༄༅།།སྟོབས་ཆེན་གླང་པོ་ཁྲག་འབར་གྱིས་བླངས་པའི་གླུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-22


གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །

   བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །

   མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །

   ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །

   རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །

   གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །

   གཟིམས་མེད་མར་མེ་ཚེ་འབར་མཁྱེན། །

   མཁྱེན་གཟིགས་གླུ་ལ་དཔལ་མགོན་མཛོད། །

   ང་སྟོབས་ཆེན་བསམ་དོན་འགྲུབ་པར་ཤོག །

   ས་འདིའི་ས་ངོ་མ་ཤེས་ན། །

   ཐང་དམར་པོ་བཞི་ལིང་གོང་བ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   གནམ་འཁོར་ལོ་རྩིབས་བརྒྱད་མར་ཞབས་ན། །

   ས་པདྨ་འདབ་བརྒྱད་ཡར་སྟེང་ན། །

   ཨ་ཆེན་ཧོར་གྱི་ས་ཆ་ན། །

   མི་སྟོབས་ཆེན་ཟེར་བ་གཅིག་ལས་མེད། །

   རྟ་འཛོམ་ཤེས་ཟེར་བ་གཅིག་ལས་མེད། །

   སྟག་གི་ཁ་སྤོར་མཉེད་མི་ཡིན། །

   གཟིག་གི་ཐིག་ལེ་བཀོག་མི་ཡིན། །

   དཔའ་རྟིང་མ་སུམ་སྟོང་ལུས་ལ་ཚང་། །

   ཕོ་ལོ་ཉི་ཤུ་རྩ་ལྔ་ཡིན། །

   སྟོང་རི་སྐྱིད་རྫོང་མཁར་ནང་ན། །

   རྨོག་གི་ཁྱུང་གཏོར་ཁྲ་འབར་ཡིན། །

   ཁྲབ་ཀྱི་སྐེད་བཟོ་ཁྲ་འབར་ཡིན། །

   རལ་གྲིའི་དཔའ་ལུང་ཁྲ་འབར་ཡིན། །

   སྡིག་པ་ར་ཙའི་སྲས་པོ་ཡིན། །

   སྡིག་གཅོད་ཤན་པའི་ཨ་ནུ་ཡིན། །

   རྩལ་ཆེན་སྤུན་གསུམ་ནུ་བོ་ཡིན། །

   ང་འདྲ་འཛམ་གླིང་ཧོར་ན་མེད། །

   གནམ་ས་གཉིས་ཀྱི་གཞུང་ཤིང་ལ། །

   དཔའ་ཆེ་ནས་དགུང་ལ་གྲགས་པ་དེ། །

   བདུད་ཡ་མེད་ཀླུ་བཙན་དཔོན་དང་གཅིག །

   རྒྱ་ལྷོ་ཁྲི་བུ་ཡི་སྟག་མིག་གཉིས། །

   ཧོར་སྟོབས་ཆེན་གླང་བོ་ཁྲ་འབར་གསུམ། །

   གླིང་འབུམ་པའི་རྒྱ་ཚ་ཞལ་དཀར་བཞི། །

   ཕོ་འདི་བཞིན་ཡན་ལ་གནམ་ལས་མེད། །

   དཔོན་པོ་གུར་དཀར་རྒྱལ་པོ་ལགས། །

   ཁྱོད་ཧོར་དམག་གླིང་ལ་ཆས་ལེ་འདི། །

   ཡིན་བསམ་ཧོར་དམག་ནང་ན་མེད། །

   ཧོར་ཕར་ཆས་དམག་གི་མགོ་མ་ལ། །

   དགྲ་སྒེར་ལང་ཇག་རྒྱུག་མགོ་མ་བྱུང་། །

   ཁེར་ཉིན་སྨུག་པོ་སྐྱ་གཅིག་བྱུང་། །

   རྟ་ཁྲ་ཁྱུ་ནོམ་ལ་དེད་ནས་སོང་། །

   ཕུ་བོ་སྡིག་གཅོད་རྨ་འབེབས་བྱས། །

   དེ་རྒྱབ་དཀར་པོ་སྐྱ་གཅིག་བྱུང་། །

   རྟ་ཁྲ་ཁྱུ་མང་པས་མི་ཚད་པའི། །

   སྟོང་ཤོམ་འབུམ་ཐུབ་མགོ་བྱས་ཀྱི། །

   མི་དེ་རྒོད་བརྒྱ་ཚོ་བཅུ་གཅིག་ཤོར། །

   དེ་རྗེས་ཝ་ཐུང་ཁེར་འགྲོས་བྱུང་། །

   གུར་དཀར་ཝ་མོ་ནང་མཐུན་བྱས། །

   རྙེད་ཀྱང་ཝ་མོའི་གྲོགས་པོ་རྙེད། །

   བློ་གཏད་ཝ་ཐུང་དཔོན་ལ་བྱས། །

   ཡོང་ཡང་ཝ་མོ་ག་ལེར་ཡོང་། །

   དེ་རིང་བུ་ཆུང་ཁེར་རྒྱུག་བྱུང་། །

   རྟ་ཁྲ་ཁྱུ་དེ་ཙམ་དེད་ནས་ཐལ། །

   ལྷ་རྟེན་རྔ་ཐུག་བྲེགས་ནས་ཐལ། །

   ཆུང་སྣང་ངུའི་ཁ་ཡ་མ་བྱུང་ན། །

   གླིང་དཔའ་བརྟུལ་འགྲན་ཡ་ཅི་ལ་ཡོང་། །

   འབྲུག་མོ་ནོམ་ལ་ཅི་འདྲ་ལེན། །

   ཨ་ཀྱང་མཚར་རྒྱུ་ཆེ་བ་ལ། །

   ཧོར་ཡ་རྩེ་མཁར་གྱི་གདན་སྟེང་ན། །

   ཨ་མགོ་མར་གྱིས་བརྒྱན་མི་ཚོ། །

   ཁོག་སྟོད་ལྷུག་ལྷུག་བྱེད་མི་ཚོ། །

   དེ་རིང་མེད་ལེ་ཅི་ཁོ་རེད། །

   བུ་ལོ་བཅུའི་ར་མདའ་སུ་ལ་བབས། །

   འགྲོ་ཟེར་ལེའི་ཁས་ལེན་ཡོད་ན་ལོངས། །

   ཡང་མིན་ན་སྟོབས་ཆེན་སོང་ཆོག་ཀྱང་། །

   གླིང་སྣང་ངུ་ལོ་བཅུས་ཇག་འགྲོ་ལ། །

   དཔའ་སྟོབས་ཆེན་ར་མདའ་ཆས་པ་དེ། །

   ཤིང་ཆུང་སྟེང་ལ་སྟ་རེ་འདྲ། །

   གཏམ་རྣ་བ་ཐུབ་ལེ་ཨེ་གདའ་ན། །

   བབས་བབས་ཐ་དད་བྱས་པས་ན། །

   ཁོ་ཡང་གླིང་རུའི་སྣང་ངུ་རེད། །

   ཧོར་གུར་དཀར་ཁྲི་བཙུན་མན་ཆད་ནས། །

   མགར་བའི་ཐོག་སེར་འབྲུག་རྒྱལ་ཡན། །

   ཧོར་དཔོན་ཆེན་མདུན་ན་སྣང་ངུ་མང་། །

   ཕོ་འདྲ་བསམ་ཡོད་ན་ར་མདའ་སོང་། །

   རང་ཁྱིམ་ནས་གཅེས་ན་དཔའ་མེད་རེད། །

   དཔའ་འདྲ་ཡང་གདོང་ལ་མ་ཕོད་ན། །

   མི་རེ་རེས་འདི་ཙམ་བྱས་པས་ན། །

   ཧོར་མི་མང་ངོ་མང་ཡོང་ངེས་ཡིན། །

   ཁོ་མི་ཆུང་གིས་དེ་ཙམ་ནུས་ལུགས་ལ། །

   གླིང་དཔའ་བརྟུལ་གཞན་ཚོས་ཅི་བྱེད་ཤེས། །

   ཡང་མིན་ན་རྟ་ཁྲ་བསྐུར་ལ་ཐོངས། །

   དམག་ཁྲ་བོ་ཕྱིར་རྗེས་ཧོར་ལ་འགྲོ། །

   ཁ་ཁ་སོ་སོ་སྡོད་རྒྱུ་གྱིས། །

   དེ་མིན་གླིང་ལ་འགྲོ་བསམས་ན། །

   རྟ་ཁྲ་ཁྱུ་ར་མདའ་རྫོངས་དང་དགའ། །

   དེད་དེད་ངང་ལ་གཏོང་སྲིད་ན། །

   ཧོར་ལས་དམག་འབུམ་ཚོ་བཅུ་གཉིས་དེ། །

   ཤར་གླིང་སླེབས་ལོང་ཡོང་ལེ་མེད། །

   མི་ཟད་རྟིང་མ་མཐོང་ངེས་ཡིན། །

   རྟ་ཟད་རྐང་ཟད་མཐོང་ལེ་ཡོད། །

   ཟོག་ཟད་སྤྲང་པོ་མཐོང་ངེས་ཡིན། །

   དཔོན་གུར་དཀར་གྱིས་ཁྱོད་སོང་ཚིག་གཅིག་མེད། །

   ཧོར་ཤན་པ་རྣམས་ང་འགྲོ་ཚིག་གཅིག་མེད། །

   ལས་ཅི་རེད་ཨེ་ཤེས་ཧོར་རུའི་སྡེ། །

   གོ་ཕུག་གི་གཅེས་རྩེད་སུས་ཀྱང་ཡོད། །

   དཔའ་འདྲ་མཉམ་གདོང་ལ་ལངས་ཡོད་ན། །

   སྣང་ངུའི་ནང་ནས་སྣང་རྒོད་ཡིན། །

   ཕ་ཨ་ཁུའི་ཉམས་ལ་མ་ཕན་ན། །

   བུ་སྣང་ངུ་མང་བས་ཕན་པ་མེད། །

   འགྲོ་བསམས་ན་སྣང་ངུ་སུ་ཡང་སོང་། །

   བདེན་ཨེ་བསམ་གུར་དཀར་རྒྱལ་པོ་ལགས། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1