འགྲིམ་འགྲུལ་བདེ་འཇགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་བདེ་འཇགས་ཤར་གཏོང་ཡོང་བར་སྐུལ་འདེད་བཏང་།

གསར་འགོད་པ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-20


བདེ་འཇགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་བུ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། མཛོད་དགེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་G213སོགས་གཞུང་ལམ་གལ་ཆེན་དུ་ཐེག་ཚད་ཚད་བརྒལ་གྱི་གནད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས་བདེ་འཇགས་ཤར་གཏོང་དང་། ཞི་མཐུན་བརྟན་ལྷིང་། གོ་རིམ་ལྡན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོར་ཡུག་ཞིག་ཡོང་བར་ནུས་ཤུགས་ཡོད་རྒུ་བཏང་།

ད་ཐེངས་དངོས་ཟོག་སྐྱེལ་འདྲེན་དང་། ཉེན་ཁ་ཆེ་བའི་སྐྱེལ་འདྲེན། འགྲུལ་བ་སྐྱེལ་འདྲེན་སོགས་ཀྱི་རླངས་འཁོར་ཤོངས་ཚད་བརྒལ་ཡོད་མེད་དང་། ཁྲིམས་འགལ་གྱིས་བཅོས་སྒྲིག་བྱས་ཡོད་མེད། རླངས་འཁོར་གྱི་བདེ་འཇགས་སྒྲིག་ཆས་ཡོད་མེད། ཚད་ལྡན་གྱི་འགྲོ་ལམ་སྐྱེལ་འདྲེན་ལག་ཁྱེར་དང་ལས་ཞུགས་མི་སྣའི་ཐོབ་ཐང་ལག་ཁྱེར་ཡོད་མིན་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་ཞིབ་བཤེར་བྱས།  དུས་མཚུངས་སུ་ཉེ་དུས་ཀྱི་གནམ་གཤིས་དང་ས་གཤིས་གནོད་འཚེའི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དང་ཟུང་འབྲེལ་བྱས་ཏེ་འགྲོ་འོང་ཟོག་འདྲེན་དང་འགྲུལ་སྐྱེལ་ཁ་ལོ་བ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁ་ལོ་བ་རྣམས་ལ་རླངས་འཁོར་གཏོང་བའི་བརྒྱུད་རིམ་ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ཀྱིས་བརྩི་སྲུང་ཞུ་བ་དང་གཟབ་ནན་ངང་རླངས་འཁོར་བསྐོར་ནས་བདེ་འཇགས་དང་ཤེས་དཔལ་ལྡན་པའི་སྒོ་ནས་འགྲོ་འོང་བྱེད་དགོས་པའི་དྲན་སྐུལ་གནང་།

ཐེངས་རྗེས་མར། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་འགྲོ་ལམ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་ངང་འཁོར་སྐྱོད་བྱེད་པའི་དོགས་གཞི་ཅན་གྱི་རླངས་འཁོར་ལ་བརྟག་དཔྱད་བྱེད་པའི་ལས་དོན་མུ་མཐུད་སྤེལ་ཏེ་ཐོག་མཐའ་བར་གསུམ་དུ་ཞིབ་བཤེར་ནན་པོ་དང་། དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འགལ་གཉེར་སྐྱོང་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་དང་གོ་རིམ་ལྡན་པའི་འགྲོ་ལམ་སྐྱེལ་འདྲེན་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1