐབས་དེར་ཆོས་འཕགས་རང་གིས་སྐུ་ཚབ་ཏུ་སྒ་ཨ་གཉན་དམ་པ་སེ་ཆེན་གྱི་བུ་ཀྲང་ཅིང་ཝང་དང་མཉམ་དུ་སྡེབས་ནས་བཀའ་མངགས་ལྟར་ཏྲེ་རབས་ཁར་ཆེད་དུ་གཏོང་སྟེ་རྒྱལ་བསྟན་སྤྱི་དང་བྱེ་བྲག་མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་སྐལ་དཔལ་ལྡན་ས་སྐྱ་པའི་དམ་པ་ཆོས་སྐྱོང་བའི་བཀའི་སྲུང་མ་དཔལ་ལྡན་གུར་གྱི་མགོན་པོ་ཕྱི་ནང་གསུམ་བརྟེན་དང་རྟེན་པ་བཅས་པ་བཞེངས་དགོས་པའི་དགོངས་འཆར་རྣམས་བཀའ་བསྩལ་ལྟར་ལེགས་གྲུབ་བྱུང་། སྐབས་དེར་སེ་ཆེན་རྒྱལ་པོའི་སྲས་ཀྲང་ཅིན་ཝང་དང་ཏྲེ་ཤོད་སྒོ་ཚན་གྲོང་པའི་བུ་མོ་ཞིག་དང་སྔོན་ནས་ལྐོག་འབྲེལ་བྱས་པའི་རྐྱེན་གྱིས་ཕྲུ་གུ་ཆགས་ཡོད་པས་སྐབས་དེར་ཏྲེ་ཤོད་ས་གནས་སྲིད་གཞུང་གི་དཔོན་དབྲ་སྟོན་ལྷའི་བློ་གྲོས་ལ་སོག་པོའི་བུ་ཀྲང་ཅིང་ཝང་གི་དབང་ཤེད་ཀྱིས་བག་མ་མངགས་ནས་རྗེས་སུ་ཕྲུ་གུ་བཙས་པའི་ཚེ་འདི་བུ་ཞིག་ཡིན་ན་དེ་ལ་ཧོར་སོག་གི་ངོར་སྐལ་བྱས་པའི་གོ་གནས་ཚད་ངེས་ཅན་ཞིག་སྤྲོད་དགོས་པའི་བཀའ་བསྩལ། དེ་ནས་རིང་པོ་མ་ལོན་པར་སྒོ་ཚན་བུ་མོ་ལ་བུ་ཞིག་བཙས་པ་གྲགས་པས་དབྲ་དཔོན་ལྷའི་བླ་མས་མ་བསམ་བཞིན་བུ་ཞིག་བཙས་པ་དེ་ལ་མཚན་ཡང་ཧོར་མ་བསམ་བུ་ཞེས་ཐོགས་པར་གྲགས། སྐབས་དེར་སོག་པོའི་བྱིས་པ་དེ་གཉོར་སྐྱོང་བྱེད་མཁན་གྱི་གྲོང་ཚོ་ལའང་ཡུལ་སྐད་སྒྲ་ཟུར་ཆགས་སུ་ག་རྫི་འགོ་ཞེས་མིང་དུ་འབོད་ཅིང་། སོག་པོའི་སྲས་ཀྲང་ཅིང་ཝང་གི་བཀའི་བསྐུལ་མ་གནང་བ་ལྟར་བུ་དེ་ལ་སྒོ་ཚན་གྲོང་དང་ཆུ་རྡོ་གྲོང་ག་རྫི་འགོ་སྟེ་གྲོང་ཚོ་གསུམ་གྱི་དཔོན་ཐབས་སུ་བསྐོ་བཞག་བྱས། དེ་ནས་རིམ་བཞིན་བུ་དེ་ན་སོན་པ་དང་དུས་མཚུངས་སུ་སོག་པོའི་རྒྱབ་སྐྱོར་བྱས་ཏེ་མ་གཞིས་སྒོ་ཚན་གྲོང་དུ་སྟེང་ཐོག་རིམ་པས་གནམ་ས་འབྲེལ་བའི་ཁང་ཆེན་ཞིག་རྒྱག་པས་ཧོར་ཁང་ཞེས་ས་ཆེན་པོ་དེར་གྲགས་པ་ཞིག་བྱུང་། སྔོན་དབྲ་དཔོན་ལ་སོག་པོའི་བུ་ཀྲང་ཅིང་ཝང་འགྲོ་ཁར་ལྷམ་ཆ་གཅིག་སྟེར་བ་དང་། དབྲ་དཔོན་གྱིས་ཀྱང་དེའི་ལན་དུ་གདན་ཞིག་གནང་བར་གྲགས་པས། རྒྱུ་རྐྱེན་དེས་མ་ཉེས་པར་རྟེན་འབྲེལ་འཆུག་ནས་དབྲ་དཔོན་ཡུན་རིང་མ་འགོར་བར་དཔོན་ཐབས་ཀྱི་དབང་ཆ་ཤོར་ནས་སྔོན་དུས་སུ་ཁོང་གིས་སྦྱིན་བདག་གི་འབྲེལ་བ་ཡོད་པའི་སྟེང་ཆེན་དགོན་གྱི་རྨེའུ་ཨ་ཡུ་དང་རའི་གདན་ས་རུ་ཡུལ་གྱལ་ནས་འདུག་དགོས་པར་བྱུང་བ་གྲགས། དེ་ལྟར་དབྲ་སྟོན་ལྷ་ཡི་བླ་མ་དེ་ཉིད་རྐྱེན་ངན་གྲོགས་སུ་སོང་ནས་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་མཇལ་ཏེ་གཞི་ཀ་དག་གི་དགོངས་པའི་ཀློང་ནས་ལམ་ཐོད་རྒལ་གྱི་འོད་གསལ་མ་བུ་འདྲེས་ནས། གཞི་ལས་འཕགས། བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་ནས་འཁོར་འདས་ཡེ་གྲོལ་ཆེན་པོའི་ལྟ་བ་མངོན་དུ་གྱུར་ཏེ་འཇའ་ལུས་འོད་སྐུ་འཕོ་བ་ཆེན་པོའི་ཀློང་དུ་མངོན་པར་རྫོགས་པ་སངས་རྒྱུས་པར་གྱུར་པ་གྲགས་སོ།། དེ་ནས་བཟུང་ཏྲེ་ཤོད་ལ་ཧོར་སོག་དཔོན་རྒྱུད་མཆེད་ནས་དབང་བསྒྱུར་བྱས་པ་གྲགས་ལ། དཔོན་རབས་རེ་རེའི་ས་ཁྱོན་རྒྱ་བསྐྱེད་ཀྱི་དཔོན་ཐབས་ལ་མངའ་དབང་བསྒྱུར་ནས་ཆབ་སྲིད་ཀྱིས་ས་རིས་སྡེ་གསུམ་སྐྱོང་བ་དང་། ཧོར་ནམ་མཁའ་རྒྱལ་མཚན་གྱིས་རྫ་སྟོད་ག་ཡུས་གོང་མན་ཆད་ནས་རྟའུའི་ཆོ་ལོ་སྣ་ཡན་ཆད། མགོ་ལོག་ལྕག་མོ་ཚང་ཚུན་ཆད་མངའ་འོག་ཏུ་བསྡུས་ནས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཡོད་ལ། ཧོར་ནམ་མཁའ་རྒྱལ་མཚན་གྱི་སྲས་དབང་ལུའི་རྗེས་སུ་ཧོར་སེར་ད་ར་ཁག་ལྔ་སོགས་གྱེས་པའི་ལོ་རྒྱུས་ཡོད་པ་དེ་མ་ཟུར་དང་ཁང་སར་བེ་རི་བྲེ་བོ་བྲག་མགོ་སྟེ་ལྔ་ཡིན་ལ། དེང་དུས་རྟའུ་དང་བྲག་མགོ་དཀར་མཛེས་སོགས་ཀྱི་ཡུལ་ཚོ་དེ་དག་ཧོར་མིང་དུ་འབོད་པ་དེ་རྒྱ་ནག་པ་ལ་ཧོར་གྱི་ཐ་སྙད་བྱུང་བ་ཧོར་མ་བསམ་བུ་ཡིས་རིགས་རྒྱུད་ཀྱི་བདག་པོའི་མིང་ཡུལ་ལ་འདོགས་པའི་ཐ་སྙད་ཅིག་ཡིན་པར་སུས་ཀྱང་སྙོན་དུ་མེད་དོ། །དེང་དུས་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་ཧོར་ཞེས་པའི་ཐ་སྙད་འདི་ལ་འཁྲུལ་གཞི་བྱས་ནས་མི་འགྲིག་བཞིན་དུ་ཧོར་གླིང་གི་ཧོར་དེ་ཡིན་པར་བཤད་ཁུལ་བྱས་ཡོད་པར་སྣང་ཡང་། ས་གནས་འདིར་ཧོར་སོག་གི་དབང་བསྒྱུར་མ་བྱས་གོང་གི་དུས་རིམ་ལ་ཧོར་གྱི་ཐ་སྙད་འདི་བྱུང་མྱངས་མེད་པར་ཏྲེ་རབས་ཀྱི་ལོ་རྒྱུས་ལས་གསལ་བས། དེས་ན་དེང་དུས་ཏྲེ་ཧོར་ཞེས་པའི་མིང་དེ་ཇི་ལྟར་བྱུང་བ་ཡིན་སྙམ་ན། དེ་ནི་ས་གནས་དེར་ཏྲེ་རབས་དང་ཧོར་སོག་གི་དཔོན་རབས་མི་འདྲ་བ་སྔ་ཕྱི་གཉིས་ཀྱིས་དབང་བསྒྱུར་ཐེབས་པའི་མིང་གི་གྲགས་པ་དེ་ཡུལ་ལ་ཐོགས་སོང་བ་ཞིག་ཡིན་པར་བླུན་པོ་བ་གླང་རྫིས་ཀྱང་རྟོགས་ནུས། ད་དུང་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ཁོངས་གཏོགས་སྔ་འགྱུར་རྫོགས་ཆེན་རྒྱལ་བ་ཀ༔ཐོག་པའི་གདན་སའི་ཧོར་པོ་ཤང་ཞེས་པ་དེ་གནའ་བོའི་གླིང་གེ་སར་གྱི་སྐབས་ཧོར་གྱི་མངའ་ཁོངས་ཡིན་པར་དེང་དུས་དགོད་བྲོ་བའི་གཏམ་མང་ཙམ་མཐོང་ཐོས་སུ་བྱུང་དང་འབྱུང་བཞིན་པར་ལགས་པས། འདིར་ལོ་རྒྱུས་ལ་ཞིབ་འཇུག་གང་ཡང་མ་བྱས་པར་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་གླིང་སྒྲུང་ཉན་ནས་ང་གླིང་པ་དང་ཁྱོད་ཧོར་ཡིན་ཞེས་བབ་བཅོལ་གྱི་རྩོད་པའི་ལམ་ནས་བྱ་བྱེད་བྱིས་པའི་རྩེད་མོས་དུས་འདའ་བའི་སོ་སྐྱེས་རང་ག་མ་དེ་ཚོའི་གཏམ་དུ་སྣང་བས་བཏང་སྙོམས་སུ་འཇོག་པ་ལགས་སོ།། ད་དུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོངས་ཧོར་ཞང་གི་ཧོར་སྡེ་བ་སྟེ། དེང་དུས་རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས་ཞེས་གྲགས་པའི་ཧོར་སྡེ་པ་གཉིས་ཡོད་པར་གྲགས་ལ། སྤྱིར་དེང་དུས་འཛམ་བུ་གླིང་དུ་གླིང་གེ་སར་ཞེས་སྙན་གྲགས་རྒྱ་མཚོའི་གོས་ཆེན་གྱི་ཁྱོན་ཡོངས་ལ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྒང་འདིར། དེ་དང་མཉམ་དུ་བོད་འབྲེལ་ས་ཁུལ་དུའང་གེ་སར་གྱི་ལོ་རྒྱུས་རིག་གནས་དང་རྗེས་ཤུལ་མང་པོ་སྤང་ལ་ཤ་མོང་བརྡོལ་བ་བཞིན་སྔོན་ནས་ད་བར་རྒྱུན་ཆད་མེད་པར་བྱུང་དང་བྱུང་བཞིན་པ་ལགས་པས། དེ་དག་ལ་བརྟེན་ནས་ཧོར་གླིང་བར་གྱི་ས་གནས་གང་མང་ཞིག་ངོས་འཛིན་བྱེད་སྟངས་ཐད་ལ་མཁས་པ་སོ་སོའི་བཞེད་པར་མི་མཐུན་པ་རྣམས་རྗེས་སུ་གཅིག་མཐུན་ཡོང་ཕྱིར་འདིར་དོགས་སློང་གི་ཚུལ་དུ་ཅུང་ཟད་བརྗོད་པ་ལགས་པས། [ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྟོད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༡༧་པ་ལས་དྲངས། ]ཧོར་གླིང་གཡུལ་འགྱེད་ལས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས། ཕ་རི་རྨ་ལ་ཚུར་རི་རྫ། །རྨ་རྫ་གཉིས་ཀྱི་ཁ་བར་ན། །ཁྲ་ཕས་ཀི་ཀི་སྒྲོག་པའི་ས། །ཁྲ་མས་སྭོོ་སྭོོ་འབོད་པའི་ས། །ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་ན། །ཁྲ་མཁར་གནམ་རྫོང་ཕྱུག་མོ་རེད། །ཞེས་རྨ་རྫ་གཉིས་དེ་དེང་དུས་མཚོ་སྔོན་ཞིང་ཆེན་ཆུ་མ་ལེབ་རྫོང་གི་སྟོད་ཕྱོགས་ཕ་རི་རྨ་ཆེན་སྤོམ་ར་དང་ཚུར་རི་ཁྲི་འདུ་ཤང་གི་རྫ་སྟོད་དེ་རི་གཉིས་ཀྱི་བར་ཡིན་པར་གསལ་པོ་ངེས་ཐུབ་ལ། དེ་ལྟར་སྐབས་དེར་གླིང་ཡོད་སའི་ས་ཆ་རྨ་རྫ་གཉིས་ཀྱི་བར་དེར་ཆགས་ཡོད་པར་ངེས་ཐུབ། གཞན་ཡང་ཧོར་གྱི་ས་ཆ་དེ་དེང་དུས་ཆུ་མ་ལེབ་ཀྱི་སྟོད་ཕྱོགས་རྨ་རྒྱལ་སྤོམས་རའི་མདུན་ངོས་སུ་ཧོར་ཡ་རྩེ་མཁར་གྱི་རྗེས་ཤུལ་ཡོད་ཅེས་གྲགས་པ་དང་། བསྐབས་དེར་མགར་ཆོས་དར་ཕ་བུ་གཉིས་ཀྱིས་ཧོར་ཡ་རྩེ་མཁར་གྱི་ལྕགས་ཐག་བརྡུང་ནས་སྟོན་མོའི་སྐབས་ཤེད་ཆེན་རི་བོ་པང་ཁུར་གེ་སར་གྱིས་དེའི་ཉིནབརྟུལ་བ་དང་རྗེས་སུ་གླིང་དམག་གིས་ལྕགས་ཐག་གཏོར་ནས་དུམ་བུ་གཅིག་ཧོར་གུར་དཀར་གྱི་སྐེ་ལ་བཀོན་ནས་གཉའ་སྒ་བསྟད་པར་ཧོར་གླིང་གཡུལ་འགྱེད་ལས་གསལ་བར་ལྟར། [
བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་ཧོར་གླིང་གཡུལ་འགྱེད་སྨད་ཆ་གློག་རྡུལ་ལྕགས་པར་མའི་ཤོག་ངོས་༥༧༦་པ་ལས་དྲངས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་མདོ་སྨད་ཆོས་འབྱུང་ཤོག་ངོས་༢༣༤པ་ལས་དྲངས།།
]གླིང་དམག་ཡ་རྩེ་མཁར་ལ་སླེབས། །ལྕགས་ཐག་མཁར་གྱི་་རྩེ་ལ་དྲངས། ། ཞེས་པ་ལྟར་ན་དེང་དུས་རྨ་ཆེན་སྤོམ་རིའི་མདུན་ཕྱོགས་ཡར་རྩེ་མཁར་གྱི་རྗེས་ཤུལ་ཡོད་པའི་ས་དེར་ད་དུང་ཡང་ལྕགས་ཐག་འཐོར་བའི་ལྕགས་ཀྱི་ཨ་ལོང་བཙའ་སོང་བར་རྙེད་རྒྱུ་ཡོད་པར་གྲགས་ལ། དེར་བརྟེན་ཧོར་གླིང་བར་གྱི་ས་ཆའི་ཆགས་གནས་དེ་དེང་དུས་ཆུ་མ་ལེབ་རྫོང་སྟོད་ཀྱི་སའི་ཆར་གཏོགས་ཡིན་པར་ཚོད་དཔག་བྱེད་ཐུབ་པ་དང་། དེས་མ་ཚད་རྨ་ཆེན་སྤོམ་རིའི་མདུན་ཞོལ་ཧོར་ཡ་རྩེ་མཁར་གྱི་རྗེས་ཤུལ་དང་། ལྕགས་ཐག་གི་ལྷུ་ལག་རྙེད་རྒྱུ་ཡོད་པ་དང་ཧོར་སྡེ་དམར་ནག་བཅུ་གཉིས་སོགས་ཧོར་གུར་དཀར་ནག་སེར་གསུམ་གྱི་སྡེ་འབངས་རྣམས་དེའི་ཉེ་འཁོར་དུ་འཚོ་སྡོད་བྱས་ཡོད་པར་དང་། ཧོར་དམག་གླིང་ལ་ཆས་ནས་རྨ་ཆུའི་སྲིབ་ངོས་སུ་སྒར་རྒྱབ་པའི་ལོ་རྒྱུས་རྣམས་
ཧོར་གླིང་གཡུལ་འགྱེད་དུ་གསལ་བར་མ་ཟད། []མདོ་སྨད་ཆོས་འབྱུང་ལས་ཀྱང་། དེ་ཡང་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་གེ་སར་རྒྱལ་པོའི་དབང་བསྒྱུར། ཞེས་ཀྱང་གསུངས་སོ།།