སྤྱི་ཟླ་5པའི་ཚེས་16ཉིན་གྱི་སྔ་དྲོར། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》ཡི་དཔེ་སྦྱིན་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་ལས་ཁུངས་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་53ལ《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》ཡི་མུ་འབྲེལ་དཔེ་དེབ་ཆ་ཚང་100ཞལ་འདེབས་སུ་ཕུལ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལི་ཏེ་ཁྲེང་དང་། སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུའི་བོད་འབྲེལ་གཞུང་ལས་ཁང་གི་ཆེད་དོན་ཀྲུའུ་རེན་གཞོན་པ་སུང་ཡུང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》རྣམ་གྲངས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། ཞིབ་འཇུག་པ་བསམ་གཏན་ཚེ་རིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། རྩོམ་ཞུས་པ་ཚངས་པོ་བཅས་མཛད་སྒོར་ཞུགས།
《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་གི་གཙོ་གནད་རིག་གནས་རྣམ་གྲངས་ཤིག་དང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་རྣམ་གྲངས་ཆེན་པོ་ཞིག་རེད།
དེའི་ནང་དོན་ཐད་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག །རྩོམ་རིག་སྒྱུ་རྩལ། རང་བྱུང་ཚན་རིག །བཟོ་སྐྲུན་ལག་རྩལ་སོགས་ཀྱི་རིག་གཞུང་ཚན་ཁག་དང་ཤེས་བྱའི་ཁྱབ་ཁོངས་66འདུས་ཡོད་ཅིང་། ཆེས་དབང་གྲགས་ལྡན་པ་དང་། ཆེས་ཆ་ཚང་བ། བོད་ཀྱི་བཅུ་ཕྲག་རིག་པའི་སྙིང་བཅུད་ཀྱི་ནང་དོན་མཚོན་ཐུབ་པའི་ཡིག་ཆ་ཕྱོགས་བསྒྲིགས་ཤིག་རེད།
རྣམ་གྲངས་སྤེལ་འགོ་ཚུགས་ཚུན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། ཞིབ་འཇུག་དང་གདམ་གསེས་ཡང་ཡང་བྱས་མཐར། 《ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ།》དང་《པཎ་ཆེན་སྐུན་ཕྲེང་རིམ་བྱོན་གྱི་གསུང་འབུམ།》《ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།》སོགས་རྣམ་གྲངས་37གྱི་པོ་ཏི་1100ལྷག་ཙམ་གྱི་རྩོམ་བསྡུས་ལེགས་སྒྲིག་དང་པར་སྐྲུན་བྱ་རྒྱུའི་ལས་འགན་གཏན་འཁེལ་བྱས་པ་རེད། མིག་སྔའི་བར། 《པཎ་ཆེན་སྐུན་ཕྲེང་རིམ་བྱོན་གྱི་གསུང་འབུམ།》དང་《གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་གཅེས་བསྡུས།》སོགས་གསུང་འབུམ་12ཀྱི་བམ་པོ་201པར་སྐྲུན་བྱས་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་འདུག
ཐེངས་འདིའི་དཔེ་སྦྱིན་གྱི་དམིགས་ཡུལ་ནི་ཁ་ཐོར་ཉར་ཚགས་དང་དོ་དམ་བྱས་པའི་བོད་ཡིག་གནའ་དཔེ་དག་སྔར་ལས་མང་བའི་ཀློག་པ་པོར་ལྟ་ཀློག་དང་བེད་སྤྱོད། ཞིབ་འཇུག་བྱ་རྒྱུར་སྤྲད་དེ་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། དེ་བཞིན《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ།》ཞེས་པའི་ལས་སྟེགས་དེར་བརྟེན་ནས་ས་གནས་ཁག་གི་བོད་ཡིག་གནའ་དཔེའི་ཐོན་ཁུངས་གྲངས་གཞི་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཡུན་རིང་ཟུར་དུ་བཞག་པའི་གནའ་དཔེར་གསོན་ཤུགས་བསྩལ་ནས། འཚོ་བའི་ནང་དངོས་འབྲེལ་འདྲེས་ཐུབ་པ་དང་སྤྱི་ཚོགས་ཐོག་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། །