༄༅།།དགུན་དུས་ཀྱི་མཚོ་སྔོན་པོའི་སྒེག་ཉམས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 05-07


ཏག་ཏག་གྲང་ངར་ཆེ་བའི་དགུན་ཁར་ཁེལ་ཡོད་པས། མཚོ་སྔོན་པོ་ནི་ལོ་གཅིག་གི་དར་ཆགས་དུས་ཚིགས་སུ་སླེབས་ཡོད། གལ་ཏེ་དབྱར་དུས་ཀྱི་མཚོ་སྔོན་པོ་ནི་མི་ཚང་མས་ཡིད་སྨོན་འཆོར་སའི་མཐོ་སྒང་གི་མུ་ཏིག་ལྟ་བུ་ཞིག་ཡིན་ན། དགུན་དུས་ཀྱི་མཚོ་སྔོན་པོ་ནི་ཐང་སྟོང་གི་ངོ་མཚར་ཆེ་བའི་ནོར་བུ་ཞིག་རེད་ཅེས་བཤད་ཆོག

 མི་མེད་གནམ་གྲུའི་བརྙན་མིག་ནས་ཐུར་དུ་བལྟས་ཚེ། མཚོ་ངོས་ནི་གནམ་སའི་བར་མཚམས་སུ་མངོན་པར་སྤྲས་པའི་གཡུ་ཡི་སྐ་རགས་ཤིག་དང་འདྲ་བར། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ལ། གཞན་དང་མི་འདྲ་བའི་སྒེག་ཉམས་མངོན་ཡོད། ད་ལོའི་དགུན་ཁར་དྲོད་ཚད་ཅུང་མཐོ་བའི་རྐྱེན་གྱིས། མཚོ་སྙིང་ད་དུང་འཁྱགས་པས་ཡོངས་སུ་བསྡམས་མེད་ལ། མཚོ་ངོས་སུ་སྔོ་ཞིང་དྭངས་པའི་ནམ་མཁའ་ལྡོག་འཕྲོ་བྱས་པས་མཚོ་མོ་དང་ནམ་མཁའ་གཞི་གཅིག་ཏུ་འདྲེས། འཁྱགས་པས་བསྡམས་པའི་མཚོ་ངོས་སུ་མཚར་ཉམས་མངོན་ཞིང་། མཚོ་འགྲམ་དུ་རླུང་བུས་ཁུར་ནས་ཕྱོགས་གཅིག་ཏུ་སྤུངས་པའི་འཁྱག་རོམ་རྡོག་པོ་དྭངས་ཤིང་གསལ། ཉི་མ་ནུབ་ཁར། མཚོ་ངོས་ནི་ཉི་ནུབ་ཀྱི་འོད་ཟེར་ཁྲོད་རི་མོ་ལྟར་མཛེས་ལ་ལྟ་བས་མི་ངོམ།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་དེ་ཡིན་ལ་རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་དེའང་ཡིན། རང་བྱུང་ཁམས་ཀྱིས་མཚོ་བོད་མཐོ་སྒང་དུ་གནང་བའི་རིན་བྲལ་གྱི་མེ་ལོང་ཞིག་ཡིན་པའི་ངོས་ནས་དེ་ལ་ཚོན་མདངས་རྣམ་པར་བཀྲ་འདུག དུས་ཚིགས་དང་གནས། ཟུར་ཚད་མི་འདྲ་བ་བཅས་ཀྱི་སྟེང་ནས་ཐུན་མོང་མ་ཡིན་པའི་མཛེས་སྣང་སྟེར།

དགུན་དུས་ཀྱི་མཚོ་སྔོན་པོ་ནི་རིམ་བཞིན་འཁྱགས་པས་བསྡམས་མགོ་ཚུགས་ཤིང་། ཆུ་ཤེལ་གྱི་ཟེགས་མ་འཕྱོ་མཚམས་བཞག་པ་དང་བསྟུན་ནས།   ཆུ་ནང་གི་ལྷ་མོ་རུ་འབོད་པའི་ངང་དཀར་དང་། འཁྱགས་རོམ་གྱི་ངོས་སུ་བབས་པའི་ཆུ་སྐྱར་གྱིས་དོན་སྙིང་གཞན་ཞིག་གི་ངོས་ནས་སྐྱེ་སྟོབས་ཀྱི་དཔལ་ངོམ་བཞིན་མཆིས།

དགུན་དུས་ཀྱི་མཚོ་སྔོན་པོ་ནི་ལེ་དབར་སྟོང་དུ་བརྐྱངས་པའི་གཡུ་མཚོ་ཞིག་ཡིན། མཚོ་ངོས་ནི་དྭངས་གསལ་གྱི་མེ་ལོང་ཞིག་དང་འདྲ་ཞིང་། མཚོའི་ཉེ་འཁོར་ནི་གསེར་མདོག་གི་རྩྭ་ས་ཡིན་ལ། རྒྱང་རིང་ནི་དབུ་རྩེ་སྤྲིན་རིམ་དུ་ཟུག་པའི་གངས་རི་ཡིན་ཞིང་། དགོ་དམར་མང་པོས་བག་ཕེབས་ངང་གཟན་ལ་སྙེག་བཞིན་ཡོད་པས། མཐོ་སྒང་གི་དགུན་དུས་ཀྱི་མཛེས་རིས་ཤིག་ལྷུན་གྱིས་གྲུབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1