༄༅།།གོར་མོ་བང་སོ་ལས་ཐོན་པའི་དུར་སྒམ་ཤིང་ལེབ་ཀྱི་རི་མོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 04-23


     མཚོ་སྔོན་གྱིས་གོར་མོ་བང་སོ་ལས་ཐོན་པའི་དུར་སྒམ་ཤིང་ལེབ་ཀྱི་རི་མོ་ཞིག་གསོ་བྱས་ཏེ་ཐང་རྒྱལ་རབས་ཀྱི་ལག་ཤེས་སྒྱུ་རྩལ་གྱི་ཆུ་ཚད་བསྐྱར་མངོན་བྱས། གསར་འགོད་པས་ཚེས23ཉིན་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་གླིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཞིབ་འཇུག་གླིང་འདིར་ཉར་ཚགས་བྱས་ཡོད་པའི་དུར་སྒམ་ཤིང་ལེབ་སྟེང་གི་རི་མོ་སྲུང་སྐྱོབ་ཉམས་གསོའི་ལས་གཞི་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས། སྲུང་སྐྱོབ་ཉམས་གསོ་བྱས་རྗེས་ཀྱི་དུར་སྒམ་ཤིང་ལེབ་ཀྱི་རི་མོ་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པར་མ་ཟད། ཚད་མཐོ་བའི་སྒོ་ནས་དུར་སྒམ་ཤིང་ལེབ་ཀྱི་ཐོག་མའི་རྣམ་པ་དང་རི་མོ་སླར་གསོ་བྱས་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྲུང་སྐྱོབ་ཉམས་གསོའི་ལས་གཞིའི་རི་མོ་ཅན་གྱི་དུར་སྒམ་ཤིང་ལེབ5མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གོར་མོ་བང་སོ་ལས་ཐོན་པ་ཡིན་ལ། རི་མོའི་ངོས་ཀྱི་ནང་དོན་ནི་བོད་བཙན་པོའི་སྐབས་ཀྱི་སྐུ་དྲག་གི་འདས་མཆོད་བྱེད་ལུགས་རེད། ནང་དོན་ཕུན་སུམ་ཚོགས་ཤིང་རི་མོ་ཞིབ་ཚགས་ལྡན་པ་དང་ཚོན་མདངས་རྣམ་པར་བཀྲ་བས། འདི་ནི་བོད་བཙན་པོའི་དུས་སྐབས་ཀྱི་མཛེས་རྩལ་གནའ་རྫས་ཤུལ་ཉར་བྱས་པ་ཆེས་གཅིག་བསྡུས་ཆེ་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་གསར་རྙེད་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན།

བསྐྱར་བཟོ་བྱས་རྗེས་ཀྱི་དུར་སྒམ་ཤིང་ལེབ་སྟེང་གི་རི་མོ། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་གླིང་གིས་མཁོ་འདོན་བྱས།

   འདྲ་བཤུས་བྱས་རྗེས་ཀྱི་རི་མོ་ཧ་ཅང་གསལ་ལ། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གང་ལེགས་སྒོས་མངོན་ཡོད་པས། དེས་མཚོ་སྔོན་དར་གོས་ཚོང་ལམ་གྱི་རིག་གནས་མཉམ་འདྲེས་གཤིབ་བསྡུར་གྱི་འཕེལ་རིམ་དང་། ཤེས་རིག་གི་ཁྱབ་སྤེལ་རྣམ་པ་སོགས་ལ་ངོས་འཛིན་བྱེད་པར་དངོས་པོའི་བདེན་དཔང་མཁོ་འདོན་བྱས་ཡོད།  ལས་གཞི་འདི་ནི2020ལོར་ཇུས་གཞི་དཔྱད་ཞིབ་ལེགས་འགྲུབ་བྱུང་སྟེ2021ལོར་ལས་མགོ་ཚུགས་པ་དང་ལག་བསྟར་དུས་ཡུན་ལོ་གཉིས་ཡིན། ལས་གཞི་འདིར་རིག་ཚན་མང་པོའི་བྱེད་ཐབས་སྤྱད་དེ། དབྱེ་ཞིབ་དང་ཞིབ་དཔྱད་ཀྱི་ལས་ཀ་དེ་སྲུང་སྐྱོབ་ཉམས་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཤིང་། བརྟན་བཟོའི་གོ་རིམ་ཁྲོད་ཀྱི་ལག་རྩལ་གྱི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། ཐན་སྐམ་ས་ཁུལ་གྱི་ཤིང་རྒྱུའི་རིག་དངོས་ཀྱི་དབྱིབས་ཡོ་བསྲང་བྱེད་པའི་ཐད་ཉམས་མྱོང་བསགས་པར་མ་ཟད། དུར་སྒམ་ཤིང་ལེབ་སྟེང་གི་རི་མོའི་བཟོ་རྩལ་ཡང་གསལ་བོར་མཐོང་ཐུབ་པ་བཟོས།

དུར་སྒམ་ཤིང་ལེབ་ཀྱི་རི་མོའི་འདྲ་བཤུས་པར་རིས།  མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་གླིང་གིས་མཁོ་འདོན་བྱས།

           ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། ཨང་ཀི་ཅན་གྱི་གསལ་ཚད་མཐོ་བའི་པར་རིས་གཞི་གྲངས་འཚོལ་སྡུད་དང་དམར་ཕྱིའི་འོད་ཀྱི་བརྙན་རིས་ལག་རྩལ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། རི་མོའི་ངོས་ཀྱི་ནང་དོན་ལ1:1གི་བསྡུར་ཚད་ལྟར་གནད་ཁེལ་བསྐྱར་མཚོན་བྱས་ཤིང་། རི་མོ་སྤྱིའི་གནས་ཚུལ་ལ་གཞི་བཅོལ་ཏེ་གསལ་བོ་མིན་པའི་ཆ་ཤས་དག་ཀྱང་སླར་གསོ་བྱས་པས། གསལ་ལ་མི་གསལ་བའི་རི་མོ་དག་གི་ཐོག་མའི་རྣམ་པ་བསྐྱར་མངོན་ཐུབ་པ་བྱུང་སྟེ། ཐང་རྒྱལ་རབས་ཀྱི་ལག་ཤེས་པའི་ཚད་མཐོའི་སྒྱུ་རྩལ་གྱི་ཆུ་ཚད་གང་ལེགས་སྒོས་མངོན་པར་མ་ཟད། རྩ་ཆེ་བའི་རིག་དངོས་ཀྱི་ཆ་འཕྲིན་ཡང་འཐུས་ཚང་ངང་ཉར་ཚགས་ཐུབ་པ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1