ལུའོ་ཀྲེན་ཧྭས་འབར་ཁམས་གྲོང་ཁྱེར་དང་ཆུ་ཆེན་རྫོང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་ལྟ་སྐུལ་ཞིབ་བཤེར་མཛད།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། གནས་མཆོག་རྔ་བ། སྤེལ་དུས། 03-25


ལུའོ་ཀྲེན་ཧྭས་འབར་ཁམས་གྲོང་ཁྱེར་དང་ཆུ་ཆེན་རྫོང་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་ལྟ་སྐུལ་ཞིབ་བཤེར་མཛད་སྐབས་ནན་གྱིས་བསྟན་དོན།

རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཅའ་ཁྲིམས་དོན་ཚན་བདུན་གཏིང་ཟབ་མོར་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཅས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་སྒྲིབ་ཡོལ་ཀུན་ནས་བསྐྲུན་དགོས།

ཟླ་3ཚེས་21ཉིན་ནས་ཚེས་22ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་འབར་ཁམས་གྲོང་ཁྱེར་དང་ཆུ་ཆེན་རྫོང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་ལྐོག་འདྲི་དང་ལྟ་སྐུལ་མཛུབ་སྟོན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཆོག་མཆན་གལ་ཆེན་གྱི་དགོངས་དོན་ཀུན་ནས་གཏིང་ཟབ་མོར་དོན་འཁྱོལ་བྱེད་པ་དང་། རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཅའ་ཁྲིམས་དོན་ཚན་བདུན་དྲིལ་སྒྲོག་ལེགས་པོ་དང་དོན་འཁྱོལ་ནན་མོ་བྱེད་དགོས་ཤིང་། བདེ་འཇགས་ཀྱི་སྐུད་ཐག་འདི་ནམ་ཡང་དམ་པོར་འཛིན་པ་དང་དོགས་ཟོན་ཟབ་མོ་མཐའ་གཅིག་ཏུ་བྱེད་པ། སྔོན་འགྲོའི་དོ་དམ་ཚོད་འཛིན་དང་མགོ་ཁུངས་དོ་དམ་ལ་གང་ནུས་ཀྱིས་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་སྒྲིབ་ཡོལ་ཀུན་ནས་བསྐྲུན་ཏེ། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་རྣམ་པ་རྒྱུན་མཐུད་བརྟན་བརླིང་ཁག་ཐེག་བྱ་དགོས།

ལྟ་སྐུལ་མཛུབ་སྟོན་མཛད་སྐབས། ལུའོ་ཀྲེན་ཧྭས་མི་བཞི་ཐད་གཉིས་ཞེས་པའི་ཐབས་ལམ་ལ་བརྟེན་ནས་གཞི་རིམ་གྱི་ཡུལ་དངོས་སུ་ཕེབས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འགག་སྒོ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གཙོ་གནད་ས་གནས་ལ་ལྐོག་འདྲི་དང་ལྟ་སྐུལ་ཞིབ་བཤེར་མཛད། ལུའོ་ཀྲེན་ཧྭ་སྔ་གཞུག་ཏུ་བྲག་བར་ཡུལ་ཚོ་དང་ཆུ་མདོ་གློག་ཁང་རིག་ནུས་དོ་དམ་སྟེགས་བུ། འཛུགས་སྐྲུན་ཡུལ་དངོས། ཆུ་ཆེན་རྫོང་ཆིང་ཉིང་ཡུལ་ཚོ་སིང་ཕིང་གྲོང་སྡེའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་རྒྱང་གཟིགས་སྟེགས་བུ་བཅས་སུ་ཕེབས་ནས། ལས་རེས་ལས་སྲུང་དང་མེ་འགོག་མེ་གསོད་དྲིལ་སྒྲོག་་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལེན་མཛད། ལམ་བར་ནས་མེ་འགོག་བགྲོད་ལམ་དང་གློག་འདྲེན་གློག་སྐུད་དང་གློག་ཀ་ཉེ་འཁོར་གྱི་རྩྭ་ལྡུམ་གཙང་སེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ལས་རེས་མི་སྣ་དང་ལམ་འགྲམ་གྱི་སྡེ་མི་རྣམས་ལ་གླེང་མོལ་དང་བསམ་བློ་བརྗེ་རེས་མཛད། ལུའོ་ཀྲེན་ཧྭས་ཀུན་ལ་མངག་བཅོལ་གནང་དོན། མིག་སྔར་རང་ཁུལ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་མཐོ་བའི་དུས་སུ་འཁེལ་ཡོད་ལ། དུར་མཆོད་དུས་སྟོན་ཡང་ཐོན་ལ་ཉེ་བས་མེ་སྐྱོན་ཉེན་ཁ་སྔར་བས་ཇེ་ཆེར་སོང་སྟེ། མེ་འགོག་གནས་བབ་རྙོག་འཛིང་དང་ཚབས་ཆེན་ཞིག་ཡིན་པས། སྒྱིད་ལུག་གི་བསམ་པ་དང་ལྷོད་གཡེང་གི་བསམ་པ་མཐའ་གཅིག་ཏུ་རྒྱང་དུ་འདོར་བ་དང་། ལས་འགན་ཁུར་སེམས་དང་འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྐོར་ཞིབ་སྲུང་སྐྱོང་གི་ལས་ཀ་ནན་གྱིས་སྤེལ་དགོས་ལ། གཙོ་ཆེར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་སླ་ས་དང་མང་འབྱུང་ས་རྒྱུད་ལ་སྐོར་ཞིབ་བྱས་ཏེ། དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་གི་ལྐོག་གནས་མེ་སྐྱོན་ཉེན་ཁ་བསལ་དགོས། དྲིལ་སྒྲོག་སློབ་གསོར་མུ་མཐུད་དུ་ཤུགས་སྣོན་པ། མང་ཚོགས་ཀྱི་མེ་འགོག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དམངས་ཡོངས་ནང་དུ་ཞུགས་པ་དང་མཉམ་དུ་མེ་འགོག་གི་རྣམ་པ་བཟང་བོ་ཆགས་པར་བྱ་དགོས། མཁོ་བསྟུན་གྲ་སྒྲིག་ལེགས་པོར་བསྒྲུབ་པ། མཁོ་བསྟུན་ཐག་གཅོད་ནུས་བ་ཇེ་མཐོར་བཏང་སྟེ། མེ་སྐྱོན་བྱུང་མ་ཐག་དུས་ཐོག་ཏུ་ཕན་ལྡན་ཐག་གཅོད་ཐུབ་པ་ཁག་ཐེག་བྱ་དགོས། 

ལྟ་སྐུལ་མཛུབ་སྟོན་མཛད་སྐབས། ལམ་མདོ་དང་ནགས་ཁུལ་གྱི་ཞིབ་བཤེར་འགག་སྒོ། མེ་འགོག་སྡོད་གནས། མེ་སྐྱོན་རྒྱང་ལྟ་ས་ཚིགས་བཅས་སུ་ལས་སྲུང་སྐོར་ཞིབ་མི་སྣས་དོགས་ཟོན་ཆེན་མོ་དང་ནན་ནན་ཏན་ཏན་གྱིས་ལས་རེས་བྱེད་པ། མེ་འགོག་བགྲོད་ལམ་ཤར་གཏོང་བྱུང་བ། ཆེད་ལས་དང་ཆེད་ལས་ཕྱེད་མའི་མེ་གསོད་རུ་ཁག་གིས་རྣམ་རིག་རབ་ཏུ་རྒྱས་པའི་ངང་ཉིན་རྒྱུན་གྱི་སྦྱོང་བརྡར་བྱེད་པ། ག་ས་གང་དུ་ཉེན་ཟོན་སྦྱར་ཡིག་དང་ཉེན་ཟོན་བརྡ་རྟགས། དྲིལ་སྒྲོག་དར་ཆ། དྲིལ་སྒྲོག་རླངས་འཁོར་གྱིས་སྐོར་སྐྱོད་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལ་འབྲེལ་བའི་དོ་སྣང་བྱེད་དགོས་པའི་དོན་ཚན་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ་བཅས་ལུའོ་ཀྲེན་ཧྭ་སྤྱན་ལམ་དུ་འཕྲོ་རིམ་འཕྲོར་བསྟར་འོངས། གནས་གང་ཞིག་ལ་ཕེབས་ན། ལུའོ་ཀྲེན་ཧྭས་ལས་རེས་མི་སྣར་དྲི་བ་དྲིས་ཏེ། རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཅའ་ཁྲིམས་དོན་ཚན་བདུན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་མཛད། འགྲོ་འོང་མི་སྣ་ཡི་གནས་ཚུལ་བྱང་ཐོ་ལ་ཞིབ་བཤེར་བྱས་པར་མ་ཟད། ཡུལ་དངོས་ནས་མཁོ་བསྟུན་སྙན་ཞུ་འགྲོ་རིམ་དང་མེ་གསོད་སྒྲིག་ཆས་ཀྱི་བེད་སྤྱོད་བྱང་ཆ་ལ་ཞིབ་བཤེར་མཛད། དེ་མིན་གྲོང་སྡེའི་ལས་བྱེད་པ་དང་ནགས་སྲུང་མི་སྣ། ལས་ཡུལ་བདེ་འཇགས་མི་སྣ་སོགས་ལ་ཁ་པར་བཏང་ནས་ལས་རེས་གནས་ཚུལ་ལ་འདྲི་རྩད་མཛད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་རྒྱུས་མངའ་ཆེ་མིན་ལ་ཞིབ་བཤེར་མཛད། ལུའོ་ཀྲེན་ཧྭས་ཀུན་ལ་བླང་བྱ་བཏོན་དོན། མེ་ཁུངས་དོ་དམ་ཚོད་འཛིན་གཟབ་ཅིང་ནན་པ་དང་ཡུལ་སྡེའི་ལས་བྱེད་པ་དང་ནགས་སྲུང་མི་སྣ། དྲྭ་ཐོག་དོ་དམ་པ་བཅས་ཀྱི་དོ་དམ་ལས་འགན་དོན་འཁྱོལ་ནན་མོ་བྱེད་པ། གནད་ལ་འཁེལ་བར་གནས་ཡུལ་ཚོད་འཛིན་དང་མེ་འགོག་སྐོར་ཞིབ་སྲུང་སྐྱོང་བྱེད་པ། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ནན་མོ་བྱེད་པ། མེ་སོན་རི་ཁྲོད་དང་ནགས་གསེབ་ཏུ་གཏན་ནས་མི་འཁྱེར་བ། མཐའ་གཅིག་ཏུ་རི་བོ་སྲུང་ཐུབ་པ་དང་མི་ལ་ལྟ་ཐུབ་པ། མེ་བདག་ཐུབ་པ་བྱ་དགོས། སྔོན་འགོག་མྱུར་སྐྱོབ་ལས་རྒྱལ་བའི་བསམ་བློ་བརྟན་པོར་འཆང་བ། ལྐོག་གནས་ཉེན་ཁར་ཞིབ་བཤེར་ནན་མོ་བྱེད་པ། གཙོ་གནད་མངའ་ཁོངས་དང་གཙོ་གནད་སྒྲིག་ཆས། གཙོ་གནད་དམིགས་འབེན་བཅས་ལ་དྲ་རྒྱ་འཐེན་པ་ལྟར་རིམ་བཤེར་དང་དག་ཐེར་བྱེད་པ། སྒོས་སུ་གློག་འདྲེན་གློག་སྐུད་དང་གློག་ཀ་ཉེ་འཁོར་གྱི་རྩྭ་ལྡུམ་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་བདེ་འཇགས་ལྐོག་གནས་རྐྱེན་ངན་བསལ་ནས། ཤེས་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་གནད་ལ་ཐིངས་པར་བྱ་དགོས། ལྟ་སྐུལ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་ཞིབ་ཅིང་ནན་དགོས། ལས་རེས་ལས་སྲུང་དང་གྲོས་མོལ་ཞིབ་འཇུག་དཔྱད་འཇོག་གི་ལམ་སྲོལ་ཇེ་བཟང་དུ་བཏང་སྟེ། མེ་སྐྱོན་སྔ་སེ་ནས་ཤེས་པ་དང་སྔ་སེ་ནས་ཉེན་བརྡ་གཏོང་བ། སྔ་སེ་ནས་ཐག་གཅད་པའི་འཇོན་ནུས་ཇེ་མཐོར་གཏོང་དགོས། དྲིལ་སྒྲོག་ཁྲིད་སྟོན་དང་ཉེན་བརྡ་སློབ་གསོ་ལ་ཤུགས་སྣོན་པ། ནང་སྒོས་སུ་རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་བཅའ་ཁྲིམས་དོན་ཚན་བདུན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་ལ་ཤུགས་བསྣན་ནས། གྲོང་སྡེ་ནས་དུད་ཁྱིམ་དང་ཁྱིམ་ཚང་རེ་རེར་ཤེས་སུ་འཇུག་དགོས། མང་ཚོགས་ལ་གང་ལེགས་སུ་བརྟེན་པ་དང་སྐུལ་སློང་བཏང་སྟེ། བྱ་དགའ་ཡི་སྲིད་ཇུས་དང་མཉམ་སྲུང་ལམ་ལུགས་ལེགས་པར་སྤྱད་དེ། དུས་ཐོག་ཏུ་ཁྲིམས་འགལ་ལུགས་འགལ་གྱི་མེ་སྤྱོད་གྱོད་གཞི་དམར་རྗེན་དུ་གདོན་དགོས་ལ། མེ་སྐྱོན་མང་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མི་དམངས་ཀྱི་འགོག་ཐིག་བརྟན་པོར་བཙུགས་ཏེ། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་རྣམ་པ་རྒྱུན་མཐུད་བརྟན་བརླིང་དང་བཟང་ཕྱོགས་སུ་འཕེལ་བ་ཁག་ཐེག་བྱ་དགོས། 

ཁུལ་སྲིད་གཞུང་གི་དྲུང་ཆེན་ཏུའུ་ལིན་ལྟ་སྐུལ་ཞིབ་བཤེར་དུ་ཞུགས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1