སྤྱི་ཚེས་12ཉིན། བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར་ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་རིམ་པ་དང་པོའི་བརྟག་ཞིབ་པ་ཅ་ཏན་ཏན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།
|
ལོ་ངོ་65རིང་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་བོད་སྐྱོར་སྲིད་ཇུས་རྒྱུན་མཐུད་བྱས་པ་ལས་བྱུང་བ་ཞིག་ཡིན། དེ་ཡང་སྤྱི་ལོ་1994ལོར་ཀྲུང་དབྱང་གིས“ཁག་དབྱེ་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་འཐབ་ཇུས་དེ་ལག་ལེན་བསྟར་ཚུན་གྱི་ལོ་ངོ་30རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ཐབས་ཇུས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་རང་བཞིན་གྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་དང་རོགས་སྐྱོར་གྱི་གཙོ་གནད་དེ“གཞན་བརྟེན”ནས“རང་བརྟེན”ཕྱོགས་སུ་བསྒྱུར་ནས་བོད་ལྗོངས་ཀྱི་སྨན་བཅོས་མ་ལག་ཁྱོན་ཡོངས་ནས་རིམ་སྤོར་བྱ་རྒྱུར་རོགས་རམ་བྱས་ཡོད་པ་རེད།
དུས་ཡུན་ལོ་10ཙམ་འབད་བརྩོན་བྱས་པ་བརྒྱུད“1+7+13”སྨན་ཁང་ལྟེ་བར་བྱས་པའི་སྨན་བཅོས་བོད་སྐྱོར་དྲ་རྒྱ་བསྐྲུན་ཟིན་པ་དང་དེའི་ནང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་དེ་བཞིན་ས་གནས་ཁག་དང་གྲོང་ཁྱེར་ཁག་གི་སྨན་ཁང་གཙོ་བོ་ཚུད་ཡོད་པ་རེད། ཐབས་ཇུས་དེས་སྨན་ཁང་གི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལའང་ཤུགས་སྣོན་ཆེན་པོ་ཐེབས་ཡོད། མིག་སྔར་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་རྣམ་པས་སྨན་བཅོས་བརྒྱུད་རིམ་ལེགས་སུ་གཏོང་བའི་ནང་ཞུགས་པ་མ་ཟད་ད་དུང་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་4400ལྷག་ཙམ་སྤེལ་རྒྱུར་གཙོ་ཁྲིད་བྱས་ནས་སྨན་བཅོས་ལག་རྩལ་ཁག་2567གྱི་སྟོང་ཆ་ཡང་བསྐངས་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ནི“ལྟེ་གནས་ཆེན་པོ་ལྔ”འཛུགས་སྐྲུན་བྱས་པ་བརྒྱུད་བོད་ལྗོངས་ཀྱི་ཉེན་ཚབས་ཆེ་བའི་ནད་གཞི་མྱུར་སྐྱོབ་ནུས་པ་ཆེ་རུ་ཕྱིན་ཡོད། དཔེར་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བོད་སྐྱོར་སྨན་པའི་སྣེ་ཁྲིད་འོག་ལོ་གཅིག་ནང་ཀླད་ཁྱིམ་གཤགས་བཅོས་139བྱས་ནས་ཀླད་ཁྲག་ཐོན་པ་སོགས་ཚབས་ཆེའི་ནད་རིགས་སྨན་བཅོས་ལེགས་འགྲུབ་བྱུང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་རིམ་པ་དང་པོའི་བརྟག་ཞིབ་པ་ཅ་ཏན་ཏན་གྱིས། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་གྲུབ་འབྲས་དེ་ཁག་ལྔ་རུ་བསྡུ་ཆོག་པ་སྟེ། དམིགས་ཚད་ཁ་གསལ་དང་། དཔུང་ཁག་སྟོབས་ཆེན། ལམ་སྲོལ་བཟང་པོ། གཙོ་གནད་འགག་འགྲོལ། འགན་འཁྲི་འཁུར་ཕོད་པ་བཅས་རེད། དེས་ན་སྨན་བཅོས་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ཡོང་བར་ཡང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད། །