དཔྱིད་ཀྱི་དུས་སུ་ཤིང་འཛུགས་ལས་ལ་བྲེལ། ཡུལ་ལུང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས། ལྷ་ས་གྲོང་ཁྱེར་གྱིས་ཤིང་འཛུགས་ལྗང་སྲུང་ལས་དོན་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-14


ཟླ་3ཚེས་12ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་གུང་དཀར་གྲོང་རྡལ་གུང་དཀར་གྲོང་ཚོའི་ཆོས་འཁོར་སྒང་དུ་ཤིང་འཛུགས་བྱེད་སྒོ་སྤེལ་བཞིན་པ།

ཟླ་3པའི་ལྷ་སར། ཤིང་འཛུགས་ལྗང་སྲུང་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཤིང་འཛུགས་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལྗང་སྲུང་ལས་ལ་གཞོལ་བས། ལྗོན་ཤིང་དག་ཆར་རྗེས་སུ་མྱུ་གུ་འབུས་པ་བཞིན་སྐྱེ་འཚར་ཡག་པོ་བྱུང་ཡོད།

ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་སྤྱིའི་བཀོད་པར་དམིགས་པ། “ལོ་ལྔ་ཡི་ནང་སྔོ་ལྗང་རི་ཀླུང་མང་དུ་གཏོང་བ་དང་། ལོ་བཅུ་ཡི་ནང་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ནས་གཙོ་གནད་ཀྱི་བྱ་ཐབས་མངོན་གསལ་དོད་པོ་ཡོང་བ་དང་། སྔ་ཙམ་དམ་འཛིན་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བར་གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།

ཤིང་འཛུགས་ནགས་བཟོའི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་ཡོད།

“ཤིང་འཛུགས་ནཌ་བཟོ་བྱས་ན་རླུང་འགོག་བྱེ་འཇཌ་དང་ཁོར་ཡུག་མཛེས་སུ་འགྲོ་ཐུབ་པ་དང་། བཙུགས་པའི་སྡོང་ཕྲུག་རྣམས་ལོ་རེ་ལས་ལོ་རེ་མ་འདས་པར་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་པ་དང “སྡོང་ཕྲུག་རེ་རེའི་རྒྱབ་ཏུ་ལྗང་མདོག་གི་རེ་བས་ཁེངས་པ” “ད་ཆ་ལྷ་ས་གྲོང་ཁུལ་གྱི་སྔོ་འགྱུར་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་མི་རྣམས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་སྔར་བས་ལེགས་སུ་ཕྱིན་པ”ལ་སོགས་རེད།

ཟླ་3ཚེས་8ཉིན། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི“‘གསུམ་བརྒྱད’རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ”སྤེལ་ཡུལ་དུ་ཚང་མས་ཕྱོགས་གཅིག་ནས་ཤིང་འཛུགས་ལས་ལ་བྲེལ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ལྷ་སའི་སྔོ་ལྗང་གི་རྣམ་པ་ལོ་རེ་བཞིན་ལེགས་སུ་ཕྱིན་པར་ཉམས་ལེན་བྱེད་བཞིན་མཆིས།

བྱེད་སྒོ་སྤེལ་བའི་ཉིན་དེར་ལྕང་མ་འཛུགས་པ་ཕུད། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ས་གནས་ས་ཐོག་གི་ཨར་པོ་བ་དང་མང་ཚོགས་སོགས་ལ་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་དོན་སྙིང་གལ་ཆེན་དང་། ཉམས་མྱོང་དང་བྱེད་ཐབས་གཙོ་བོ། ཐོབ་པའི་གྲུབ་འབྲས་གལ་ཆེན་བཅས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། “ང་ལ་བོད་དུ་ལྕང་མ་རྐང་གཅིག་ཡོད”ཅེས་པའི་འཕྲིན་ཕྲན་གྱི་བྱ་རིམ་ཆུང་གྲས་འོས་སྦྱོར་བྱེད་པ། མི་དེ་བས་མང་བ་ལྷོ་རི་བྱང་རིའི་སྔོ་འགྱུར་ནང་ཞུགས་པར་འབོད་སྐུལ་བཅས་བྱས་ནས་ཐུན་མོང་ཐོག་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་བཀྲག་མདངས་བསྣན་པ་རེད།

རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཆེད། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ཏེ“སྡོང་ཕྲུག་གི་སྤུས་ཚད་འགག་སྒོ་དང་། འདེབས་འཛུགས་ལག་རྩལ་གྱི་འགག་སྒོ ཚད་ལྡན་ལས་གྲྭའི་འགག་སྒོ དོ་དམ་བདག་སྐྱོང་གི་འགག་སྒོ”བཅས་ནན་པོར་བསྲུངས་ནས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་38མང་དུ་བཏང་བ་དང་། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་7500ལྷག་ཙམ་བཙུགས་པས། ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ལ“རྒྱལ་ཡོངས་ཀྱི་སྔོ་འགྱུར་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

ཤེས་ལྡན་པའི་སྣེ་ཁྲིད་ནི་འགག་རྩ་ཡིན་པ།

ཚ་ཚ་འུར་འུར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པས་ནུས་པ་གལ་ཆེན་བཏོན་ཞིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོ་ནས་ཡིན་པའི་བསྟན་འཛིན་གྱིས་ཉེ་བའི་ལོ་གཉིས་ནང་རང་ཁྱིམ་གྱི་སྒོ་རྩར་ཤིང་འཛུགས་ནགས་བཟོ་ཧུར་ཐག་བྱས་ཡོད། ཁོང་གིས“ང་ཚན་རྩལ་གསོ་སྦྱོང་ལ་ཐེངས་མང་ཞུགས་མྱོང་། ཤིང་འཛུགས་ནགས་བཟོ་བྱས་ཚེ་ང་ཚོའི་སྡོད་གནས་ཀྱི་ཁོར་ཡུག་ལེགས་སུ་འགྲོ་བ་མ་ཟད། ད་དུང་དེ་མཚུངས་ཀྱི་ཡོང་འབབ་ཀྱང་རག་གི་འདུག སླད་ཕྱིན་ཡུལ་ལུང་གང་སར་སྔོ་ལྗང་གོས་ཀྱི་བརྒྱན་པའི་རེ་བ་ཆེན་པོ་ཡོད”ཅེས་བརྗོད།

“ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན་པས། ང་ཚོས་ལྕང་མ་དེ་བས་མང་བ་དང་དེ་བས་ཡག་པ་བཙུགས་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ལྷ་ས་གནས་མཆོག་སྐྱེ་ཁམས་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཤན་ཞུང་ཆང་གིས་བརྗོད། འདི་ལོ་ལོ་34ལ་སླེབས་པའི་ཤན་ཞུང་ཆང་གིས་ལོ་མང་རིང་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་སྒྲུབ་པ་དང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་འདུ་འགོད་གལ་ཆེན་འཛུགས་སྐྲུན་ལའང་ཞུགས་མྱོང་ཡོད།

དམངས་ཕན་གྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།

“ལྷ་སའི་ལྷོ་རིའི་སྤྱི་གླིང་སྒོ་ཕྱེ་རྗེས་ང་རང་རི་ལ་འཛེག་རྒྱུར་དགའ་པོ་ཆགས་སོང་། རི་རྩེ་ནས་རྒྱང་རིང་ལ་ལྟ་རིམ་བཞིན་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལའི་རྣམ་པ་ཡོངས་རྫོགས་མིག་ལམ་དུ་ཁྲ་ལྷམ་མེར་འཆར་ཐུབ་པ་མ་ཟད། ད་དུང་ཕར་འགྲོ་ཚུར་འོང་བྱེད་མཁན་རྒྱུན་ཆད་རྒྱུ་མེད་པའི་ལྷ་སའི་ཁྲོམ་གཞུང་ཡང་མཐོང་གི་འདུག”གཟའ་མཇུག་གི་ཞོགས་པར། གྲོང་མི་རྡོ་རྗེ་ལྷོ་རིའི་སྤྱི་གླིང་གི་གདུང་འདེགས་འཕྲང་ལམ་བརྒྱུད་རི་རྩེར་འཛེགས་ནས་ལྷ་ས་གྲོང་ཁྱེར་གྱི་རྣམ་པར་རྒྱང་ལྟ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ནགས་བཟོ་སྔོ་འགྱུར་ལ་ཞུགས་པ་དང་། ས་གནས་དེ་གའི་འཕྲུལ་ཆས་བོགས་མར་གླས་ནས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པ། མང་ཚོགས་བསྡུས་ནས་དུས་མཇུག་གི་དོ་དམ་སྲུང་སྐྱོང་ལ་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། 2023ལོར་རིམ་རྩིས་བྱས་ན་ངལ་ནུས་མི་ཐེངས་ཁྲི་212བཏང་སྟེ་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་5.1ཡོང་བར་སྐུལ་ཁྲིད་བྱས་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་13.7བཏང་སྟེ་སྔོ་ལྗང་རི་ཀླུང་གསེར་རི་དངུལ་རི་ལ་ཏན་ཏིག་བསྒྱུར་ནས་སྐྱེ་ཁམས་དང་འབབ་འཕར་ལ“མཉམ་དུ་སྐུལ་འདེད་གཏོང་བ”དང་། ལྗང་མདོག་དང་འཕེལ་རྒྱས“གཉིས་ཀར་ཕན་པ་ཐོབ་པ”མངོན་འགྱུར་ཧུར་ཐག་བྱས་པ་རེད།

སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱས་གྱུར་ན། གསེར་རི་དངུལ་རིའི་ཕན་འབྲས་ལེགས་པར་ཐོན། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་རྡུལ་དག་པ། སྐྱེ་ཁམས་དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་ལྷ་ས་གསར་པ་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་མཆིས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1