དང་པོ། བོད་དཀར་གྱི་མཚོན་དོན།
བོད་དམངས་ཁྲོད་དུ་དཀར་ཡོལ་ནི་རིན་པོ་ཆེར་བརྩི་ཞིང་། བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། ཚེ་རིང་རྣམ་དྲུག་སོགས་དཀར་ཡོལ་གྱི་བཟོ་བཀོད་དང་རི་མོ་མི་འདྲ་བར་བརྟེན། དེ་མཚུངས་མཚོན་དོན་དམིགས་བསལ་བ་ཡང་ཡོད་མོད། སྤྱིའི་ཆ་ནས་དཀར་ཡོལ་གྱིས་ཚེ་བསོད་དཔལ་འབྱོར་གསུམ་མཚོན་པས་བོད་དམངས་ཁྲོད་དུ་ལེགས་སྐྱེས་ཀྱི་གཙོ་བོ་ལ་དཀར་ཡོལ་ཞིག་འོ་མ་སོགས་འཚོ་བཅུད་ཀྱིས་བཀང་ནས་འབུལ་སྲོལ་ཡོད། དེས་ཚེ་དང་བསོད་ནམས་དཔལ་འབྱོར་གསུམ་པོ་ཕུལ་བ་མཚོན་ཡོད། གལ་ཏེ་དཀར་ཡོལ་བཅག་པའམ་ཡང་ན་ཁ་ཤོ་ཡོད་ན། དེ་ནི་བཀྲ་མི་ཤིས་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་གྱིན་ཡོད་མོད། ཡིན་ནའང་དཀར་ཡོལ་ཆ་འགྲིག་མ་ཞིག་ལག་རྙེད་བྱུང་ན་ཚེ་བསོད་དཔལ་འབྱོར་རང་ལ་འཁོར་བའི་རྟེན་འབྲེལ་བཟང་པོ་རུ་བརྩི་བ་ཡིན། ཡུན་རིང་བཀོལ་སྤྱོད་བྱས་པའི་བརྒྱུད་རིམ་ནང་། དཀར་ཡོལ་ལ་རིག་གནས་ཀྱི་གྲུབ་ཆ་དམིགས་བསལ་ཞིག་ཆགས་ཡོད། ཁྱིམ་ནས་དཀར་ཡོལ་ལ་བཀོལ་སྤྱོད་ཀྱི་རིན་ཐང་དང་། ཕྱི་ནས་དཀར་ཡོལ་ལ་མཚོན་རྟགས་ཀྱི་དོན་སྙིང་མི་འདྲ་བ་སྣ་ཚོགས་ཡོད། མི་མང་པོ་ཞིག་གི་སེམས་ནང་དཀར་ཡོལ་ནི་གསེར་ལས་རྩ་ཆེ་ཞིང་། ནམ་ཡང་ལུས་དང་གྲིབ་མ་བཞིན་དུ་བསྲུངས་ཡོད། ཐ་ན། དཀར་ཡོལ་གཅིག་མི་གཅིག་གི་མི་ཚེ་ཧྲིལ་པོ་བརྒྱུད་དེ་རྗེས་རབས་ཚོས་མུ་མཐུད་བེད་སྤྱོད་གཏོང་སྲོལ་ཡང་ཡོད། ཁྱིམ་ཚང་དཀྱུས་མས་དཀར་ཡོལ་རྐྱང་རྐྱང་ཙམ་དང་། ཕྱུག་པོས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་བཀོད་པའི་དཀར་ཡོལ་ཆ་འགྲིག་མ་དང་། རབ་གསེར་དངུལ་གྱིས་ཕྲ་ཕབ་པ་གཡུ་བྱུར་གྱིས་ཕྲ་རྒྱན་པའི་དཀར་ཡོལ་བཀོལ་སྲོལ་ཡོད། གང་ལྟར་ཡང་། གསེར་དངུལ་ནི་མཛེས་རྒྱན་ཙམ་ལས་མ་འདས། ང་ཚོས་ཤེས་དགོས་པ་ནི་འཚོ་བའི་གྲུ་ཟུར་གང་དུ་ཡང་དཀར་ཡོལ་གྱི་གྲིབ་མ་ཡོད་དེ། དཀར་ཡོལ་ཐོག་ནས་ཁྱིམ་ཚང་སོ་སོའི་དབུལ་ཕྱུག་དང་གནས་བབ་ར་སྤྲོད་བྱེད་ཐུབ།།
གཉིས་པ། བོད་དུ་དཀར་ཡོལ་བྱུང་ཚུལ།
རང་རེ་སྒང་པ་བོད་ལ་མཚོན་ན་ས་རྒྱ་ཆེ་ཞིང་ཡུལ་ལུང་ཕན་ཚུན་བགྲོད་དཀའ་ནའང་། དབུས་མདོ་ཁམས་གསུམ་གྱི་བཏུང་བའི་ཇ་རིགས་སྤྱོད་ཚུལ་ཕལ་ཆེར་འདྲ་བ་ཡིན་པས། དེས་ཀྱང་མི་རིགས་འདིར་གཅིག་གྱུར་གྱི་རིག་གནས་གོམས་སྲོལ་དང་རིན་ཐང་ལྟ་ཚུལ་ཆགས་པར་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་འདུག་སྙམ། ཕར་བལྟས་ཚོད་ལ་ཁེར་རྐྱང་དུ་ལུས་པའི་མདོ་དབུས་མཐོ་སྒང་འདི་ཉིད་ནི། གནའ་བོའི་དུས་སུ་ཁེར་རྐྱང་དང་སྒོ་གཏན་པའི་ཚུལ་དུ་གནས་མེད་པར། ཨེ་ཤེ་ཡ་ཤར་ནུབ་ལྷོ་མ་སོགས་ལ་འབྲེལ་འདྲིས་བྱུང་ཡོད་ལ། ལོ་ངོ༡༨༠༠ཡར་སྔོན་གྱི་བོད་ཀྱི་སྐུ་དྲག་ཚོ་ཇ་ལ་དགའ་ཞིང་། ཁོ་ཚོ་གསོན་པའི་དུས་སུ་ཇ་ལ་དགའ་ཞིང་། ཐ་ན་ཤི་བའི་རྗེས་སུའང་ཇ་ལོ་དུར་རྫས་སུ་འཇུག་པའི་སྲོལ་ཡོད་པ་རེད། གནའ་དཔྱོད་ཞིབ་འཇུག་པ་ཚོས་གུ་རུ་གྱམ་གྱི་དུར་ས་ནས་ཇ་རོ་རྙིང་བ་རྙེད་ཡོད།
ཐང་གི་དུས་སྟེ་མི་ལོ༡༣༠༠ཡན་ལ་མཚོ་བོད་མཐོ་སྒང་དུ་ཇ་ལོ་སླེབས་པའི་བདེན་དཔང་རྙེད་ཡོད། 《ཐང་ཡིག་གསར་མ》ལས། སྤུར་རྒྱལ་གྱི་དུས་སུ། ལོ་ཏོག་གྲོ་ནས་བྲ་བོ་སྲན་མ་འདེབས། སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ། ཡང་ན་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་
དེ་ཡང་ཟ་ཞེས་བཀོད་པ་ལྟར་ན། གུ་རུ་གྱམ་གྱི་ཇ་རོ་དང་བག་ཕྱེ་ལས་སྐྱོ་ར་བྱེད་པའི་དཀར་ཡོལ་གྱི་ཐོག་མའི་རྣམ་པ་ཙམ་ཐང་གི་སྔོན་དུ་བོད་ཡུལ་དུ་དར་ཡོད་པ་རྟོགས་ཐུབ། ལར་ཇ་དང་དཀར་ཡོལ་གྱི་བྱུང་རིམ་ཐད་འཕེལ་འགྲིབ་དུ་མ་བྱུང་བས་མི་རིགས་ཕན་ཚུན་བར་ཤན་ཤུགས་མི་འདྲ་བ་ཐེབས་ཡོད་སྲིད་མོད། བོད་ཀྱི་དཀར་ཡོལ་གྱི་ཐོག་མའི་མགོ་ཁུངས་དངོས་སུ་གཏན་འཁེལ་བྱེད་ཐུབ་ཀྱིན་མེད། རྫ་ཆས་ཀྱི་བྱུང་རིམ་སྔ་བ་དང་སྤུས་ཚད་ཧ་ཅང་མཐོན་པོར་སླེབས་པར་གཞིགས་ན། དཀར་ཡོལ་ཡང་ལོ་རྒྱུས་ཀྱིས་ཆུ་རྒྱུན་ཧ་ཅང་རིང་བ་དཔག་ཐུབ་ཀྱིན་ཡོད།
ད་ཡོད《རྒྱ་བོད་ཡིག་ཚང་ཆེན་མོ》སོགས་དཔྱད་གཞིའི་ཡིག་ཆ་འགའ་ཞིག་གཞིར་བཟུང་ན། བོད་རྒྱལ་འདུས་སྲོང་མང་པོ་རྗེ།། རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དུས།། སྔར་མེད་ལྷ་ཡི་བདུད་རྩི་བཞིན།། ཇ་དང་དཀརཡོལ་བྱུང་བ་ཡིན།། ཞེས་གསུངས་པ་ལྟར། བོད་ཀྱི་ལོ་རྒྱུས་སོགས་སུ་སྔར་དུས་རབས་བདུན་པའི་མཇུག་བོད་ཀྱི་བཙན་པོ་འདུས་སྲོང་མང་བོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་བོས་དངོས་སུ་སྲིད་སྐྱོང་བཞིན་པའི་སྐབས། དབང་མེད་དུ་རྒྱལ་བོ་སྙུང་གཞི་དྲག་པོ་ཞིག་གིས་ཐེབས་པས། བློན་ཆེན་དག་ཅི་བྱ་གཏོལ་མེད་དུ་གྱུར་བའི་བར་གསེབ་ཏུ་སྟབས་ལེགས་སྟེས་དབང་ཞིག་བྱུང་སྟེ། བྱ་ཞིག་གིས་ཤིང་ལོ་ཞིག་ཕོ་བྲང་གི་ཁར་འཁྱེར་ཡོང་བ་མཐོང་བས། རྒྱལ་བོས་དེ་ཞལ་དུ་བཞེས་པས་རོ་མཆོག་ཏུ་སྣང་ཞིང་སྙུང་གཞིར་ཡང་མངོན་གསལ་གྱིས་ཕན་ཐོགས་བྱུང་རྐྱེན། བློ་བ་ཉེ་བའི་བློན་པོ་དང་ཕོ་ཉ་སྐོར་ཞིག་ལ་རྒྱལ་བོས་བཀའ་བསྩལ་ཏེ་ཤིང་ལོ་དེ་འཚོལ་བའི་ཕྱིར་ས་ཕྱོགས་སོ་སོར་བཀྲམ། མཐར་བློན་པོ་རིག་པ་ཅན་ཞིག་གིས་ཆུ་ཆེན་པོ་ཞིག་གི་ཕ་རོལ་ཏེ་ལྷོ་ཕྱོགས་འཇང་གི་ཡུལ་ན་ཇ་ཤིང་ལོ་མ་དེ་ཡོད་པ་ཤེས་རྟོགས་བྱུང་མོད། ཆུ་ཆེན་དེར་བརྒལ་མ་ནུས་པར་སྡོད་པའི་སྐབས་ཉ་ཞིག་ཆུའི་རབ་བརྒྱུད་ནས་འགྲོ་བཞིན་པའི་རྗེས་སུ་ཕྱིན་པས་ཆུ་བརྟོལ་བ་དང་། ཇ་ཤིང་གི་ལོ་མ་རྒྱབ་ཁུར་དུ་ལོངས་ཚད་ཙམ་ཁུར་ཀྱང་ཡིད་མ་ཚིམ་པར་སྡོད་སྐབས། རང་མོས་ཀྱིས་ཡོང་བའི་ཤྭ་བ་ཡུ་མོ་ཞིག་ལའང་ཇ་ཤིང་གི་ལོ་མ་རྒྱབ་ཁལ་གཅིག་བཀལ་ནས་ཕྱིར་ཕོ་བྲང་དུ་བདེ་ལེགས་ངང་བསླེབས་པས། སྐབས་དེ་ནས་བཟུང་བཙན་པོ་འདུས་སྲོང་མང་བོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་བོ་ལ་རྒྱུན་པར་ཇ་འཐུང་བའི་གོམས་གཤིས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཆགས་པར་བཤད། དེ་ལྟར་བཙན་པོ་འདུས་སྲོང་མང་བོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་བོ་ཁོང་ཉིད་རྟག་པར་ཇ་འཐུང་རྒྱུར་དགའ་ཞིང་ཇ་ཡི་རིག་གནས་ལ་སྤྲོ་བ་ཆེས་ཆེར་རྒྱས་པས། རིམ་གྱིས་རྒྱལ་བོས་ཆེད་དུ་ཇ་འཐུང་བྱེད་ཀྱི་སྣོད་ཐུན་མོང་མ་ཡིན་པ་ཞིག་གསར་གཏོད་མཛད་དགོས་པར་དགོངས་ནས། ཐང་རྒྱལ་རབས་ཀྱི་རྒྱལ་མོ་ཝུའུ་ཙེ་ཐེན་ལ་ཕོ་ཉ་བཏང་ནས་དཀར་ཡོལ་ཇ་དཀར་ཆེ་ཆུང་སྣ་ཚོགས་དགོས་ཞེས་རེ་བ་འདོན་གནང་མཛད་ཀྱང་དཀར་ཡོལ་ངོ་མ་བསྐུར་རྒྱུར་ཁས་ལེན་མ་བྱས་པར་དཀར་ཡོལ་བཟོ་རྩལ་མཁས་པ་མི་གཉིས་བོད་དུ་བཏང་འབྱོར་བྱུང་ཞིང་། སྐབས་དེར་ལྷོ་ཁ་གྲ་ནང་སོགས་ས་གནས་འགའ་ཞིག་ནས་དཀར་ཡོལ་བཟོ་བའི་རྒྱུ་ཆའི་ཐོན་ཁུངས་འགའ་ཞིག་བེད་སྤྱད་ནས་དཀར་ཡོལ་བཟོས་པ་ལས། བཙན་པོས་སྔར་རྒྱ་ནག་དུའང་མ་དར་བ་ཅིག་བཟོ་དགོས་ཏེ། གཟུགས་ནི། ཁ་གཡེལ་བ། སྲབ་པ། རྐང་པ་ཐུང་པ། མདོག་དཀར་འཇམ། སྔོ་མདངས་ལྡན་པ་ཞིག་དགོས། མིང་ནི། བོད་ན་སྔར་མེད་པ་དར་བས་དར། སྣོད་དེ་བསྟེན་པ་ཚེ་དང་དཔལ་འབྱོར་འཕེལ་བར་བྱེད་པ་ན། དར་ཚེ་ཞེས་པར་ཐོགས་ཤིག དཀར་ཡོལ་རྒྱུ་ཆ་ལེགས་ཤོས་རྡོའི་རིགས་ལས་བཟོས་པ་རྣམས་ལ་རི་མོ་བྱའི་ཁ་ལ་ཇ་ཤིང་གི་ལོ་མ་ཁྱེར་བ་ཞིག་ཡོད་པ་དང་། འབྲིང་གྲས་ཀྱི་རི་མོ་ལ་མཚོ་ཡི་ནང་དུ་ཉ་ཡོད་པ། དཀྱུས་མའི་གྲས་ཀྱི་རི་མོ་ལ་སྤང་རི་ཤིང་དང་བཅས་པ་གྱིས་ཤིག་ཅེས་བཀའ་གནང་བ་རེད། དེའི་རྗེས་དཀར་ཡོལ་ལེགས་གྲས་ཁག་གསུམ་གྱི་མིང་ལ་ཤབ་ཚེ། ལན་ཚེ། ཤང་ཚེ་ཞེས་བཏགས་ཤིང་། འབྲིང་དང་དཀྱུས་མའི་མིང་ལ་ཐེག་ཚེ། ངེས་ཚེ། རྡོ་ཚེ་བཅས་སུ་མིང་བཏགས་པར་བཤད། དཀར་ཡོལ་བཟོ་བའི་ལག་རྒྱུན་ནི་བོད་ཀྱི་རབ་བྱུང་དགུ་པའི་མགོར་མཁས་གྲུབ་གན་དཀར་ཞེས་ལྷོ་ཁ་གྲ་ནང་གི་མཁས་གྲུབ་ནོར་བཟང་རྒྱ་མཚོ་སྐུ་གཞོན་ནུའི་སྐབས་དཀར་ཡོལ་མི་ཉུང་བ་ཞིག་བཟོ་གནང་མཛད་པའི་ལོ་རྒྱུས་ཡིག་ཆའི་ནང་འཁོད་པ་དེ་ལ་ཡོངས་གྲགས་སུ་གྲ་དཀར་ཞེས་འབོད་པར་བཤད།
བོད་དུ་དཀར་ཡོལ་ཐོན་ཡུལ་གཙོ་བོ་གཉིས་ཡོད་པ་ལས། ཡར་ཀླུང་ཐང་པོ་ཆེ་ལས་ཐོན་པའི་ཐང་དཀར་ཏེ། དེ་ལའང་རིགས་གཉིས་ཡོད་པ་ལས་སྔ་མའི་དབྱིབས་དེང་གི་དཀར་ཡོལ་དང་ཕྱོགས་མཚུངས་ལ་ཁ་གཡེལ་ལ་ལེབ་པ་དང་། ཕྱི་མ་ནི་དབྱིབས་ཅུང་ཟད་མདོང་བའི་རྐྱེན་གྱིས། མི་ཕལ་ཆེ་བས་དེ་ལ་དཀར་ཡོལ་སྒོང་གཟུགས་མ་ཞེས་འབོད། བོད་དཀར་གྱི་དེའི་ཁྱད་ཆོས་ནི། དབྱིབས་གོང་གསལ་ལ་རྩོལ་མཉམ་ལས་རིགས་གཉིས་ལ། རྒྱུ་དཀར་དྭངས་གི་ཚད་གྲ་དཀར་ལས་དམན་ཙམ་པ། ལྗང་མདོག་ཅུང་ཟད་ཀྱིས་མཐའ་ནས་བརྒྱན་པ་འདྲ་བ་ལ། སྔ་མའི་མཐའ་བཞིར་མེ་ཏོག་པད་མས་སྤུད་པ་དང་། སྒོང་གཟུགས་མར་ཁ་རིས་ཡོད་པས་མི་འགའ་ཞིག་གི་དེ་ལ་དཀར་ཡོལ་ཁ་ནག་ཀྱང་ཟེར་ལ། གོང་གི་རིགས་གཉིས་ཀ་ཐང་པོ་ཆེ་ནས་ཐོན་རྟགས་སུ་ཕལ་ཆེར་དཀར་ཡོལ་གྱི་མཐིལ་དུ་ཐང་ཞེས་པའི་བོད་ཡིག་རེ་ཡོད་པར་བཤད།
ལྷ་སའི་ཁུལ་གྱི་གྲ་ནང་ནས་བཟོས་པའི་དཀར་ཡོལ་ནི། དེང་གི་ཕོར་བ་ལྟ་བུ་ལས་དབྱིབས་ཀྱི་འགྱུར་མ་བྱུང་བས་སྔ་ཕྱི་བར་གསུམ་ལ་ཁྱད་པར་མེད་ལ། རྒྱུའི་ཁྱད་པར་ལ་གོང་གི་ཐང་པོ་ཆེའི་དཀར་ཡོལ་ལས་དྭངས་ཆ་ཆེ་བར་སེར་ལྗང་གི་མདངས་འཕྲོ་བ། རི་མོ་ལ་ཕོར་ཁའི་ཕྱི་ཕྱོགས་སུ་ཁ་རིས་དང་། མཐིལ་དུ་སུས་ཀྱང་འགྲེལ་མི་ཤེས་པའི་པ་ལྟ་བུའི་མཚོན་རྟགས་ཙམ་ལས་རི་མོ་གཞན་མེད་པ་ཞིག་གོ།
གསུམ་པ། བོད་དཀར་གྱི་རྣམ་གྲངས་དང་བརྟག་ཐབས།
བོད་དཀར་གྱི་རྣམ་གྲངས་ལ་དཀར་ཡོལ་ཡུ་རིང་དང་ནེའུ་འབྲུ་མ། རྟ་སོ་མ། མེད་པོ་ཡར་སློང་དང་བཀྲ་ཤིས་རྟགས་བརྒྱད། པདྨ་རྩ་འཁོར། ཁྱུང་གཤོག་ལྡེམ་པ། གོ་མཚོན་རྟགས་བརྒྱད། འབྲུག་འབུ་ཁྲ། འབྲུག་དཀར། སྨྱུག་ལོ་མ། ལྕང་ལོ་མ། རྒྱལ་སྲིད་སྣ་བདུན་སོགས་རི་མོ་མི་འདྲ་ཞིང་ས་གནས་སོ་སོས་མིང་འདོགས་ཚུལ་མི་འདྲ་བའི་དཀར་ཡོལ་རིགས་ཤིན་ཏུ་མང་ཞིང་། གསར་རྙིང་གི་དབྱེ་བ་ནི་དཀར་ཡོལ་གྱི་ཞབས་ལ་བལྟ་དགོས། རྐུབ་ཀྱི་མཐུག་སྲབ་དང་ཆེ་ཆུང་ལ་དཔྱད་དགོས། བོད་ཀྱི་གནའི་དཀར་ཡོལ་ནང་དུ་དུས་རྒྱུན་རྩམ་པ་ཟོས་ཤིང་ལག་ཕྱིས་སོགས་ཀྱིས་ཕྱིས་པས་ཕྱི་ཚུལ་ཟད་པོ་ཡིན་ཞིང་ལག་པས་རེག་ཚེ་འཇམ་པོ་ཡིན། རྒྱའི་དཀར་ཡོལ་ནི་དེ་ལས་ལྡོག་སྟེ་རྩུབ་མོ་ཡིན། དེ་མིན་རྒྱུ་ཧ་ཅང་སྲབ་ཅིང་། ཁ་དོག་དཀར་ལ་དྭངས་པ། ཕྱི་ནང་གཉིས་ལ་རི་མོ་མེད་ཀྱང་། དཀར་ཡོལ་ཡར་བཀྱག་ནས་ནམ་མཁར་བལྟས་ན། དཀར་ཡོལ་གྱི་བར་ན་རི་མོ་དང་ཡི་གེ་གསལ་པོ་མཐོང་རྒྱུ་ཡོད་པའི་བོད་དཀར་ནི་ཧ་ཅང་རིན་ཐང་ཆེ་བ་ཡིན། དེ་ཡང་དཀར་ཡོལ་གྱི་རྒྱུ་རབ་འབྲིང་ཐ་གསུམ་དང་ཁ་དོག་སོགས་ཀྱི་སྐོར《དཀར་ཡོལ་ལེགས་ཉེས་བརྟག་པའི་བསྟན་བཅོས》ལས། རྒྱུ་ནི་རབ་འབྲིང་རྣམ་པ་གསུམ། ། རབ་ནི་རིན་ཆེན་འཆིང་བུ་དང་།། འབྲིང་ནི་འཛེང་ལ་བྱས་པས་ཏེ།། ཐ་མ་རྡོ་ཐལ་དཀར་པོའོ།། ཁ་དོག་སེར་བ་རབ་ཡིན་ཏེ།། དཀར་བ་འབྲིང་ལ་ཐ་མ་སྔོ།། དབྱིབས་དང་རི་མོའི་བརྟགས་པ་ཡང་།། ཞེས་སོགས་རྒྱས་པར་བཀོད་འདུག་པའི་ནང་དོན་ཚུར་བསྡུས་ན་དཀར་ཡོལ་གྱི་རྒྱུ་ཆ། ལེགས་ཉེས། མདོག་བཟོ་དབྱིབས། རི་མོ། ཁ་ཞེང་ཆེ་ཆུང་། རྐང་བ་རིང་ཐུང་། འཇམ་ཤ་དོད་མིན། སྲབ་འཐུག ཐོན་ཁུངས། ནུས་པ་བཅས་ཀྱི་སྒོ་ནས་དབྱེ་འབྱེད་བྱེད་ཆོག་པར་སྙམ་མོ།།