སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཚོ་ཁག་དང་། གྲོང་ཚོ། གྲོང་རྡལ་སོགས་ཡུལ་བྱེ་བྲག་པ་དང་མི་རིགས་བྱེ་བྲག་པ་སོགས་སུ་གྲུབ་པའི་མིའི་རིགས་ཀྱི་སྤྱི་ཚོགས་སྟེང་མི་ཚོགས་ཀྱི་གཅིག་འདུས་ཕུང་པོ་སྣ་ཚོགས་བྱུང་བ་དང་དམངས་སྲོལ་རིག་གནས་ཀྱང་དེའི་མུར་གསར་གཏོད་དང་འཐུས་ཚང་། བརྒྱུད་སྤེལ་དང་སྲུང་སྐྱོང་བྱེད་ཐུབ་པ་བྱུང་བས་མིའི་རིགས་ཀྱི་སྤྱི་ཚོགས་སྟེང་དམངས་སྲོལ་རིག་གནས་དང་མིས་བཟོས་བྱ་དངོས་རྣམ་པ་མང་ལ་ཕུན་སུམ་ཚོགས་པ་དག་བྱུང་བ་རེད། དེ་ལས་དམངས་སྲོལ་ནི་མི་རིགས་ཤིག་གི་ཐུན་མོང་གི་འཚོ་གནས་བྱ་ཡུལ་གཅིག་གི་ནང་ནས་ཆགས་པའི་བློ་གྲོས་ཀྱི་དྭངས་མ་ཡིན་པའང་རྟོགས་ཐུབ། ཡ་ཐོག་གི་དུས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དད་གུས་དང་། རུས་བླ་ལ་དད་མོས་བྱེད་པ་ནི་རང་ངོས་ནས་གསར་གཏོད་དང་བརྒྱུད་སྤེལ་བྱེད་པའི་རིགས་མཐུན་གྱི་བྱ་བྱེད་ཅིག་རེད། དེ་འདྲའི་སྲོལ་རྒྱུན་གྱི་ལུགས་སྲོལ་དེ་དག་འགྱུར་ལྡོག་སྣ་ཚོགས་ཀྱི་བརྒྱུད་རིམ་ཟོ་ཆུན་འཁོར་ལོ་བཞིན་བསྒྱུར་ཏེ་དེང་གི་བར་དུ་རྒྱུན་བསྲིངས་ཐུབ་པ་བྱུང་། ད་ལྟ་ང་ཚོས་དམངས་ཁྲོད་ནས་རིམ་འགྲོས་སུ་བརྒྱུད་སྤེལ་བྱས་འོངས་པའི་དམངས་སྲོལ་གྱི་སྣང་ཚུལ་མཐའ་དག་གི་གསར་གཏོད་པ་དང་དར་སྤེལ་བ་སུ་ཡིན་ཞེ་ན། གཞི་གཅིག་གམ་མེས་པོ་བྱེ་བྲག་པ་གཅིག་ལ་མཛུབ་མོ་འཛུགས་སའི་གཞི་མེད་དེ། དེ་ཡོད་ཚད་ནི་མི་རབས་ནས་མི་རབས་ཀྱི་བར་དུ་བརྒྱུད་ཅིང་སྤེལ་བའི་ཐུན་མོང་གི་སེམས་ཁམས་དང་། སྐད་ཆ། ཀུན་སྤྱོད་བཅས་ཀྱི་སྡོམ་བྱང་རེད། དེ་མིན་གཞན་ད་དུང་མི་རིགས་གང་ཞིག་ཡིན་རུང་རྒྱན་གོས་དང་། བཟའ་བཏུང་། སྡོད་གནས། ཁྱིམ་རྒྱུད། ཡུལ་ཚོ། དུས་མཆོད། མི་ཚེ་ཆོ་སྒྲུབ་ཀྱི་དམངས་སྲོལ་དང་ཕུན་སུམ་ཚོགས་པའི་བསམ་བློའི་དམངས་སྲོལ་ཐམས་ཅད་ཀྱང་དམངས་སྲོལ་གྱི་ཐུན་མོང་རང་བཞིན་ལས་མ་འདས་སོ།།
མི་ཚེ་ཆོ་སྒྲུབ་ཀྱི་རྒྱན་གོས།
སྤྱིར་མི་རིགས་ཤིག་གི་རྒྱན་གོས་ལ་དབྱེ་བ་སྣ་ཚོགས་ཡོད་པ་ཇི་བཞིན། འདིར་བོད་ཀྱི་རྒྱན་གོས་རྣམས་སྟབས་བདེ་བའི་སྒོ་ནས། བཀོལ་སྤྱོད་རང་བཞིན་ཆེ་ཞིང་རིན་ཐང་མ་རྩ་དམའ་བའི་རྒྱུན་སྤྱོད་ཀྱི་རྒྱན་གོས་དང་། མཆོར་ཉམས་སྒེག་ཉམས་ཆེ་ཞིང་རིན་ཐང་མ་རྩ་མཐོ་བའི་ཤོམ་རྒྱག་གི་རྒྱན་གོས། ནར་སོན་པའི་རྒྱན་གོས། གཉེན་སྒྲིག་རྒྱན་གོས། བརྒྱད་ཅུ་གོས་དཀར་རམ་བརྒྱ་གོས་ལོ་རྒན་བརྒྱད་ཅུའི་སྟོན་མོ་སྐབས་ཀྱི་རྒྱན་གོས། གཞན་གཤིན་པོ་འདས་མཆོད་སྐབས་ཀྱི་གྱོན་པ་སོགས་ཀྱི་དབྱེ་བ་བཀར་ཏེ་རེ་རེ་བཞིན་བཤད་པ་ལ།
(༡)བྱིས་པའི་རྒྱན་གོས། དེ་ཡང་བོད་རིགས་ཀྱི་ཡུལ་གྲུ་མང་ཆེ་ཤོས་སུ་བྱིས་པ་བཙས་མ་ཐག་དེར་བཙས་སྐར་བཙས་ལུང་ལྟར་གོས་ཀྱི་ཁ་དོག་ཐག་གཅོད་པ་ཡིན་ཡང་། ས་ཆ་ཁ་ཤས་སུ་ཁ་དོག་དཀར་པོ་ཅན་གྱི་རས་ཁ་གང་ཞིག་གིས་རྟེན་འབྲེལ་ལེགས་པོ་དང་བཅས་ཏེ་ལག་གཅུད་ཅེས་པའི་གོན་པ་ཞིག་བཟོས་ཏེ་བསྐོན་གྱི་ཡོད་ལ། དེ་ནི་མཐའ་མར་འདས་པའི་དུས་སུའང་རུས་པ་ཁ་དོག་དཀར་པོ་ཅན་གྱི་རས་གཞི་ཁ་གང་ཞིག་གིས་བཟོས་པའི་གཏེར་ཁུག་ཏུ་བསྡུ་བ་དང་ཡང་གཞི་གཅིག་གི་རྟེན་འབྲེལ་ལ་ཐོ་གཏུགས་ཡོད་སྙམ། གང་ལྟར་བཙས་མ་ཐག་པའི་བྱིས་པར་ལག་གཅུད་ཅེས་པའི་ཚི་ལེན་དཔུང་ལོ་ཞིག་བསྐོན་པ་དེ་ནི་བོད་མིའི་སྲོལ་རྒྱུན་མཚོན་པའི་འཇིག་རྟེན་མི་ཡུལ་དུ་སླེབས་པའི་གོས་ཀྱི་ཐོག་མ་ཡིན་ལ། ཡང་ཡུལ་གྲུ་ཁ་ཤས་སུ་ཕ་མའི་གོས་རྙིང་གང་རུང་གིས་གཅུད་པའི་སྲོལ་ཡང་ཡོད་སྐད། དེ་ནས་རིམ་གྱིས་ལག་ཆགས་པ་དང་བསྟུན་ནས་སྐེ་དང་རལ་བར་གཡུ་ཆུང་དང་བྱུ་རུ། མགྲོན་བུ་སོགས་འདོགས་པ་དང་། དད་མོས་དང་བགེགས་སྒྲོད་དུ་བླ་མ་དང་དགེ་འདུན་གྱི་ཚོགས་པས་བྱིན་གྱིས་བརླབས་པའི་ཕྱག་མདུད་དང་རྟེན་རྫས། གེའུ། གཞན་སྔགས་པ་མཐུ་ནུས་ཅན་གྱི་རལ་བའི་སྐྲ་ལོ་དང་། ཞྭ་ཉེ་བཞུ་སྦྱོང་གི་ལས་སྣོན་བྱས་པའི་མཚོན་ཆ་དང་། ཀྱལ་རྟ་དམར་པོ། ཉི་ཟླ་སྐར་གསུམ་གྱི་དབྱིབས་སོགས་འདོགས་པ་ནི་གོམས་སྲོལ་དུ་ཆགས་འདུག་པས་བྱིས་པའི་རྒྱན་གོས་སུ་རྩིས་ཀྱང་འགལ་བ་མེད་སྙམ་ལ། རྒྱ་ནག་མི་རིགས་ལྟར་སྐྱེས་མ་ཐག་པ་དང་། ཟླ་བ་གཅིག་སོན་པ། ཉིན་བརྒྱ་སོན་པ། ལོ་གཅིག་ལོན་པ་བཅས་དུས་ཀྱི་འགྲོ་རིམ་ལྟར་རེ་རེ་ནས་ཁ་དོག་དང་བཟོ་དབྱིབས་མི་འདྲ་བའི་ཆ་དེ་དག་རང་རེ་བོད་པ་རྣམས་ལ་ཕལ་ཆེར་མེད་པ་འདྲའོ།།
(༢)ནར་སོན་པའི་རྒྱན་གོས། བོད་ཀྱི་ཁ་དཔེར་ཕོ་ལོ་བཅོ་ལྔ་བུད་ན་བློ་ཕར་མི་འདྲི། མོ་ལོ་བཅོ་ལྔ་བུད་ན་ཟས་མར་མི་སློང་ཞེས་དང་། ཕོ་ལོ་བཅོ་ལྔས་ཇག་ཐུབ། མོ་ལོ་བཅོ་ལྔས་གནས་ཐུབ་ཅེས་ཕོ་མོ་གང་ཡིན་རུང་ལོ་བཅོ་ལྔ་བུད་པ་ན་ནར་སོན་པའི་གྲས་སུ་འཇོག་ལ། དུས་དེ་ནས་བཟུང་མིའི་ལུས་གཟུགས་ཀྱི་ཆ་ལག་སོ་སོ་ནས་ཁོ་ལག་ཡོངས་སུ་རྫོགས་པའི་སྨན་དཔྱད་ཀྱི་ཆ་དང་ཡང་མཐུན། དེའི་མཛད་སྒོ་ལ་བུ་མོ་རྣམས་ལ་སྐྲ་ཕབ་པ་ཞེས(དབུས་གཙང་དུ་པང་གདན་དཀྲི་པ)གཡུ་བྱུར་ཁ་གྲངས་མང་དུ་འདོགས་པའི་ཆོ་ག་ཞིག་སྤེལ་སྲོལ་ཡོད་ལ་རྣམ་པ་རྒྱ་ཆེ་མིན་ནི་ཁྱིམ་གྱི་འཁོས་ཀ་ལ་རག་ལས་སོ། ། དེ་མིན་ས་ཆ་ཁ་ཤས་སུ་བུ་མོ་རྣམས་ཀྱི་རྣ་ཅོག་ཕུག་པ་དང་སྐ་རགས་ཀྱི་སྟེང་ནས་ནར་སོན་པའི་དན་རྟགས་ཕྱེ་སྲོལ་ཡང་ཡོད་དོ།།
ཕོ་རྣམས་ལ་དེ་འདྲའི་མཛད་སྒོ་རྒྱ་ཆེན་པོ་ཞིག་བྱ་སྲོལ་མེད་ཀྱང་ཉི་བཟང་སྐར་བཟང་ཞིག་འདེམས་པའམ་ཕལ་ཆེ་ཤོས་ཀྱིས་ལོ་སར་ཚེས་གཅིག་གི་ནངས་མོ་གློ་གྲི་འདོགས་པ་དང་། མི་དར་མའི་ལུས་གཟུགས་ཀྱི་ཚད་གཞི་ལྟར་འཚེམ་བཟོ་བརྒྱབ་ཡོད་པའི་ཕྲུག་ཚར་གྱོན་པ་སོགས་ནི་ནར་སོན་པའི་དན་རྟགས་སུ་འཇོག་སྲོལ་ཡོད། དུས་དེ་ནས་བཟུང་བུ་བུ་མོའི་སྒེར་གྱི་འཇིག་རྟེན་མཐུན་འཇུག་གི་འཚོ་བ་སོགས་ལ་ཕ་མས་ཐེ་གཏོགས་མི་བྱེད་པར་སྣང་བ་མཐུན་པར་གྲོགས་དང་། སྲུང་མ་མཐུན་པར་གཉེན་གྱི་རྟགས་ཀྱང་བཀོད་ཆོག་པའི་བརྡ་རྟགས་སྒྲོན་པ་རེད།།
(༣)གཉེན་སྒྲིག་གི་རྒྱན་གོས། གཉེན་སྒྲིག་གི་དུས་སྐབས་ནི་མི་ཞིག་གི་མི་ཚེ་ཧྲིལ་བོའི་གོ་རིམ་ནང་གཟབ་མཆོར་རྒྱན་སྤྲས་ཀྱི་རྣམ་པ་ཆེས་མང་ཞིང་ཕུན་སུམ་ཚོགས་པའི་དུས་ཡིན་ཏེ། གཡུ་བྱུ་རུ་དང་མུ་ཏིག་མུ་མེན། གསེར་སེར་པོ་དང་དངུལ་དཀར་པོའི་རྒྱན་ཆ། དྲོ་གོས་ཨ་འཇམ་ཚ་རུ། མཆོར་གོས་ཕྲུག་དང་ཐེར་མ། གོས་ཆེན་རྨ་བྱའི་མདོངས་ཅན། རྒྱ་ཕྲུག་འདབས་མ་གཟིག་ཅན། བལ་ཕྲུག་འདབས་མ་སྟག་ཅན། གཙང་ཕྲུག་འདབས་མ་སྲམ་ཅན། ཝ་ཞྭ་དམར་པོ། རྒྱ་ཞྭ་ལི་མོ། ཚེ་སྲུང་གའུ། གཡང་དར་གོས་བཏགས། ཞེས་ཀུན་གྱི་ངག་ན་
ཡིག་དྲུག་བཞིན་ཟློ་ལ། མདོར་ན། རྒྱུ་དང་སྤུས་ཀ་ལེགས་ཤིང་། མདོག་དང་བཀྲག་མདངས་འཚེར་བ། དབྱིབས་དང་རྣམ་པ་མཛེས་ལ་མཚོན་དོན་སོགས་ཕུན་སུམ་ཚོགས་པའི་རྒྱན་གོས་ཀྱི་ཆ་མང་པོ་ཡོད་པ་སྟེ། 《མི་དབང་རྟོགས་བརྗོད》དུའང་བུ་མོ་དམ་པ་དཔལ་བཟང་སྐྱིད་པ་ཕོ་ལྷ་བའི་ཆུང་མར་བསུ་སྐབས་ཀྱི་རྒྱན་གོས་ནི། དེ་ནས་བཙུན་མོ་དམ་པ་དཔལ་བཟང་སྐྱིད་པ་བག་མའི་དགའ་སྟོན་ལ་ཕྱོགས་པ་ན། བཞིན་ལག་གི་དྲི་མའི་ཆ་ཤས་སུ་གྱུར་པ་ནི་བསིལ་ཆུས་བྱི་དོར་བྱས། གནག་སྣུམ་རེག་ན་འཇམ་པའི་སྨད་གོས་མིག་སྨན་གྱི་མདངས་ཆགས་པ་ནི་མནབས། གོས་བཟང་བོ་ཨིནྡྲ་སྙིལ་གྱི་ཆུ་བོ་རླབས་གཉེར་གཡོ་བ་ལ་རྨ་བྱའི་མདོངས་སྒྲོས་ཕྲ་བཏབ་པ་ལྟ་བུ་ནི་ལེགས་པར་བགོས། ཡུལ་པེ་ཅིན་གྱི་བུ་མོའི་ལག་སོར་གྱི་རོལ་བ་ལས་སྐྱེས་པའི་བཟང་གོས་སྟོད་གཡོགས་འཇའ་ཚོན་གྱི་དུམ་བུས་རྒྱན་དུ་བྱས་པ་ལྟ་བུ་ནི་བཀླུབས། མཆིལ་ལྷམ་ཡུ་ཅན་རྒྱན་སྤྲོས་དང་ལྡན་པ་ནི་བགོས། སྐེད་སྐབས་ཕྲ་ཞིང་ལྡེམ་པ་ལ་རིན་པོ་ཆེའི་ཕྲ་བཏབ་པའི་སྐ་རགས་ནོར་བུའི་འཕྱང་འཕྲུལ་ཅན་བསིལ་ཁྲོལ་གྱི་སྒྲ་སྒྲོག་པ་ནི་བཅིངས། མཉེན་སྨྱུག་གཞོན་ཤ་ཆགས་པའི་མཁྲིག་མ་ལ་ནི་རིན་པོ་ཆེ་ཕྲ་ཚོམ་ཅན་གྱི་གདུ་བུས་མཛེས་པར་བྱས། བུམ་པའི་མགྲིན་པ་ལྟར་འཁྱིལ་བའི་མགུལ་པ་ནི་ཀུར་ཀུམ་གྱི་ཚོས་ཀྱིས་བྲན་པ་ལྟ་བུའི་སྤུར་ལེན་གྱི་མགུལ་རྒྱན་དང་། གཞན་ཡང་བྱུ་རུ་དང་། མུ་མེན་དང་། སྤུར་ལེན་གྱི་སེ་མོ་དོ་དང་། དོ་ཤལ་ནི་གོ་སྐབས་ཕྱེད་པར་བྱས་ཏེ་དཔྱངས། ནོར་བུའི་བྱེ་བྲག་སྣ་ཚོགས་སྤེལ་བའི་སེ་རལ་ཁ་ནི་བཅིངས། ཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་རྣ་རྒྱན་རིན་པོ་ཆེ་སྤྲུག་གིས་ཕྲ་བཏབ་པ་ཨུཏྤལ་སྔོན་པོ་འདབ་མ་རྒྱས་པ་ལྟ་བུ་མུ་ཏི་ཀའི་ཆུན་འཕྱང་ཅན་ནི་སྤུད། གནག་སྣུམ་ལི་བའི་དབུ་སྐྲའི་ཟར་བུ་གཙུག་ཏུ་ཕྱེད་བཅིངས་སུ་བྱས་ཤིང་ལྷག་མ་རྒྱབ་ཏུ་གྲོལ་བ། གསེར་གཡུ་མུ་ཏིག་བྱུ་རུ་ལ་སོགས་པའི་སྐྲ་བཅིངས་ནོར་བུའི་རྩེ་ཕྲན་ནི་བཅིངས། མུ་ཏིག་གི་དྲ་བ་འཁོར་མོར་བཀོད་པ་ལ་དབུས་སུ་ཕྲ་ཚོམ་ཅན་གྱི་གཙུག་རྒྱན་བཞིན་རས་ཕྱེད་བསྒྲིབས་སུ་བྱེད་པའི་རྣམ་པ་ཅན་གྱི་རྒྱན་དུ་བྱས། གཙུག་གི་གཡུ་ཉི་མའི་འོད་འབར་འགྲམ་ངོགས་ནས་ཕྱང་ཕྲལ་དུ་བྱས་པའི་རིན་པོ་ཆེའི་ཟ་ར་ཆགས་ཀྱི་དབུ་རྒྱན་གྱིས་སྤྲས། རྡུལ་གཟན་བནྡྷུ་ཛི་བ་ཀའི་མེ་ཏོག་གི་དཔལ་ལ་མངོན་པར་འཁུ་བ་ནི་མནབས་ཏེ། སྤྲིན་སྔོན་དུ་གྲགས་པའི་བཞོན་པ་བཟང་བོ་དེ་ཉིད་གསེར་སྒ་མེ་ལོང་ཅན་གྱིས་སྤུད་དེ་བཅིབས་ནས་འཁོར་ཕོ་མོ་དུ་མ་དང་བཅས་ཏེ་འབྲུམ་ཕོ་ལྷའི་གཞལ་མེད་ཁང་ཆེན་པོར་ལྷགས་སོ་ཞེས་བཀོད་པ་ལས་བོད་ཀྱི་གཉེན་སྒྲིག་སྐབས་ཀྱི་རྒྱན་གོས་དང་ཆ་བྱད་གསལ་བོ་དག་པོ་ཞིག་རྟོགས་ཐུབ་བོ།།
གཞན་གཉེན་སྒྲིག་གི་སྐབས་སུ་མི་རིགས་མང་པོ་ཞིག་གི་གོས་ཀྱི་ཁ་དོག་ནི་དམར་པོ་ཡིན་པའི་རྒྱུ་མཚན་ནི། གདོད་མའི་མི་རྣམས་ཀྱིས་ཁ་དོག་དམར་པོ་ལ་ཚེ་སྲོག་གི་འདུ་ཤེས་འཇོག་པ་དང་། གཉེན་སྒྲིག་གིས་ཚེ་སྲོག་གསར་བ་བསྐྲུན་ཅིང་བསྐྱེད་པས་སོ།།བོད་མི་རིགས་ལ་མཚོན་ན་སྔོན་བློས་གཅོད་དཀའ་ཡང་ད་ལྟ་གོས་ཀྱི་ཁ་དོག་གི་ཆ་ནས་འཛེམ་འཛི་དང་གཏན་འཁེལ་བརྗོད་རྒྱུ་མེད། གང་ལྟར་མེད་དུ་མི་རུང་བ་ནི་གཡུ་བྱུ་རུས་ཕྲེང་བ་བསྟར་དུ་བརྒྱུས་པའི་འདོགས་ཆ་སྣ་ཚོགས་དང་། རིན་པོ་ཆེའི་རྣ་ལུང་དང་མཛུབ་དཀྲིས། རྒྱུ་བལ་ལས་གྲུབ་པའི་པང་གདན། རྟེན་འབྲེལ་གྱི་བཀྲ་ཤིས་ཁ་བཏགས་བཅས་སོ།།
(༤)བརྒྱ་གོས། བོད་མི་རྣམས་ཀྱིས་ཕན་ཚུན་ལ་ཚེ་རིང་ལོ་བརྒྱ་དང་། བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དང་སྨོན་ཚིག་འབུལ་རྒྱུ་ནི་གོམས་སྲོལ་དུ་ཆགས་ཡོད་ལ། ཚེ་རིང་བོ་ཅན་གྱི་ལོ་ལོན་རྒན་རྒོན་ལ་རྟེན་འབྲེལ་དང་རྟེན་འབྲེལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པ་ཞིག་སྤེལ་གྱི་ཡོད་དེ། དུས་དེར་རྒྱན་གོས་ཀྱི་ཆ་ནས་སྟག་གཟིག་སྲམ་གསུམ་མཐའ་རྒྱན་མེད་པའི་གོས་ཚར་དང་ཕྲུག་ལྭ་སོགས་གསར་བ་ཞིག་ཆེད་དུ་བཟོས་ཏེ་བསྐོན། ཆེས་དམིགས་བསལ་ཅན་ཞིག་ནི་བརྒྱད་ཅུ་གོས་དཀར་ཞེས་གོས་དཀར་པོ་ཞིག་ངེས་པར་གྱོན་ཞིང་། ཆ་རྐྱེན་ངེས་ཅན་ལྡན་པ་དང་འབྱོར་ལྡན་སྐུ་དྲག་དག་གིས་རིན་ཆེན་མཆོང་དང་གཟི་ཡི་ཚེ་སྲུང་རྒྱན་ཆ་འདོགས་པའང་ཡོད་སྐད། དབུས་གཙང་ས་ཁུལ་དུ་གོས་ཀྱི་རྒྱབ་ངོས་སུ་གཟི་བརྗིད་ཆེ་བ་མཚོན་པའི་ཉི་མའི་རིས་དང་། ཚེ་དཔལ་རྒྱས་པ་མཚོན་པའི་ཟླ་བའི་རིས། བརྟན་བརླིང་འགྱུར་མེད་མཚོན་པའི་གཡུང་དྲུང་རིས་དང་ལོ་གྲངས་སོགས་འཚེམ་སྲོལ་ཡོད། དེ་དང་དེ་ག་ལ་རྟེན་འབྲེལ་གྱི་དབང་གིས་བརྒྱ་གོས་ཞེས་ཀུན་གྱིས་བརྗོད་དོ།།
(༥)གཤིན་མཆོད་གྱོན་གོས། དེང་སྐབས་བོད་མི་རྣམས་ལ་གཤིན་པོ་འདས་མཆོད་སྐབས་ཀྱི་གྱོན་གོས་ཞེས་ཆེད་དུ་ཡན་གར་བ་ཞིག་སྤྱོད་སྲོལ་མེད་མོད། འདིར་གོང་དུ་བརྗོད་ཟིན་པའི་དོན་ཆུང་དག་གི་ཟླ་རུ་མིང་བརྡ་ཙམ་བཀོད་པ་ལས་སྐབས་དེར་རྒྱན་ཆ་མི་འདོགས། དེ་ཡང་མི་རིགས་རེ་རེ་རང་ཉིད་ལ་ཀྱག་ཀྱོག་གི་ལོ་རྒྱུས་མི་འདྲ་བ་དང་། དད་མོས་ཀྱི་གཞི་མི་འདྲ་བ། འཚོ་བའི་ཁོར་ཡུག་མི་འདྲ་བ། འཚོ་གཞེས་ཀྱི་རིན་ཐང་ལྟ་ཚུལ་མི་འདྲ་བ། རྒྱུན་སྤྱོད་ཀྱི་རྒྱན་གོས་མི་འདྲ་བ་སོགས་མི་འདྲ་བ་མང་པོས་བསྐྱེད་པའི་གོམས་སྲོལ་མི་འདྲ་བའི་དབང་གིས་རྒྱ་གར་བས་གཤིན་མཆོད་ཀྱི་སྐབས་སུ་གོས་ནག་གྱོན་པ་དང་། རྒྱ་ནག་པས་གོས་དཀར་གྱོན་ཞིང་། ད་དུང་འདས་པོའི་བུ་དང་བུ་མོས་གསོ་སྒྱེ་གྱོན་པའི་གོམས་སྲོལ་ཡང་ཡོད་ལ། ཆེད་གོས་དེ་དག་རིགས་ཀྱི་དབྱེ་བ་དང་གྱོན་པའི་དུས་ཡུན་གྱི་ཐད་ནས་འདྲ་མིན་སྣ་ཚོགས་སུ་སྣང་ངོ་།།
བོད་མི་རྣམས་ཀྱིས་གཤིན་མཆོད་ཀྱི་སྐབས་དང་ཡང་ན་མྱ་ངན་བྱེད་པའི་ལོ་གཅིག་གི་དུས་ཡུན་དུ་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་མི་འདོགས་ལ། རྒྱུན་འདོགས་ཀྱི་རྒྱན་ཆའི་སྐོར་ཡང་བླངས་ཏེ་འདོགས་པར་མི་བྱེད། གོས་ཆེན་དང་ཚ་རུ་ཕྲུག་ལྭ་སོགས་ནི་རྩ་བ་ནས་མི་གྱོན་པར་མྱ་ངན་གྱི་རྟགས་སུ་བདུན་ཚིགས་བདུན་གྱི་བར་ཏེ། ཉིན་ཞེ་དགུ་ལ་བུད་མེད་རྣམས་ཀྱིས་མགོ་སྐྲ་མི་སླེ་ཞིང་། སྐྱེས་པ་རྣམས་ཀྱིས་སྐྲ་དང་ཁ་སྤུ་མི་བཞར། ལོ་གཅིག་གི་དུས་ཡུན་དུ་ཡུལ་གྲུ་ཁ་ཤས་སུ་སྐྱེས་པ་རྣམས་ཀྱིས་ཞྭ་ཁ་ཕྱིར་སློག་སྟེ་གོན་པ་དང་། སྐ་རགས་སྔུན་ནས་མདུད་པ། བུད་མེད་རྣམས་ཀྱིས་སྐྲ་སྣེར་བལ་ཐིག་དཀར་པོ་རེ་འདོགས་སྲོལ་ཡོད་པ་སོགས་ནི་བོད་རིགས་ཀྱི་གཤིན་པོ་འདས་མཆོད་སྐབས་ཀྱི་གོས་སམ་ཆ་བྱད་ཡིན། གཞན་སྔོན་ཆད་གཤིན་པོའི་ཞྭ་གོས་རྟ་སྒ་དང་བཅས་པ་སྔས་མགོའི་བླ་མར་འབུལ་བའི་སྲོལ་ཡང་ཡོད། མདོར་ན་གཤིན་མཆོད་དང་མྱ་ངན་གྱི་སྐབས་སུ་ལུས་ཀྱིས་བྲོ་མི་འཁྲབ་པ་དང་། ངག་ནས་གླུ་མི་ལེན་པར་མ་ཟད། རྒྱན་དང་གོས་ཀྱི་ཆ་ནས་ཀྱང་མྱ་ངན་བྱེད་པའི་སྲོལ་ནི་གནའ་ནས་ད་བར་དུ་ཡོད་དོ།།