ཉེ་ཆར། རྒྱལ་ཁབ་མི་རིགས་སྐད་ཡིག་དཔེ་སྐྲུན་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་དང་མི་རིགས་ཡི་གེའི་དཔེ་སྐྲུན་མ་དངུལ་རོགས་སྐྱོར་རྣམ་གྲངས་ཏེ། འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཕྲེང་བཞི་པ(ཁྱོན་དེབ་25ཡོད)དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། རྣམ་གྲངས་དེ་ནི་ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་འབྲུག་ཆུ་རྫོང་གིས་ཚོགས་པ་སྒྲིག་འཛུགས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་བྱས་ཤིང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་ཇུས་འགོད་དཔེ་སྐྲུན་བྱས་པའི་བོད་ཡིག་གི་གནའ་རབས་དཔེ་རྙིང་དཔེ་སྐྲུན་ལས་གཞི་ཞིག་རེད། མིག་སྔར། དཔེ་ཚོགས་འདིར་ཁྱོན་དེབ་ཕྲེང་བཞི་སྟེ་དེབ་བརྒྱ་ཐམ་པ་པར་སྐྲུན་བྱས་ཡོད།
དེབ་ཕྲེང་བཞི་པའི་ནང་། ཁྱོན་བསྡོམས་བམ་པོ་386བསྡུས་ཡོད་ཅིང་། གཙོ་བོ་སྲིད་པ་བོན་ཆོས་ཀྱི་དཔེ་རྙིང་ཡིན། དེའི་ནང་མཚོ་བོད་ས་མཐོའི་སྔ་དུས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་དང་། ཤེས་རིག སྤྱི་ཚོགས་འཚོ་བ། གནམ་རིག་ས་ཁམས། སྨན་བཅོས་ཚན་རྩལ་བཅས་འཁོད་ཡོད་པ་མ་ཟད། བོད་ཀྱི་མེས་པོ་གོང་མ་དག་གི་གནའ་བོའི་ཤེས་རིག་ཉར་ཚགས་བྱས་ཡོད་པས་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ཡོད། དེབ་ཧྲིལ་པོ་ཚོན་ཁྲ་ཅན་གྱི་པར་འདེབས་ཀྱི་རྣམ་པའི་ཐོག་ནས་འབྲུག་ཆུའི་བོན་ཆོས་ཀྱི་དཔེ་རྙིང་གི་ཡུན་རིང་བའི་ལོ་རྒྱུས་དང་གནའ་བོའི་མཛེས་ཉམས་ལྡན་པའི་གདོད་མའི་རྣམ་པ་དངོས་སུ་བསྐྱར་དུ་མངོན་ཡོད། དཔེ་རྙིང་དེ་དག་ཚང་མ་ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཉར་ཚགས་བྱས་ནས་ཁྱིམ་རྒྱུད་རྒྱུན་འཛིན་གྱི་ཁྱད་ཆོས་ལྡན་གཤིས། ཉར་ཚགས་ཁྱིམ་ཚང་ཚན་པར་བྱས་ནས་ལེགས་སྒྲིག་དང་ཕྱོགས་བསྒྲིགས་བྱས་ཁར། དཔེ་རྙིང་དེའི་ནང་གནའ་བོའི་བོད་ཡིག་གི་སྐུང་ཡིག་དང་བཀས་གསར་བཅད་མ་བྱས་གོང་གི་ཐ་སྙད་མང་པོ་ཡོད་ཅིང་། ཕྱོགས་བསྒྲིགས་སྐབས་ཚང་མ་ཇི་མ་ཇི་བཞིན་སོར་འཇོག་གིས་ཚད་གཞི་མཐོ་ཤོས་སྒོ་ནས་ཚད་ལྡན་ཡིག་ཆའི་རྣམ་པ་སླར་གསོ་དང་དཔེ་རྙིང་ཆ་ཚང་གི་གདོད་མའི་རང་བཞིན་དང་ཆ་ལག་ཚང་བའི་རང་བཞིན་སྲུང་འཛིན་བྱས་ཡོད།
དཔེ་ཚོགས་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་བློ་གསལ་གྱིས། ཚོགས་པ་འདིས་ལོ་ངོ་བཅུ་ལྷག་ཙམ་རིང་བརྟག་དཔྱད་དང་འཚོལ་སྡུད་ལེགས་སྒྲིག་བྱས་པ་བརྒྱུད། སྔ་རྗེས་སུ་འབྲུག་ཆུ་རྫོང་གི་ཧན་པན་དང་ཕིང་ཏིན། ཧྥེང་ཏེ། ཆུ་འགོ་ན། སྤོ་ཡུལ། གོང་སྨད། སྦྲ་ལུང་སོགས་ཤང་དང་གྲོང་རྡལ་བཅུའི་བོད་རིགས་གྲོང་ཚོ་18ཀྱི་ཁྱིམ་ཚང་33ནས་དམངས་ཁྲོད་དུ་ཐོར་ཁྱབ་བྱུང་བའི་བོན་གྱི་དཔེ་རྙིང་མ་ཡིག་བམ་པོ་230ལྷག་ཙམ་དང་། དེབ་ཚན་2900ལྷག ལྡེབ་མ་46500ལྷག་ཙམ་བཅས་རྙེད་ཡོད།
འཛམ་གླིང་ཐོག་མཐོང་བར་དཀོན་པའི་དམངས་ཁྲོད་ཀྱི་གནའ་རབ་བོན་གྱི་དཔེ་རྙིང་དེ་དག་ནི་བོད་ཀྱི་གནའ་བོའི་ཤེས་རིག་གི་བདེན་དཔང་ཞིག་ཡིན་ལ། བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་བང་མཛོད་ཅིག་ཀྱང་ཡིན། གནའ་རབས་བོན་གྱི་དཔེ་རྙིང་དེ་དག་འཚོལ་སྐྱོབ་དང་ལེགས་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་བྱ་རྒྱུ་ནི་མི་རིགས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཇེ་ཚོགས་དང་དར་སྤེལ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་ཧྭའི་གནའ་བོའི་དཔེ་དེབ་རིག་གནས་ལེགས་སྒྲིག་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཤིག་ཀྱང་ཡིན། །