སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད།
རྒྱ་ཆེའི་དགེ་སློབ་དང་འབྲེལ་ཡོད་སྡེ་ཚན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཐོག རྣམ་པ་གསར་པ་དང་བྱེད་ཐབས་གསར་པའི་ཐོག་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་ཐུབ་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་སྟེང་དུ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གོང་འཕེལ་གཏོང་བའི་ཁོར་ཡུག་དང་སྤྱི་ཡོངས་ཀྱི་སྐྱེ་ཁམས་ལ་གནས་བབ་ཧྲིལ་པོའི་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་མཛུབ་སྟོན་གནང་བའི་ནང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བས། ཚང་མར་སྐུལ་མ་ཆེན་པོ་ཐེབས་ཡོད། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག ནུབ་བྱང་བཟོ་ལས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་འགོ་འཛིན་ཡང་ཡུན་ཞ་ཡིས་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གསན་པ་རེད། ཡང་ཡུན་ཞ་ཡིས། རང་ཉིད་ནུབ་རྒྱུད་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་མཁན་དགེ་རྒན་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ཚོགས་ཆེན་གྱི་ནང་དོན་ཧྲིལ་པོར་ཉན་པའི་རྗེས་སེམས་ཤུགས་རབ་ཏུ་འཕེལ་བྱུང་། རྒྱལ་སྲུང་གི་ཁྱད་ལྡན་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་མཁན་དགེ་རྒན་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་མུ་མཐུད“སྤྱི་ཁྱབ་དགེ་རྒན་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་རིག་གནས”དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་མཆོག་ནོར་བཟོ་སྐྲུན་དང་རྒྱལ་ཁབ་ཀྱི་རྐང་འཛིན་གསོ་སྐྱོང་བྱེད་པའི་འགན་འཁྲིའི་ཐོག་ནས་རྒྱལ་ཁབ་ཀྱི་དོན་ཆེན་ཆེད་དུ་བསམ་བློ་ཆབ་སྲིད་སློབ་ཚན་ལེགས་པར་འཁྲིད་རྒྱུ་ཡིན་ཞེས་གསུངས་ཡོད།
གཞོན་སྐྱེས་སློབ་མ་ཞིག་ཡིན་པའི་ངོས་ནས། ཧྥུ་ཏན་སློབ་ཆེན་གྱི་སློབ་མ་ཞུས་ཐན་ཧའོ་ལ་ཉེ་བའི་ལོ་ཤས་རིང་བསམ་བློ་ཆབ་སྲིད་སློབ་ཚན་ཐད་གསར་གཏོད་གོང་འཕེལ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཞུས་ཐན་ཧའོ་ཡིས། བསམ་བློ་ཆབ་སྲིད་སློབ་ཚན་སློབ་སྦྱོང་བྱས་པ་བརྒྱུད་ཚན་རིག་ཞིབ་འཇུག་གིས་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་དེ། གཅིག་ནས་རང་རྒྱལ་གྱི་ལག་རྩལ་གསར་གཏོད་དང་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་ཤུགས་ཆེན་ཐུབ་ཡོད་ལ། གཉིས་ནས་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ཐད་ངེས་ཤེས་ཐུབ་བྱུང་ཞེས་བརྗོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས། ངེས་པར་དུ་རྣམ་པ་གསར་པ་དང་བྱེད་ཐབས་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད། ཞིབ་ཕྲའི་བླང་བྱ་རབ་དང་རིམ་པས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ནན་ཁའེ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་ཧྥུ་ཧུང་གིས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སློབ་མཚམས་མི་འདྲ་བའི་སློབ་མའི་བསམ་བློའི་ཆུ་ཚད་དང་སློབ་སྦྱོང་གི་གོམས་གཤིས་དང་འཚམ་པའི་བྱེད་ཐབས་སྤྱད་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་སློབ་མར་སློབ་གསོ་རྒྱག་པ་དང་། སློབ་མ་རྣམས་ནས་རང་འགུལ་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཁྲོད་ཟབ་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་གསུངས་ཡོད།
ཧུའུ་ནན་དགེ་འོས་སློབ་གླིང་དང་པོའི་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་སྦྱོང་མཁན་སློབ་མ་ཁྲེན་ཤའོ་ཤའོ་ཡིས། ང་ཚོ་དགེ་འོས་སློབ་གླིང་དང་པོའི་སློབ་མ་མང་ཆེ་བ་དགེ་འོས་སློབ་མ་ཡིན་པས། དེ་བས་ཀྱང་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་སློབ་གསོའི་དོན་གཉེར་བྱ་ཡུལ་དུ་བརྩི་དགོས་པ་དང་། སླད་ཕྱིན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་བསམ་བློ་ཆབ་སྲིད་སློབ་ཚན་སློབ་ཁྲིད་ཡག་པོ་བྱས་ཏེ། ཕྲུ་གུ་ཚོར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཡག་པོ་རྒྱག་པ་དང་། ཁོང་ཚོར་མི་ཚེའི་སྒྲོག་གུ་དང་པོ་དེ་ཡག་པོ་རྒྱག་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་བརྗོད་པ་རེད།
ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་རང་འཁྲིའི་ལས་ཀར་གཞི་ཚུགས་ཐོག གཙོ་འགན་འཁུར་ཏེ་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས། ཏང་ཐུགས་བློ་བདེ་པོ་ཡོང་བ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་ཐུབ་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བསྟན་འདུག ནང་སོག་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་རགས་བཤད་སློབ་ཞིབ་ཁང་གི་ཀྲུའུ་རེན་ཏའེ་ཧུང་ལི་ཡིས། ང་ཚོས་འཐབ་ཕྱོགས་དང་པོར་སློབ་ཁྲིད་བྱེད་རིང་། སློབ་མར་བདག་གཞན་མཉམ་བརྗེ་དང་། ཁྲེལ་གྲགས་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་མཉམ་མྱོང་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་ཟམ་མི་ཆད་པར་བྱེད་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་འདེད་དེ་གདེང་ཚོད་ཆེན་པོས་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
སློབ་གསོ་པུའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན། ཝུའུ་ཧན་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧྲེན་ཀྲོང་ཧའེ་ཡིས། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་འགན་འཁྲི་ཆད་ལུས་མེད་པར་འཁུར་རྒྱུ་དེ་ནི་སློབ་གྲྭའི་ཏང་ཨུད་ཀྱིས་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་དང་། ཏང་དང་མི་དམངས་ལ་འགན་འཁུར་བ། ལོ་རྒྱུས་ལ་འགན་འཁུར་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་མཁན་དགེ་རྒན་གྱིས་མངག་བཅོལ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བར་ལེགས་པར་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ཀྱང་ཡིན། ང་རང་ནས་འགན་འཁྲི་རྟོགས་ཤིང་སྒྲུབ་པ་དང་དྲང་སྲུང་གསར་གཏོད་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འགག་རྩའི་སློབ་ཚན་འཛུགས་སྐྱོང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། །