སྤྱི་ཟླ་5པའི་ཚེས་13ཉིན། ཁྱད་དུ་འཕགས་པའི་རྔ་བའི་ཤུལ་བཞག་རིག་གནས་ཞེས་རྔ་བ་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་འཁྲབ་སྟོན་གཟའ་འཁོར་དང་རྔ་བ་ཁུལ་རྒྱལ་ཁབ་རིམ་པའི་ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འགྲེམ་སྟོན་སྤེལ་རེས་བྱེད་སྒོའི་ཉིན་གསུམ་པ་ཁོན་ཀྲེ་ཁྲོམ་སྲང་དུ་སྤེལ། མཛོད་དགེ་རྫོང་འགྲེམ་སྟོན་ཁུལ་གྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྡོད་དམངས་དང་ཡུལ་སྐོར་པར་སི་ཁྲོན་ནུབ་བྱང་གི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལེགས་པར་ངོམ་བཞིན། ཚང་མ་མཛོད་དགེ་མཐོང་བ་ཀུན་སྨོན་གྱི་པང་དུ་ཁྲིད།
དེ་གར་བཤམས་པའི་ལག་ཤེས་ཐོན་རྫས་ལས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལེགས་པར་ངོམ། དེའི་ཁྱད་ཆོས་ལྡན་པའི་རྒྱན་རིས་ལས་བོད་དང་ཆའང་རིགས་ཀྱི་རིག་གནས་ཉམས་འགྱུར་ལེགས་པར་མངོན། མཛོད་དགེའི་ས་ཁམས་གནས་ཡུལ་དང་ཁོར་ཡུག་གི་དགེ་མཚན་ལས་ས་གནས་དེར་འདེབས་འཛུགས་ལས་སྣོན་བྱས་པའི་སྨན་རྒྱུ་དང་དྲི་ཞིམ་རྫས་ལ་རིན་ཐང་ཆེན་པོ་ལྡན། འགྲེམ་སྟོན་ཁུལ་དུ་མི་མང་པོར་རིན་ཐང་ཆེ་བའི་སྨན་རྒྱུར་རྒྱུས་ལོན་ཡོད་པར་བྱས་ཏེ་བདེན་རྫུན་ལ་དབྱེ་བ་འབྱེད་པར་སྐུལ་ཁྲིད་བྱས། གཞན་མཛོད་དགེ་འགྲེམ་ཁུལ་དུ་བོད་རིགས་ཀྱི་རས་སྦྱར་གདོང་འབག་བཤམས་ཡོད། དེའི་བཟོ་རྩལ་དང་ཁྱད་ཆོས་མཚམས་སྦྱོར་བྱས་ཏེ། ཚང་མར་བོད་ཀྱི་ཟློས་གསར་འཁྲབ་སྟོན་གྱི་ཁྱད་ཆོས་ལྡན་པའི་གདོང་འབག་ལེགས་པར་བསྟན།
ཆུ་ཚོད་10ལ་སླེབས་པ་དང་བསྟུན་ནས། བརྙན་ཡོལ་ཆེན་མོར་མཛོད་དགེའི་མཛེས་ལྗོངས་དང་སྲོག་ཆགས། ཡུལ་སྲོལ་བཅས་རེ་རེ་བཞིན་འཆར་དུ་བཅུག མི་རིགས་ཀྱི་རྒྱན་གོས་གོན་པའི་བྲོ་བ་རྣམས་ཀྱིས་གར་གྱི་སྟངས་སྟབས་ལེགས་པར་ངོམ་བཞིན་མཛོད་དགེའི་ཆེད་གཏོགས་འཁྲབ་སྟོན་དངོས་སུ་འགོ་ཚུགས། 《མཛོད་དགེ་འཛམ་གླིང་ལ་ངོམ།》ཞེས་པའི་གཞས་གདངས་བརྒྱུད་བརྙན་ཡོལ་ངོས་ལ་མཛེད་དགེའི་མཛེས་ལྗོངས་དང་མཛོད་དགེ་འཛམ་གླིང་ལ་ངོམ་ཞེས་པའི་དར་ཆ་བཟུང་བའི་ཕྱི་རོལ་དྲིལ་བསྒྲགས་བརྙན་ཐུང་བསྟན། འཛམ་གླིང་གི་མཐོང་ལམ་ཁྲེང་ཏུའུ་རུ་ཕྱོགས་པ་དང་། མཛོད་དགེ་ཡིས་ཁོན་ཀྲེ་ཁྲོམ་སྲང་ནས་དྲིལ་བསྒྲགས་འོས་སྦྱོར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། མཛོད་དགེ་རྫོང་གི་རིག་གནས་ཡུལ་སྐོར་འོས་སྦྱོར་འགན་འཛིན་གྱིས་ས་གནས་ཀྱི་ལྟད་མོར་བར་མཚམས་སྦྱོར་བྱས་པ་བརྒྱུད་མཚོ་ཁྲ་དང་རྨ་ཁུགས་དང་པོའི་སྒོ་བྱང་སྤྲད། ཚ་བ་ཆེ་རུང་ས་གནས་མང་ཚོགས་ཀྱི་སྤྲོ་སེམས་ཇེ་ཆེར་ཕྱིན།
སི་ཁྲོན་ནུབ་བྱང་གི་ཡུལ་སྲོལ་ལས་ཁྱད་ཆོས་ལྡན་པའི་རྡུང་ལེན་དང་གླུ་གཞས་ཐོན་པས། ས་གནས་དེ་གའི་གསར་བུ་གསར་མོ་ཚོས་སི་ཁྲོད་ནུབ་བྱང་གི་རྐྱང་གཞས་དང་སྒྲ་སྙན་རྡུང་ལེན《རྨ་ཁུག་རྟ་མཆོག》དཀྲོལ་ནས་ཀུན་གྱི་ཡིད་དབང་བཀུག །ཡུལ་དངོས་ལྟད་མོ་བར་མཛོད་དགེའི་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་དང་སྲོག་ཆགས། མི་ཚོགས་བཅས་མདུན་དུ་ཡོད་པའི་ཚོར་སྣང་སྐྱེ་རུ་བཅུག ། སི་ཁྲོན་ནུབ་བྱང་གི་གླུ་གཞས་གླེང་སྐབས་ང་ཚོས་ཨ་རྩེ་ངེས་པར་དུ་གླེང་དགོས། དེ་ནི་མཛོད་དགེ་རྫོང་ཐེ་བོ་ས་ཁུལ་གྱི་ཐུན་མིན་སྒྱུ་རྩལ་མཚོན་སྟངས་ཤིག །སྤྱིར་བཏང་གི་གླུ་གཞས་དང་ཞབས་བྲོའི་རྣམ་པར་མི་འདྲ་བ་སྟེ། སྟངས་སྟངས་མཛེས་ལ་གཞས་གདངས་དལ། བལྟས་པ་ཙམ་གྱིས་སླ་བར་འདོད་ཀྱང་དེ་ལ་ཐུན་མིན་གྱི་འཁྲལ་རྩ་ཡོད།
མཛོད་དགེ་རྫོང་གི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཁྲོད་བོད་ཀྱི་ཟློས་གར་ནི་མེད་དུ་མི་རུང་བའི་ཆ་ཤས་ཤིག །རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཡིན་པའི་ཆ་ནས། བོད་ཀྱི་ཟློས་གར་དུ་ས་གནས་ཀྱི་མི་དམངས་ཀྱི་གཏམ་རྒྱུད་བཀོད་ཡོད། མཛོད་དགེ་རྫོང་བོད་ཀྱི་ཟློས་གར་ཚོགས་པས་ཀྱང་ལྟད་མོ་བར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་བོད་ཀྱི་ཟློས་གར《སྲོང་བཙན་སྒམ་པོ》འཁྲབ་སྟོན་བྱས།
བྱེད་སྒོའི་མཇུག་ཏུ་མཛོད་དགེའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་སྐོར་བྲོ་འཁྲབ་སྟོན་བྱས། ཉེ་བའི་ལོ་ཤས་རིང་སྐོར་བྲོར་མང་ཚོགས་དགའ་བསུ་ཐོབ་པ་དང་བསྟུན་ནས། སྐོར་བྲོར་རྒྱུན་འཛིན་བྱེད་མཁན་དང་དགའ་པོ་བྱུང་མཁན་ཇེ་མང་དུ་ཕྱིན། སྐོར་བྲོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་བརྒྱུད་ཡུལ་དངོས་འཁྲུག་ཆ་དོད་པར་གྱུར།
མཛོད་དགེ་རྩྭ་ཐང་མཛེས་ཤིང་ལྟ་ན་སྡུག །སི་ཁྲོན་ནུབ་བྱང་གི་ཐུན་མིན་མཛེས་ལྗོངས་དང་གནའ་སྲོལ་གྱི་ཉམས་དོད་པའི་ཁོན་ཀྲེ་ཁྲོམ་སྲང་མཉམ་དུ་འདྲེས་པ་ལས། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྡོད་དམངས་དང་ཡུལ་སྐོར་བར་དངོས་སུ་སི་ཁྲོན་ནུབ་བྱང་གི་ཡུལ་སྲོལ་རིག་གནས་ཉམས་ལེན་བྱེད་དུ་བཅུག །ཤུལ་བཞག་རིག་གནས་ལ་བལྟ་ཐུབ་པ་དང་ཉན་ཐུབ་པ། རྩེད་ཐུབ་པ། ལོངས་སྤྱོད་བཅས་བྱེད་ཐུབ་ཏུ་བཅུག རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ཟླ་5པའི་ཚེས་16ཉིན་བར་སྤེལ་རྒྱུ་རེད། གྲོང་མི་རྣམས་ཁོན་ཀྲེ་ཁྲོམ་སྲང་ལ་རྔ་བ་ཁུལ་མཛེད་དགེ་རྫོང་གི་ཤུལ་བཞག་རིག་གནས་ཉམས་ལེན་ལ་ཕེབས་པར་དགའ་བསུ་ཞུ། །