ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་རིམ་པ་གསུམ་པའི་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། 2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣ་རྩ་འཛུགས་བྱས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ། 2021ལོའི་ཟླ་7པར། བོད་སྐྱོར་ལས་དོན་འདི་གྲོ་མོ་རྫོང་སོགས་ནང་དུ་འདུས་པའི་རྫོང་13གྱི་རྫོང་མི་དམངས་སྨན་ཁང་དུ་སྣུར་སྲིང་བྱས།
ནང་ལོགས་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤུས་ལེགས་ཐོན་ཁུངས་རིམ་པ་ལྟར་བོད་ལྗོངས་གཞི་རིམ་དུ་ཁྱབ་པ་དང་ཆབས་ཅིག བོད་ལྗོངས་ཀྱིས་རྫོང་དང་ཤང་གི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་དང་། “མངག་ཐོ་རྣམ་པའི”ཤེས་ལྡན་མི་སྣ་སྐྱེ་སྲིང་བྱས་པ་བརྒྱུད། རྒྱང་བསྟེན་སྨན་བཅོས་དང་སྐོར་ཞིབ་ནད་བརྟག་སྨན་བཅོས་སོགས་བྱེད་ཐབས་སྤེལ་བ་དང་། བོད་ལྗོངས་སྨན་བཅོས་མ་ལག་གི“རྩིག་རྨང”སྲ་བརྟན་དུ་བཏང་ནས་རྒྱུན་འབྱུང་ནད་རིགས་དང་ཕོག་སླའི་ནད་རིགས་མང་ཆེ་བ་རྫོང་ཁོངས་སུ་གསོ་བཅོས་ཐུབ་པ་མངོན་འགྱུར་བྱུང་ཡོད།
པར་འདི་ནི་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྐོར་བདུན་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པས་ལག་པའི་རུས་ཚིགས་ཀྱི་གནས་ཚུལ་ལ་ལྟ་བཤེར་བྱེད་པའི་རྣམ་པ་རེད།
སྨན་བཅོས་ཤེས་ལྡན་མི་སྣ་ནི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བའི་གནད་འགག་ཡིན་ལ། གནད་ཁེལ་སྒོས་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྦྲེལ་མཐུད་བྱས་ཚེ་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་ནུས་ལྡན་སྒོས་མཐོར་འདེགས་སུ་གཏོང་ཐུབ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཐུབ་བསྟན་ལྷ་མོས་བོད་སྐྱོར་སྨན་པ་ཡོང་བས་གཞི་རིམ་གྱི་བུ་བཙའི་ཚན་ཁག་དང་བྱིས་ནད་ཚན་ཁག་གི་སྨན་བཅོས་སྲོག་སྐྱོབ་ནུས་པ་ཆེ་རུ་བཏང་སྟེ། གཞི་རིམ་མང་ཚོགས་ཀྱིས་སྒོ་རྩར་ཆུ་ཚད་ཅུང་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། 2013ལོར་བོད་རང་སྐྱོང་ལྗོངས་ཀྱི་མངལ་ཆགས་བུད་མེད་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་སོ་སོར་མི་ཁྲི་10ལས་154.51དང་19.97‰ཟིན་པ་དང་། 2020ལོར་གཞི་གྲངས་འདི་གཉིས་སོ་སོར་མི་ཁྲི་10ལས་48དང་7.6‰དབར་མར་ཆག་པ་དང་། 2022ལོར་སྔར་ལས་ལྷག་པའི་སྒོ་ནས་མར་ཆག་སྟེ་མི་ཁྲི10ལས45.8དང7‰ལ་སླེབས་ཡོད།
2015ལོ་ནས་བཟུང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས་གངས་ལྗོངས་མཐོ་སྒང་དུ་སྔོན་ཐོན་གྱི་ལག་རྩལ་བསྐྱལ་ཡོང་བ་མ་ཟད། ད་དུང་ཆེད་ལས་ནུས་པ་དང་ལས་དོན་གྱི་འདུ་ཤེས། ལམ་ལུགས་སྒྲིག་སྲོལ་སོགས་ཀྱི་ཐད་རོགས་སྐྱོར་སྨན་ཁང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ། སྤྱི་ཡོངས་ནས་མཐོར་འདེགས་སུ་གཏོང་བར་རོགས་འདེགས་བྱས།
གཞི་རིམ་སྨན་ཁང་གི་ཚན་ཁག་སྣ་གཅིག་དང་སྟོབས་ཤུགས་ཉམས་ཞན་གྱི་ད་ཡོད་གནས་ཚུལ་ལ་དམིགས་ཏེ། ཁ་གཏད་བོད་སྐྱོར་སྨན་ཁང་ཁག་གིས“དཔུང་སྡེ་ཡིས་དཔུང་སྡེ་འཁྲིད་པ”དང“ཆེད་མཁས་པས་རྐང་འཛིན་འཁྲིད་པ”དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”སོགས་ཀྱི་རྣམ་པ་བརྒྱུད་ནས་ཆེད་ལས་ཅན་གྱི་ཁྱད་ལྡན་ཚན་ཁག་བཏོད་པ། རྒྱལ་ཡོངས་ཀྱི་མཇུག་མཐར་གཞུང་ལམ་ཤར་གཏོང་ཐུབ་པའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་རྫོང་མི་དམངས་སྨན་ཁང་དུ་སྔོན་ཆད་རང་རྐྱ་འཕེར་བའི་ཚན་ཁག་གཅིག་མ་གཏོགས་མེད། ཀོང་ཏུང་ཞིང་ཆེན་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་སྐྱོར་འོག སྨན་ཁང་དུ་ཆེད་ལས་ཚན་ཁག་17གསོ་སྐྱོང་བྱས་ཡོད་པ་མ་ཟད། ད་དུང་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི་རྣམ་པ་གཞི་རིམ་དུ་ཁྱབ་འགྱེད་བྱུང་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད།
གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་རྩད་ཆོད་དཀའ་བའི་ནད་རིགས་ཚབས་ཆེན་དང་གློ་བུར་བའི་ནད་རིགས་གསོ་བཅོས་ཀྱི་ནུས་པ་དང་ཆུ་ཚད་མི་འདང་བའི་གནད་དོན་ལ་དམིགས་ཏེ། ས་གནས་ཁག་གིས་རྒྱང་བསྟེན་གྲོས་བརྟག་ལས་སྟེགས་ལ་བརྟེན་ནས་གཞི་རིམ་སྨན་བཅོས་ཀྱི་སྐྱོབ་བཅོས་ནུས་པ་ཇེ་མཐོ་ཕྱིན་པར་རོགས་འདེགས་བྱས་པ།
བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་སྨན་ཁང་གི་སྒྲིག་ཆས་དང་སྒྲིག་བཀོད་ལ་ངོ་བོའི་འགྱུར་ལྡོག་བྱུང་བ། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་སྨན་ཁང་གིས་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག CTདང་སྐྱེ་དངོས་རྫས་འགྱུར་དཔྱད་ཆས། ཏོ་ཕུའུ་ལི་སྒྲ་འདས་དཔྱད་ཆས། གློག་རྡུལ་ཕོ་ཤེལ། གསུས་ཤེལ་སོགས་སྔོན་ཐོན་སྒྲིག་ཆས་ཉོ་སྒྲུབ་བྱས་ཏེ། ས་གནས་སྨན་པས་རང་རྐྱ་འཕེར་བའི་སྒོ་ནས་གསུས་ཤེལ་གྱིས་མཁྲིས་སྣོད་གཅོད་ལེན་དང་གསུས་ཤེལ་གྱིས་རྒྱུ་ལྷག་གཅོད་ལེན། སྐྱ་འགྲིབ་ཤ་སྐྱི་བཅད་ལེན་སོགས་གཤགས་བཅོས་སྤེལ་བར་རོགས་རམ་བྱས།
བོད་ལྗོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་གནད་འགག་ནི་རང་ས་གནས་སུ་གཞི་ཆགས་པའི་ཤེས་ལྡན་པ་སྐོར་ཞིག་སྐྱེ་སྲིང་བྱ་རྒྱུ་དེ་ཡིན། 2010ལོར། བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་དང་དུས་མཉམ་དུ་ཞིང་སྡེའི་མངག་ཐོའི་གནས་གཏན་ཁེལ་གྱི་རིན་མེད་གསོ་རིག་སློབ་མ་གསོ་སྦྱོང་བྱས། ལོ་ངོ་བཅུ་ལྷག་རིང་འབད་པ་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ཞིང་སྡེའི་མངག་ཐོའི་གནས་གཏན་ཁེལ་གྱི་རིན་མེད་གསོ་རིག་སློབ་མ་བསྡུ་བའི་གཞི་ཁྱོན་1880ལ་སླེབས་པ་དང་། དེའི་ནང་སློབ་མ་1260ལས་གནས་སུ་ཐོན་ཡོད་པ་དང་གཞན་གྱི་སློབ་མ་620སློབ་གྲྭར་སྐྱེ་སྲིང་བྱེད་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཚན་ཁག་ཡོངས་ཀྱི་སྨན་པའི་དཔུང་སྡེ་སྔར་ལས་ལྷག་པའི་སྒོ་ནས་ཆེ་རུ་བཏང་བ། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ལས་གཉེར་མཐོ་རིམ་སྨན་པ་2012ལོའི་མི་660ནས་2023ལོའི་2671བར་ཇེ་མང་དུ་ཕྱིན་ནས་ལྡབ་3.05འཕར་བ་དང་། ཆ་སྙོམས་ཤང་གྲོང་འཕྲོད་བསྟེན་ཁང་རེར་ལས་གཉེར་མཐོ་རིམ་སྨན་པ་3.96ཡོད། གཞན་ཡང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོར་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ནས། ཁག་བགོས་རིགས་དབྱེ་བྱས་ནས་ཞིང་སྡེའི་འཕྲོད་བསྟེན་ཁང་གི་ལས་ཐོག་མི་སྣ་5277ལ་གསོ་སྦྱོང་བྱས་པ་དང་། མིག་སྔར་ལྗོངས་ཡོངས་སུ་འཕྲོད་བསྟེན་མི་སྣ་ཁྲི་ལྷག་ཡོད།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་ལ་གཞི་རིམ་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔར། བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་1དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་6། རང་རྐྱ་འཕེར་བའི་རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་41བཅས་སྐྲུན་ཡོད་ལ། བོད་ལུགས་གསོ་རིག་ཀྱི་ནད་བརྟག་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་ཁྱབ་པའི་ཚད་སོ་སོར་94.4%དང་42.4%ལ་སླེབས་པ་དང་། ལོའི་ནད་བརྟག་མི་ཐེངས་ཁྲི་329ཟིན་པ། བོད་ལུགས་གསོ་རིག་ཀྱི་ཆེད་ལས་ལག་རྩལ་མི་སྣ་3800ལྷག་ལ་སླེབས་ཡོད།
གྲུམ་བུ་ཚིགས་ཆེན་གྱི་ནད་དང་ཐུམ་འབུའི་ནད། ལྷན་སྐྱེས་སྙིང་ནད་སོགས“འཛམ་གླིང་ཡང་རྩའི”རྒྱུན་འབྱུང་ནད་རིགས་འདི་དག་གིས་དུས་ཡུན་རིང་བོར་ས་གནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་གནོད་སྐྱོན་བཟོས་ནས། མི་རེའི་ཆ་སྙོམས་ཚེ་ཚད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཏུ་གྱུར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱིས་ས་གནས་ནད་གཞི་འགོག་བཅོས་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་ཤིང་། ཆུ་སྒྱུར་འབྲུ་བརྗེ་དང་ཡུལ་གཞན་དུ་མི་གསོ་སྐྱོང་། སྤོ་དམངས་གནས་སྤོ། བྱིས་པའི་འཚོ་བཅུད་ཁུག་མ་འགྲེམ་གཏོང་སོགས་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་བརྒྱུད། གྲུམ་བུ་ཚིགས་ཆེན་གྱི་ནད་འབྱུང་སླ་བའི་འཕེལ་ཕྱོགས་ལ་བཀག་སྡོམ་ནུས་ལྡན་བྱས་པ་དང་། 2018ལོའི་རྗེས་སུ་ནད་དཔེ་གསར་བ་ཞིག་ཀྱང་མ་བྱུང་།
སྔོན་ཆད། ཐུམ་འབུའི་ནད་ནི་གླེང་བ་ཙམ་གྱིས་དངངས་སྐྲག་སྐྱེས་པའི“འབུའི་སྐྲན་ནད”ཡིན། ལོ་མང་རིང་ཕྱོགས་བསྡུས་འགོག་བཅོས་བྱས་པ་བརྒྱུད། མི་ཚོགས་ལ་ནད་ཕོག་པའི་ཚད་2016ལོའི་1.66%ནས་ད་ལྟའི་0.24%དབར་མར་ཆག་ཡོད་པ་དང་། ཐུམ་འབུའི་ནད་ཀྱི་རིགས་དང་པོའི་རྫོང་དང་ཆུས་2016ལོའི་རྫོང(གྲོང་ཁྱེར་དང་ཆུས)74ནས་མིག་སྔར་གྱི་རྫོང(གྲོང་ཁྱེར་དང་ཆུས)3དབར་ཇེ་ཉུང་དུ་ཕྱིན་ཡོད།
ས་བབ་མཐོ་བ་དང་དབྱང་རླུང་དཀོན་པ། རླུང་གནོན་དམའ་བའི་ཁོར་ཡུག་འོག བོད་རང་སྐྱོང་ལྗོངས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་ཚད་ས་ཁུལ་གཞན་དག་ལས་མཐོ།“ནད་དཔེ་གཅིག་ཤེས་རྟོགས་བྱུང་ན་གཅིག་སྐྱོབ་བཅོས”ཀྱི་རྩ་དོན་གཞིར་བཟུང་། 2023ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ལོ་0ནས་18བར་གྱི་བྱིས་པ་127789གྲལ་བཤེར་བྱས་ཤིང་། ནད་ལྟ་ཐེངས་དང་པོའི་སྐབས་སུ་ལྷན་སྐྱེས་སྙིང་ནད་ཀྱི་དོགས་པ་ཡོད་པའི་ནད་པ་162གྲལ་བཤེར་བྱས་པ་མ་ཟད། ནད་གཞི་གཏན་ཁེལ་བྱས་པའི་བྱིས་པ་65གཤགས་བཅོས་བྱས་པ་རེད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཁྱིམ་ཚང་སྨན་ཁང་གི་གན་འཇོག་ཞབས་ཞུ་དང་གྲོང་མིའི་སྤྱི་བའི་འཕྲོད་བསྟེན་ཨུ་ལྷན་འཛུགས་སྐྲུན། དམངས་ཡོངས་ཀྱི་བདེ་ཐང་ལུས་བཤེར། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་སྐྱོབ་བཅོས། བདེ་ཐང་དབུལ་སྐྱོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་། མིག་སྔར། བོད་ལྗོངས་སུ་རིམ་པ་སོ་སོའི་གྲོང་ཁྱེར་དང་གྲོང་གསེབ་དུ་ཁེབས་པའི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་གྲུབ་ཡོད་པ་དང་། གཞི་རྩའི་སྨན་བཅོས་དང་ནད་རིགས་སྔོན་འགོག་ཚོད་འཛིན། མ་བུ་བདེ་སྲུང་། མྱུར་སྐྱོབ། སྐོར་ཞིབ་ནད་བརྟག་བཅས་ཀྱི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ཡོད། དེང་སྐབས་ཀྱི་བོད་ལྗོངས་སུ“ནད་ཆུང་མང་ཆེ་ཤོས་ཤང་དང་གྲོང་རྡལ་དུ་སྨན་བཅོས”ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད། །